ལྷམ་ལ་ཆགས་པའི་རྣམ་ཤེས།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

རི་བོང་འཛིན་པའི་ཟླ་བའི་ལྷ་མོ་དང་། སྐར་མའི་ཚོགས་ཀྱང་ཡ་ང་བའི་འཇིག་རྟེན་གྱི་འགྲོ་བ་མིའི་ལས་དབང་དེར་འཁང་ར་དང་འཁོན་སེམས་གཏིང་ནས་བཅངས་ཤིང་། སྟོན་སྤྲིན་མཐུག་པོ་ཞིག་གི་ཕག་ཏུ་ཡིབས་ཏེ་ཁོར་ར་ཁོར་ཡུག་ཡོད་ཚད་མུན་པའི་མལ་གོས་མཐུག་པོ་ཞིག་གཡོགས། ཅི་ཡང་མཐོང་རྒྱུ་མེད་པའི་སྨག་ནག་པའི་མཚན་གཞུང་དེར་མི་ཚོས་བཤད་ན། ནམ་དུས་འདི་ནི་གདོན་འདྲེ་དང་འབྱུང་པོ་རྣམས་རྒྱུ་བའི་དུས་ཚོད་ཅིག་རེད་ཟེར། འོན་ཀྱང་སིར་སིར་གྱི་སྐད་སྒྲ་སྒྲོག་པའི་སྟོན་མཇུག་གི་ཙག་རླུང་དེ་དང་། ཤིང་སྡོང་གི་ཡལ་འདབ་གཡོ་བའི་སྒྲ་གཉིས་རྣ་བར་དལ་གྱིས་གྲགས་འོང་བ་ནི་སྨག་ནག་མཚན་མོ་དེའི་སྡོང་གྲོགས་ཡིན་ཟེར་ཀྱང་ཆོག

 དུ་དྲེག་གིས་ཚོས་པའི་ཐབ་ཚང་རྙིང་པའི་ནང་གི་ཐབ་སྟེང་དུ་ཆུ་འཁོལ་བའི་སྒྲ་ལས་འཁྲིས་སུ་མེ་སྲོ་བཞིན་པའི་ལས་མི་རྣམས་ནི་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་བསྡད། མཚམས་མཚམས་སུ་དམར་འཁྱུག་འཁྱུག་གི་མེ་ཚག་སྒྲ་དང་བཅས་ཐབ་ཀྱི་གཡས་གཡོན་གང་སར་འཐོར་འགྲོ། གནམ་གཤིས་གྲང་ངར་ཆེ་བའི་ཤིང་ཁང་གི་ཐབ་ཚང་རྙིང་རོ་དེའི་དྲབ་ཀྱི་པང་ལེབ་གསེང་ནས་རླུང་བུ་ཤུར་ཤུར་དུ་ལྡང་འᨖང་བ་དང་བསྟུན། གློ་བུར་དུ་ཟླ་བ་ཚེ་རིང་ཡར་ལངས་ཏེ། “ཀྱེ་ཁྱོད་ཞ་ར་ཡིན་པས་ཁང་པའི་སྒོ་ཕ་གིར་མི་འདུག་གམ།” ཞེས་མིག་ཟུང་དྲབ་ངོས་སུ་ཅེར་བཞིན་ལག་བརྡ་སྒོ་ཁའི་ཕྱོགས་སུ་བསྟན་ཏེ། ཁོང་ཁྲོ་དང་ཞེ་སྡང་དུས་གཅིག་ཏུ་རྫོགས་པའི་རྣམ་པས་ཐབ་འཁྲིས་ཀྱི་མེ་མགལ་བླངས་ཏེ་དྲབ་ཀྱི་ངོས་སུ་ཤུགས་ཀྱིས་བཞུས་ཤིང་། ཞོ་ལྟར་ཆགས་པའི་ཐབ་ཚང་དེ་ཡུད་ཙམ་ཞིག་ལ་སྐྱ་གའི་ཚང་བརྡོལ་བ་ལྟར་ཟང་ཟིང་དུ་གྱུར། ཐབ་འཁྲིས་ཀྱི་མི་རྣམས་དངངས་སྐྲག་གིས་ཕྱོགས་གཅིག་ཏུ་འཛོམས་ནས་མིག་ཟུང་ཁོ་ལ་ཅེར་གྱིན་བསྡད། ད་དུང་ཁོས་དྲབ་ངོས་སུ་མིག་ཅེར་ནས་དམོད་མོ་སྣ་ཚོགས་བྱེད་བཞིན་ལག་ཏུ་ཐབ་འཁྲིས་ཀྱི་ཡོ་བྱད་རག་ཚད་དྲབ་ལ་བཞུས། ཡ་མཚན་པ་ཞིག་ལ་མི་སུ་ཡང་མཐོང་རྒྱུ་མེད་ཀྱང་ཁོས་སུ་ཞིག་མཐོང་བ་ལྟར་ལབ་གླེང་བྱེད། སྐབས་དེར་ལས་མི་ཚོས་ཁོའི་ལག་པ་ནས་བཟུང་སྟེ་སར་བསྙལ། འོན་ཀྱང་དུས་རྒྱུན་ཁོ་ལ་མི་གཅིག་དང་གཉིས་ཀྱིས་འཛིན་ཐུབ་ནའང་། ད་ལྟ་ཁོ་ལ་མི་བཞི་ལྔས་བཟུང་ཡང་གླགས་མི་ཁེལ་བ་མ་ཟད། ལུས་ཤུགས་ཆེ་བས་སྔར་བཞིན་ཐབ་ཀྱི་གོ་ཁའི་གཡས་གཡོན་དུ་ཅ་དངོས་ཡོད་ཚད་ལ་ལག་པས་སྙོབ་ཐབས་བྱེད་ཅིང་སེམས་ནང་སྡུག་བསྔལ་ཚད་མེད་མྱོང་གིན་ཡོད་པ་ལྟ་བུ་མིག་གཉིས་འབུར་ཚུགས་སུ་ཅེར་གྱིན་དུས་རྒྱུན་དང་མི་འདྲ་བའི་ཁོའི་སྐྱོ་བའི་ངོ་གདོང་དང་ཐང་ཆད་པའི་རྣམ་འགྱུར་ལ་བལྟས་ན་ཏན་ཏན་དེ་རིང་ཁོར་སྐྲག་དགོས་ས་ཞིག་ལོས་ཡོད།

“ཁོའི་ཁོག་ལ་གདོན་འཛུལ་པ་འདྲ། ལག་པའི་སྲིན་མཛུབ་དེར་སྐུད་པ་ཞིག་སྡོམས་དང་གཤིན་འདྲེ་དེ་སུ་ཡིན་མིན་ཁ་གྲགས་འོང་གི་རེད།” ཅེས་ཐབ་ཀྱི་གོ་ཁའི་སྦུག་གི་ཤིང་བཟོ་རྒས་པོ་དེས་རྒྱུས་ཡོད་ལྟར་བཤད།

“ང་ཁ་སྐོམ་གྱི་འདུག་ཆང་ཞིག་སྟེར་རོགས་གནང་། ང་ཡུལ་ཚོ་སྟོད་སྨད་བར་གསུམ་དུ་བརྒྱུགས་ཀྱང་སུ་ཞིག་གིས་ཀྱང་ང་ལ་ཆང་སྟེར་གྱི་མི་འདུག ང་ངོ་མ་སྐོམ་གྱི་འདུག སྐུ་མཁྱེན་ང་ལ་ཆང་ཞིག་སྟེར་རོགས་ང་འགྲོ་གི་ཡིན།” ཞེས་སྐྱོ་ཉམས་ཀྱིས་ངག་ནས་དེེ་ལྟར་བཤད་བྱུང་།

ཀ༽

ཞིང་ལ་རིང་མོའི་གྲོང་ཚོ་ནི་གངས་རི་སྤུངས་རྒྱན་གྱི་རི་རྒྱུད་ཅིག་ཏུ་སྦྲེལ་ཏེ་གནས་ཡོད་ལ། རི་གཤམ་དེ་ནས་ཞིང་ལ་རིང་མོའི་གྲོང་ཚོའི་བར་གོམ་པས་ཕྱིན་ན་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་སར་ཆགས་ཡོད། གྲོང་ཚོའི་མདུན་གྱི་རི་འདབས་ནི་ལོ་ངོ་མང་པོའི་རིང་གཅོད་འབྲེག་མི་ཆོག་པའི་བཀས་བཅད་པ་ནས་བཟུང་ད་ལྟའི་བར་དུས་ཚོད་རིང་མོ་ཞིག་ཕྱིན་སྟབས། མཛེས་ཤིང་ལྟ་ན་སྡུག་པའི་སྔོ་ལྗང་ཚང་ཚིང་གི་ནགས་རྫོང་ཞིག་ཏུ་གྱུར། ཤག་ཤག་གི་བཞུར་སྒྲ་སྙན་པའི་གྲོང་ཚོའི་མར་གཤམ་གྱི་གཙང་པོ་དེ་མགྱོགས་མ་དལ་གྱིས་སྨད་ཕྱོགས་སུ་རྒྱུ། ཡུལ་དེའི་ཁ་གཏད་དུ་ལངས་པའི་རི་དེ་ནི་བརྗིད་ཉམས་ཀྱིས་འགྱིངས་པའི་སྔོ་ལྗང་སྤང་རི་འདྲེས་མ་ཞིག་ཡིན། དེ་ནི་དགུན་དུས་སུ་ནོར་གནག་གི་རྩྭ་ས་སྟེ། དབྱར་དུས་སུ་ཟོག་རྣམས་གནས་དེར་གཏོང་གི་མེད་པས་རི་གཤམ་དུ་ར་བ་ཆེན་པོ་ཞིག་བསྐོར་ཡོད། ཞིང་ལ་རིང་མོའི་གྲོང་ཚོར་ཞིང་རྒྱ་ཆུང་ལ་གྲོང་མི་ཡང་དེ་ཙམ་མང་པོ་མེད་ནའང་། ཡུལ་དེར་ལོ་གཅིག་ལ་མཚམས་རེར་སྟོན་ཐོག་ཚར་གཉིས་བསྡུ་རྒྱུ་ཡོད་ཅིང་། ལྷག་ཏུ་སྟོན་དུས་ཡུལ་སྐོར་སྤྲོ་འཁྱམས་པ་རེ་ཟུང་ཡོང་གི་ཡོད་པས་གྲོང་མི་གྲུང་བ་རེ་གཉིས་ཀྱིས་ཟ་ཁང་དང་མགྲོན་ཁང་ཡང་ལས་གཉེར་གནང་བར་བརྟེན་ཡོང་སྒོ་ཅུང་ཟད་བཟོ་ཐུབ།

དུད་ཁྱིམ་གྱི་གྲལ་རིམ་དེ་ཆ་མི་སྙོམས་པ་ས་གང་བདེར་བཟོས་ཡོད་པའི་གྲོང་ཚོ་དེ་རྒྱང་རིང་ནས་བལྟས་ན་ནག་རོག་རོག་ཅིག་ལས་དེང་རབས་ཀྱི་མཛེས་ཆ་ཅི་ཡང་མེད་ཅིང་། ཁང་པ་ཚང་མ་འོག་ཐོག་རྡོ་བརྩེགས་དང་སྟེང་ཐོག་ཕལ་ཆེར་ཤིང་ལས་གྲུབ། ཐོག་ཁེབས་ཀྱང་ཤིང་ལེབ་བཀབ་ཡོད་པའི་ལོ་ཟླའི་ཆར་དང་ཉི་འོད་ཀྱིས་བཙས་ནས་ཤིང་གི་མདོག་ཡོངས་སུ་ཡལ་ནས་སྔོ་སྐྱ་ཞིག་ཏུ་གྱུར་ཟིན། དེའི་ནང་ནས་དབུས་ཀྱི་ཁང་པ་འོག་ཐོག་རྡོ་བརྩེགས་དང་སྟེང་ཁང་ཤིང་གིས་བཟོས་ཤིང་། སྒོ་ཁ་ཤར་ལ་གཏད་པ་དང་། འོག་ཐོག་ནས་སྒང་ལ་འགྲོ་བའི་ཤིང་གི་སྐས་འཛེག་རྙིང་པ་དང་། མདུན་གྱི་སྒོ་རར་ལོ་མང་ཉར་བའི་བུད་ཤིང་བརྩེགས་མས་ར་བ་བསྐོར་ཡོད་པས་བལྟས་པ་ཙམ་གྱིས་ཁྱིམ་ཚང་དེ་ཆགས་ནས་མི་རྒྱུད་མང་པོ་ཞིག་ཕྱིན་པ་ཤེས་འོང་།

མ་བྲིས་ཐོད་པའི་གཉེར་རིས་རྣམ་པར་བཀྲ་ལ། མ་བྱུགས་དབུ་སྐྲའི་ལན་བུ་ཁ་དོག་དཀར་ཞིང་། ལང་ཚོ་ཡོལ་བའི་གོམ་ཁ་དལ་མ་ལྷོད་ཀྱིས་ཤིང་སྐས་ལ་འཛེགས་འགྲོ་བའི་རྒས་པོ་དེ་ནི་སྤོ་བོ་ནོར་བཟང་རེད། ཁོ་ཚང་གི་ཡབ་མེས་ནས་བརྒྱུད་དེ་རིན་ཐང་ཆེ་བའི་རྒྱུ་རྙིང་གཟི་དང་བྱུ་རུ་དང་། དེ་བཞིན་གྲོང་པ་གཞན་དང་བསྡུར་ན་ཁོ་ཚང་ལ་གཞི་རྒྱ་ཆེ་བའི་ས་ཞིང་། སྒོ་རའི་ནོར་ཕྱུགས་ཀྱི་གྲངས་ཀ་མང་བས། གྲོང་ཚོ་དེར་ཀུན་ཀྱིས་འབར་རོ་[1]ཞེས་འབོད། ནོར་བཟང་གི་ཕ་རྒན་ཚང་ལ་བུ་གཉིས་དང་བུ་མོ་གཅིག་ལས་མེད་ཅིང་། ཆེ་བ་ནོར་བཟང་ཡིན་པས་ལུང་པའི་སྲོལ་བཞིན་ནོར་བཟང་ཁྱིམ་གཞིས་འཛིན་སྐབས་ཁོའི་ཕ་རྒན་གྱིས་བུ་ཆེ་བའི་ངོར་བལྟས་ནས་གཟི་དང་བྱུ་རུ་སོགས་ཕལ་ཆེ་བ་ནོར་བཟང་ལ་ཕོགས། སྤྱི་ཚོགས་རྙིང་པའི་སྲོལ་ངན་དུ་རང་ལས་སྐྱེས་པའི་ཕྲུ་གུ་གཅིག་པ་ཡིན་ཀྱང་། རྒྱུ་ནོར་ཐོབ་ཐང་འདྲ་མཉམ་མེད་པའི་ཕོ་མཆོག་མོ་དམན་གྱི་ལྟ་བ་དྲི་ངན་དེ་སྤོ་བོ་ནོར་བཟང་ལའང་ཡོད་པས་ཁོས་རང་གི་ཕ་རྒན་བཞིན་རིན་བྲལ་གྱི་རྒྱུ་ནོར་དེ་དག་བུའི་ཆང་སར་ཕོགས་ཡོད་པ་ནི་སྨོས་ཅི་དགོས། མ་གཞི་ཁོང་གི་མེས་པོའི་དུས་སྐབས་སུ་གཡུ་དང་བྱུ་རུ། གཟི་རྣམས་ཉོ་ཚོང་གི་དར་སྲོལ་དེ་ཙམ་མེད་ཀྱང་། རིན་བྲལ་གྱི་ནོར་བུ་དང་། ལས་ལམ་འགྲོ། ཁ་བྲོ་གཡང་ཆགས་སུ་བརྩིས་ནས་དུས་ཆེན་དང་བྱེད་སྒོ་སོགས་དུས་ཚོད་ཁྱད་པར་ཅན་རྣམས་སུ་སྐེ་ལ་བཏགས་ཏེ་མི་ཚོགས་ཀྱི་དབུས་སུ་ངོམ་པར་བྱེད་པ་ལས། དུས་རྒྱུན་དུ་འདོགས་སྲོལ་མེད། དུས་རབས་ཀྱི་འཚུབ་མ་ལྷོག་ལྷོག་ཏུ་འཕྱུར་བའི་སྐབས་དང་བསྟུན་ནས་ཡོད་ཚད་ལ་འགྱུར་བ་འགྲོ་བ་ནི་སུས་ཀྱང་འགོག་ཐབས་མེད་པའི་ལས་དབང་གི་ཆུ་བོ་དེ་ཡིན་པས། ཁ་སང་དང་དེ་རིང་ནི་ས་ཞིང་དང་རྒྱུ་རྙིང་ཡོད་ཚད་འབྱོར་ལྡན་རེད་ལ། གཟི་དང་བྱུ་རུ་ཡོད་ཚད་ཕྱུག་བདག་ཡིན་པས་སུས་ཀྱང་ཁས་མི་ལེན་རང་ལེན་རེད། དེར་བརྟེན་ཉེ་བའི་ལོ་ཤས་ནང་རྒྱུ་རྙིང་ཡོད་ཚད་གོང་ཚད་འཕར་བ་དང་བསྟུན་ཚོང་པ་ཆེན་པོ་མང་པོ་ཞིག་གཟི་དང་བྱུ་རུ་འཚོལ་ཆེད་གྲོང་གསེབ་ཁག་ཏུ་ཁྱི་བཞིན་མྱུལ་མཁན་ཧ་ཅང་མང་བས་མཚམས་རེར་ཚོང་པའི་མིང་དུ་བརྫུས་ནས་གྲོང་གསེབ་ཀྱི་ལྷ་ཁང་རྙིང་པའི་ནང་གི་རྟེན་རྙིང་སོགས་བརྐུས་ཏེ་བྲོས་འགྲོ་བའི་ལོ་རྒྱུས་དེ་བས་མང་།

ཐག་རིང་ཐུང་གང་སར་ནས་ཚོང་པ་མང་པོ་ཞིག་ཁོའི་སྒོ་རར་ཆེད་དུ་གཟི་དང་རྒྱུ་རྙིང་ཉོ་བར་སླེབས་ཀྱང་ཕ་རྒན་གྱི་བསམ་པར་ནམ་ཞིག་རང་གི་སྙིང་ལྟར་གཅེས་པའི་བུ་ཡིད་འཕྲོག་ལ་མནའ་མ་བསུ་སྐབས་ཆང་སའི་གྲལ་གྱི་དབུས་སུ་སྤོབས་པ་ཆེན་པོས་ཕོག་རྒྱུར་ཁོང་བཟའ་ཟླ་གཉིས་པོས་བློ་ཡིད་གཅིག་མཐུན་གྱིས་སེམས་ཐག་བཅད་ཟིན་པས་རིན་གོང་ཇི་ཙམ་སྤྲད་ཀྱང་འཚོང་མ་ནུས་པར་ཉར་ཚགས་གནང་། འོན་ཀྱང་གནའ་མི་བོད་ཀྱི་གཏམ་དཔེར། མི་ངན་གསོས་ན་སྙིང་རླུང་ཁྲག་གིས་བརྒྱངས། །བ་ངན་གསོས་ན་སོ་གསེང་ཞག་གིས་བརྒྱངས། །ཞེས་དང་། སྤྱང་ཕྲུག་གསོས་ཀྱང་སྒོ་ཁྱི་མི་རུང་ཟེར་བའི་གཏམ་དཔེ་དེ་ཁོང་གི་ཐོག་ཏུ་ཡོང་གི་ཡོད་པ་ནི་རྣ་བའི་ཡུལ་དང་སེམས་པའི་སྦུག་ལའང་འཆར་མེད།

ཁ༽

ཞིང་ལ་རིང་མོའི་གྲོང་ཚོའི་སྟོད་ཀྱི་ཕ་བོང་སྟེང་དུ་དཔྱིད་ཀྱི་རྒྱལ་མོའི་གསུང་སྙན་གྲག་དུས། ཞིང་པ་རྣམས་ཞིང་ཁ་འདེབས་རན་པའི་དུས་ཚོད་སླེབས་པ་ཚོར་ཐུབ་ལ། ཞིང་ཁའི་ཟུར་དང་སྲང་ལམ་གྱི་བར་རྣམས་སུ་མྱུ་གུ་སྔོན་མོ་གནམ་མཐོང་ཙམ་རེ་མཐོང་ཐུབ་ཅིང་། ཚང་ཚིང་གི་ནགས་ཚལ་རྣམས་ལ་ཡང་ལོ་འདབ་ཀྱི་མྱུ་གུ་སོར་ཕྱེད་ཙམ་འབུས་ཟིན། ཞོགས་པར་གྲོང་ཚོའི་སྟོད་སྨད་ཀྱི་ཞིང་ཁའི་ཟུར་ནས་བཀྲ་ཤིས་པའི་བསང་དུད་སྔོན་པོ་དགུང་ལ་འཕྱུར་ཞིང་། ཡུལ་མི་རྣམས་རང་རང་གི་ཞིང་ཁར་རྨོན་འདེབས་པར་བྲེལ། བཟའ་ཟླ་སྣང་གསལ་གྱིས་རྨོན་མཛོ་གཉིས་པོའི་རྣ་ལུང་ནས་བཟུང་སྟེ་སྣེ་ཁྲིད་པ་དང་། ནོར་བཟང་གིས་རྨོན་མཛོ་གཉིས་པོའི་རྗེས་སུ་ཐོང་གཤོལ་བཟུང་སྟེ་ཞིང་ཁ་རྨོས། བུ་ཆུང་ཡིད་འཕྲོག་གིས་ཐོང་པའི་རོལ་ནང་དུ་གོམ་པ་ཕྱེད་ཙམ་བར་ན་ཨ་ཤོམ་སོན་རེ་རེ་བླུག་ཅིང་། བུ་མོ་སྒྲོལ་མས་ཞིང་ཁའི་ཟུར་དུ་རྡོ་སྒྱེད་གསུམ་བཙུགས་ནས་ཇ་བཀོལ་རྒྱུའི་སྟ་གོན་ལ་བྲེལ་བཞིན་མཆིས་ལ། མཚམས་མཚམས་སུ་ཕ་ནོར་བཟང་གི་ངག་ནས་གསལ་ལ་མི་གསལ་བའི་གླུ་སྐད་ཅིག་ཀྱང་ཐོས་འོང་། ཕན་ཚུན་འགྲན་རྩོད་ལྟ་བུའི་དཔྱིད་ཀའི་སོ་ནམ་པའི་ལས་དེར་གྲོང་ཚོའི་སྟོད་སྨད་བར་གསུམ་པོས་ཆེ་རྒྱུ་ཆུང་རྒྱུ་མེད་པའི་རང་རང་གི་ཞིང་ཁར་རྨོན་འདེབས་བཞིན་གཞན་ལ་ཁ་ཡ་བྱེད་པའི་དུས་ཚོད་ཀྱང་ཕལ་ཆེར་མེད་པའི་སྣང་བ་སྟེར། ཕ་ནོར་བཟང་ཚང་གིས་ཞིང་མོ་ཆེ་དེ་ཕྱེད་ཙམ་བཏབ་ཟིན་པ་དང་། ཞིང་ཁུག་ཏུ་ཅུང་ངལ་གསོ་གནང་ཞིང་། རྨོན་མཛོ་གཉིས་པོའི་སྔས་མགོར་རྩྭ་སྐམ་དོ་བོ་ཞིག་སྤུངས། བཟའ་ཟླ་སྣང་གསལ་གྱིས་ཞོགས་པ་ཁྱིམ་ནས་བཅམས་པའི་ལྟོ་ཕད་ནས་ཆང་འགྱིག་དམ་དེ་མར་བཏོན་ཏེ་ཆང་ཕོར་དུ་ཆང་བླུགས་པ་དང་། རྩམ་པ་ཡོལ་ཙམ་བཏབ་ནས་བཟའ་ཟླར་སྤྲད། ཁོས་ཆང་ཕུད་དེ་ཁ་ནས་མག་མུག་ཅིག་སྐྱོར་བཞིན་དཀོན་མཆོག་དང་གཞི་བདག་ལ་མཆོད་ཅིང་། འདི་ལོའི་ལོ་ཏོག་ཡག་པོ་ཡོང་བའི་སྨོན་ལམ་ཡང་བཏབ། ཆང་ཕོར་ཆེན་པོ་དེ་ནས་ཧུབ་འཐུང་ཁ་ཤས་བྱས་རྗེས་བཟའ་ཟླ་སྣང་གསལ་ལ་སྤྲད་དེ་ཁ་མར་འཁོར་ནས་འཁྲིས་ཀྱི་ཁྱིམ་མཚེས་ཀརྨ་ཚང་གི་རྨོན་འདེབས་སར་མིག་ཟུང་ཅེར་རེར་ལྟ་བཞིན། ཁོང་ཚོའི་ཞིང་ཁ་འདེབས་ལས་ཁྲོད་མི་མང་བ་དང་། ཐོང་མཁན་ཡང་ཀརྨ་ཚང་གི་བུ་དེ་ཡིན་ཞིང་། བུའི་མནའ་མས་ཞིང་ཁར་ས་བོན་འདེབས་པ་དང་། རྒན་རྒོན་གཉིས་པོས་ལས་ཤུགས་ཆེན་པོ་དེ་ཙམ་ལས་རྒྱུ་མེད་པའི་མཚམས་མཚམས་སུ་སྤོ་བོ་ཀརྨས་རང་གི་བུ་ལ་བཀོད་པ་འདྲ་བཏང་སྟེ། རང་གི་ཉམས་མྱོང་མང་དག་ཅིག་ལམ་སྟོན་གནང་བའི་ཚུལ་དེར་ཕ་ནོར་བཟང་གི་བསམ་བློའི་ནང་དུ་རྣམ་རྟོག་འདྲ་མིན་མང་པོ་ཞིག་སྐྱེས།

རེད་ཡ། མ་གཞི་རང་གི་བུ་ཡིད་འཕྲོག་ཀྱང་ཕོ་ལོ་ཉི་ཤུ་ལོན་ཀྱང་ད་དུང་མནའ་མ་ཞིག་ཀྱང་བཙལ་མེད་ཅིང་། མ་ཟད་བུ་མོ་སྒྲོལ་མར་གྲོང་མི་མང་པོའི་སློང་ཆང་གཏོང་ནའང་། སྔོན་ལ་ཕྲུ་གུ་ཆེ་བའིི་འགྲོ་སྟངས་མ་བཟོས་པར་བུ་མོ་གནས་ལ་སྟེར་ཐབས་མེད་པས། ཁོང་གི་དེའི་སྐོར་ལ་གླེང་སློང་བྱ་རྒྱུའི་བསམ་པ་ཞིག་བློ་ཡུལ་དུ་འཆར། དེ་ནས་ནས་ཆང་བསིལ་མ་དེ་ཧུབ་འཐུང་འགའ་བྱས་པ་དང་། རང་གི་བུ་ཡིད་འཕྲོག་གི་གདོང་ལ་བལྟས་ཏེ། “ད་ཁྱོད་ཀྱང་ཐོང་པ་འཛིན་པའི་དུས་ལ་སླེབས་འདུག ལྟོས་དང་ཁྱིམ་མཚེས་ཀརྨ་ཚང་གི་བུ་ཡང་ད་ལོ་རྨོན་འདེབས་ཀྱི་འདུག” ཅེས་མཛུབ་མོ་ཀརྨ་ཚང་གི་ཞིང་ཁའི་ཕྱོགས་སུ་བསྟན། “ཕ་རྒན་ང་ལོ་རྒས་འགྲོ་བ་ཡིན་དུས་སང་ལོར་ཞིང་ཁའི་ཐོང་མཁན་ཁྱོད་ཀྱིས་བྱེད་ཐུབ་ན་ཡག བྱས་ཙང་ད་ལོ་སྦྱོང་བརྡར་ཏོག་ཙམ་བཏང་ན་མ་གཏོགས་ཐད་ཀར་ཞིང་རྨོ་འདེབས་བྱས་ན་ལོ་ཏོག་ཡག་པོ་ཡོང་གི་མ་རེད།” ཅེས་བུ་གོ་བ་ཅན་ལ་ཚིག་གཅིག རྟ་འགྲོ་བ་ཅན་ལ་ལྕག་གཅིག་ཟེར་བ་ལྟར། ཐོག་དང་པོར་བུ་ལ་འགན་འཁྲི་དགོས་པའི་གཏམ་ཆེན་པོ་ཞིག་བཤད། སྐབས་དེར་བཟའ་ཟླ་སྣང་གསལ་གྱིས་ཚིག་གཞུག་བཟུང་སྟེ་“མ་གཞི་ང་ཚོའི་ཁྱིམ་ཚང་ལ་དངུལ་སྒོར་གཟུང་རྒྱུ་མེད་ཀྱང་། ཡུལ་དེའི་ནང་ཞིང་རྒྱ་ཆེ་ཤོས་རེད། མེས་པོ་དམ་པའི་བཀའ་དྲིན་གྱིས་ད་ལྟ་ང་ཚོས་འཇོན་ན་ཞིང་ཁའི་ལོ་ཏོག་ཁོ་ནས་ཁྱིམ་ཚང་དེ་གཞན་ལ་ཡིད་སྨོན་ཤོར་དགོས་མེད་པ་ཞིག་ཡོད་རེད། འོན་ཀྱང་ཡུལ་འདིའི་ཞིང་ཁ་འདེབས་ལས་སྐབས་གྲོང་པ་ཁྱིམ་མཚེས་ཚོ་སྔོན་ལ་ཚར་ནས་ང་ཚོ་མཐའ་མར་ལྷག་འགྲོ་བ་དང་། གལ་སྲིད་མནའ་མ་ཞིག་བསུས་ན་ལས་ཀ་སོགས་གང་ཅིའི་ཐད་ལ་ལག་པ་ཡང་བ་ཡོང་ས་རེད།” ཅེས་ཕ་རྒན་གྱི་གཏམ་དེ་མཇུག་བསྐྱངས་གནང་བ་དང་། སྐབས་དེར་ཡིད་འཕྲོག་ངོ་ཚས་དགོད་ཙམ་བྱེད་པ་ལས་ཡིན་མིན་ཅི་ཡང་ལན་མ་བཏབ། འོན་ཀྱང་ཁོའི་སེམས་སུ་མནའ་མ་ཞིག་མགྱོགས་མྱུར་མ་བསུས་ན་རང་གི་གཅུང་མོའི་མི་ཚེའི་འགྲོ་ལམ་ཡང་བཀག་འགྲོ་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྐྱེས།

རྨོན་མཛོ་གཉིས་པོ་དབུགས་ཧལ་ཧལ་གྱིས་ཞིང་མོ་ཆེ་དེ་ཡོངས་སུ་བཏབ་ཟིན་ཅིང་། མི་དང་དུད་འགྲོ་གཉིས་ཀར་ཧ་ཅང་ཐང་ཆད་པའི་རྣམ་འགྱུར་མང་པོ་ཞིག་མཐོང་ཐུབ། སྒྲོལ་མས་རྨོན་མཛོ་གཉིས་ལ་ཆུ་ལ་རྩམ་པ་བཏབ་ནས་ཆུ་ལྡུར་གང་རེ་དང་། རྩྭ་སྐམ་དོ་བོ་ཞིག་སྔས་མགོར་སྤུངས་ཏེ། ནང་མི་རྣམས་ཞིང་ཁའི་ཟུར་དུ་ཉིན་གུང་གི་ཟ་མར་རོལ། དཔྱིད་ཀྱི་ཉི་མ་རིང་ཡང་ད་ནི་ནུབ་ཁའི་གངས་རིའི་ཉེ་འདབས་སུ་བཞུད་ལ་ཉེ་བའི་ཕ་རྒན་ནོར་བཟང་ཚང་གི་ཞིང་མོ་ཆེ་དེ་དང་གཡས་གཡོན་གྱི་ཞིང་ཁ་ཤས་བཏབ་ཚར་བ་དང་། མཚམས་སྤྲིན་དམར་པོའི་ཁ་དོག་ཞིང་ལ་རིང་མོའི་གྲོང་ཚོར་འཕྲོ་དུས་གྲོང་མི་རྣམས་ལས་མཚམས་བཞག་སྟེ། རང་རང་གི་དུད་ཚང་ཕྱོགས་སུ་ལོག་འགྲོ་བཞིན་འདུག སྤྱིར་ཞིང་པ་རྣམས་ཞིང་ཁའི་འདེབས་ལས་སོགས་འཆར་ཅན་གྱི་ལས་ཀ་རྣམས་ཧ་ཅང་དཀའ་ཚེགས་ཅན་དུ་མི་སེམས་པར་ནམ་རྒྱུན་ལས་དགོས་པའི་ལས་འགན་ཞིག་ཏུ་བརྩིས་ནས་རྔུལ་ཆུ་དང་དགོད་སྒྲའི་གསེང་ནས་ལས་ཀ་རྣམས་ནམ་དུས་དང་བསྟུན་ནས་ལས་འགྲོ་བ་ཡིན། ཉི་མ་རེ་རེ་དཀའ་སྡུག་དང་རྔུལ་ཆུའི་འོག་ནས་ད་ནི་ལས་ཀ་དེ་དག་ཡོངས་སུ་གྲུབ་ཟིན་པས། ཡུལ་མི་རྣམས་རྒྱབ་ཀྱི་ཁུར་པོ་ཞིག་ཕོག་ཟིན་པ་ལྟར་གདོང་ལ་འཛུམ་མདངས་ཤིག་ཤིག་དང་། ལུས་པོར་དལ་ལྷོད་ལྷོད་ཀྱི་ཉམས་སྣང་རེ་མངོན་རྒྱུ་འདུག

ག༽

དུས་ཚོད་ནི་སུ་ཞིག་ལའང་མི་སྒུག་པར་ཞིང་ལ་རིང་མོའི་གྲོང་ཚོའི་སྨད་ཀྱི་གཙང་པོ་བཞིན་མིག་མདུན་དུ་ལྷོག་ལྷོག་ཏུ་བརྒྱུགས་འགྲོ་བ་དང་། དཔྱིད་ཀྱི་དཔལ་མོའི་དྲུག་འགྱུར་སྙན་པའི་དཔྱིད་ཀའི་ནམ་ཟླ། དཀར་དམར་མེ་ཏོག་གསེང་གི་རྐང་དྲུག་གིས་གླུ་སྒྲ་འཐེན་པའི་དབྱར་ལྗོངས། འབྲུ་དྲུག་སྙེ་མའི་ལང་ཚོ་སྨིན་ཅིང་བང་མཛོད་འབྲུ་ཡིས་ཁེངས་པའི་སྟོན་གྱི་དུས་བཟང་། ས་གཞི་དར་གྱིས་བསྡམས་པའི་ཁ་བའི་ཀློང་གི་དགུན་དུས་ནི་རེ་མོས་ཀྱིས་ཞིང་པ་རྣམས་ཀྱི་འཚོ་བ་ལ་སྟངས་འཛིན་བྱེད་ཅིང་། དེ་ལྟར་མཚམས་མི་ཆད་པའི་ཟོ་ཆུན་འཁྱུད་མོ་ལྟར་འཁོར་སྐྱོད་འོག་ཡུད་ཙམ་ཞིག་ལ་ལོ་ངོ་ཧྲིལ་པོ་འགའ་འདས་ཟིན། དུས་ཚོད་དེ་དག་གི་རིང་ཕ་རྒན་ནོར་བཟང་གི་མགོ་སྐྱེས་ལན་བུ་དང་ཡ་ཐོད་ཀྱི་གཉེར་རིས་ཀྱི་གསེང་ནས་སྐྱིད་སྡུག་མང་པོ་ཞིག་བརྒྱུད་ཟིན་པ་ཤེས་ཐུབ་ཅིང་། ལོ་མང་གི་རེ་འདུན་བཞིན་ད་ནི་ཚ་བོ་ཡང་མིག་མདུན་དུ་མཐོང་རྒྱུ་ཡོད་པས་ཁོ་དང་ཁོའི་བཟའ་ཟླ་གཉིས་པོས་མི་ཚེའི་འགན་འཁྲི་ཞིག་ཡོངས་སུ་གྲུབ་ཟིན། མ་ཟད་བུ་མོ་སྒྲོལ་མ་ཡང་གནས་ལ་བྱིན་ཟིན་པས་ཕྲུ་གུའི་ཆེད་དུ་སེམས་ཁྲལ་དེ་ཙམ་བྱ་མི་དགོས།

དེ་ལྟར་ལོ་དང་ཟླ་བའི་གོམ་འགྲོས་ཀྱི་བར་ན་ཁོང་ཚང་ལ་འགྱུར་ལྡོག་ཆེན་པོ་བསམ་ཡུལ་ལས་འདས་པ་མང་པོ་ཞིག་བྱུང་། ཡུལ་མི་ལ་ལས་ཟེར་ན་ཕ་ལྷ་འདྲ་བ་ལ་བུ་འདྲེ་འདྲ་བ་ཁོ་ནི་རྒྱུ་མ་གཏོགས་བསམ་རྒྱུ་མེད་ཅེས་དང་། གྲོང་པ་ཁྱིམ་མཚེས་ཁ་ཤས་ཀྱིས་ཁོ་མནའ་མའི་དབང་དུ་ཤོར་ནས་རང་ཚུགས་ཀྱང་ཤོར་འདུག་ཅེས་ལྟག་རྒྱབ་ཏུ་མ་ཎི་བཞིན་བགྲང་མཁན་ཧ་ཅང་མང་། ཕ་རྒན་ནོར་བཟང་ཚང་ལ་མནའ་མ་བསུས་ནས་དུས་ཚོད་རིང་པོ་མ་ཕྱིན་པར་མནའ་མ་དང་ཨ་མ་སྣང་གསལ་མ་འཆམས་པར་གྲོང་པ་ཁ་ཁ་གྱེས་དགོས་བྱུང་། མ་གཞི་ཕ་མའི་བསམ་པར་ཁྱིམ་ལ་མནའ་མ་ཞིག་བསུས་ན་ནང་གི་ཁྱིམ་ལས་དང་ཕྱིའི་ཞིང་ལས་གང་ཅིའི་ཐད་ལག་རོགས་ཡོང་བ་དང་། རྒན་རྒོན་གཉིས་པོར་ཚེས་བཟང་དང་དུས་བཟང་ཁག་ཏུ་དགེ་སྒྲུབ་ཀྱི་ཁོམ་པ་ཏོག་ཙམ་ཡོང་ན་བསམས་མོད། འོན་ཀྱང་འཇིག་རྟེན་གྱི་ཁ་དཔེར། བསམས་བསམས་རྟ་ལ་བསམས་ཀྱང་། །འགྲོ་དུས་རྐང་ལ་བབས་སོང་། །ཞེས་པའི་དཔེ་ལྟར་ཨ་མ་སྣང་གསལ་ནི་ཚ་བོ་དང་ཚ་མོའི་གཡོག་པོར་གྱུར་པ་དང་། ཕ་རྒན་ནོར་བཟང་ནི་ནམ་དུས་ཕལ་ཆེ་བར་གྲོང་པ་གཉིས་ཀྱི་ནོར་གནག་གི་རྫི་བོར་རྫོགས། འོན་ཀྱང་ཕ་རྒན་གྱིས་ཟུར་དུ་དབྱར་དུས་ལྷས་རར་སྡོད་སྐབས་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་མཁན་རྣམས་ལ་དགོས་མཁོ་ཟ་ཆས་སོགས་ཙག་ཙིག་རིགས་དང་དུས་རྒྱུན་དུ་རྩིད་ཐག་དང་སྒྱེ་མོ་སོགས་བསླས་ནས་ཞོར་འཚོང་ཆུང་ཆུང་གནང་བས་ཁྱིམ་གྱི་ཇ་རིན་ཐོག་ཁོའི་ཞོར་ལས་ཀྱིས་འདང་ངེས་འོང་།

སྤྱིར་གྲོང་པ་སོ་སོར་གྱེས་ཟིན་ཀྱང་སྒོ་ཕྱུགས་དང་ཞིང་ཁའི་འདེབས་ལས་སོགས་མཉམ་རུབ་ཏུ་ལས་དགོས་པའི་ཕ་རྒན་ནོར་བཟང་གི་བསམ་པར་ད་ནི་ཤ་ཁ་ཁ་དང་གྲི་སོ་སོར་མ་བྱས་ན། རྒས་པོ་ང་ཤི་རན་པའི་དུས་ཚོད་སླེབས་ཀྱང་མ་ཎི་ཕྲེང་སྐོར་གཅིག་ཙམ་ཡང་བགྲང་བར་ཁོམ་པའང་མི་འདུག དེ་ལས་སྔ་ས་ནས་ས་ཞིང་དང་འབྲི་གཡག་ཁང་པ་སོགས་ཁྱིམ་མཚེས་གཉེན་ཉེ་འབྲེལ་བསྐོངས་ནས་བགོ་བཤའ་བརྒྱབས་ན་ལེགས་ཚུལ་མ་རྒན་སྣང་གསལ་ལ་བཤད་པས་ཁོང་གིས་ཀྱང་མོས་མཐུན་བྱས། ཉིན་ཞིག་ཕ་རྒན་ནོར་བཟང་རང་གི་གཉེན་ཚན་རྣམས་བོས་ནས་ས་ཞིང་དང་ནོར་གནག རྒྱུ་ནོར་སོགས་བགོ་བཤའ་བརྒྱབས། སྤྱིར་ཁྱིམ་ཚང་གི་རྒྱུ་ནོར་བགོས་པར་གཉེན་ཚན་དགོས་གལ་མེད་མོད་ཀྱང་། རྒྱུ་ཡི་དོན་དུ་རང་གི་ཕ་རྒན་ལ་རྒོལ་ནུས་པའི་བུ་ཐ་ཤལ་གྱི་བྱེད་སྟངས་ལ་ཕ་རྒན་ཡིད་ཐང་ཆད་མྱོང་བས་ལམ་དེར་མི་བགྲོད་ཀ་མེད་བྱུང་།

བུ་ཡིད་འཕྲོག་གིས་ཆུང་མ་བསུས་པ་ནས་བཟུང་ཁོའི་རང་ཚུགས་ཐད་ལ་མིག་མདུན་དུ་འགྱུར་བ་མང་པོ་ཞིག་ཕྱིན། ལྷག་པར་དུ་ཁོས་གཟི་མིག་གསུམ་པ་དེ་བཙོངས་པ་ལས་ཁོའི་བསམ་ཡུལ་ལས་འདས་པའི་དངུལ་སྒོར་ཐོབ་ཅིང་། གྲོང་མི་ཀུན་ཀྱིས་ཁོ་ལ་ཡིད་སྨོན་དང་ཕྲག་དོག་སོགས་དགའ་མི་དགའ་བའི་རྒྱབ་བཤད་ཧ་ཅང་མང་ལ་ལྐོག་ནས་གཡོ་རྫུན་གྱི་སྟག་ལྤགས་གྱོན་ནས་སྤྲེལ་ལད་འཁྲབ་མཁན་དེ་བས་མང་། ལ་ལས་ད་དུང་ཕ་རྒན་ནོར་བཟང་གིས་བྱུ་རུ་རྙིང་པ་དེའང་བུ་ལ་དབང་རྒྱུ་རེད་ཅེས་གཞན་གྱི་རྒྱུ་ནོར་ལ་ཕྲག་དོག་གིས། ཕྱུག་པོ་ལ་རྒྱུ་ཡོད་ན། །མེད་པོ་ཚོ་གཉིད་མི་ཁུག །ཅེས་པའི་དཔེ་བཞིན་ཁོག་ནང་མེ་འབར་བའི་གྲོང་མི་འགའ་ཤས་ལ་ཡིད་འཕྲོག་ནི་མིག་ནང་གི་ཚེར་མ་བཞིན་གྱུར། ཡིད་འཕྲོག་རང་གི་བཟའ་ཟླའི་དབང་ཤུགས་སམ་ཡང་ན་མི་ཁའི་རླུང་འཚུབ་གང་ཡིན་མ་ཤེས་པར་སེམས་ལ་བསམ་མི་ཐུབ་པ་དང་ཡིད་ལ་དྲན་མི་ནུས་པའི་ད་ཐེངས་ཁོའི་གཟི་བཙོངས་ཟིན་རྗེས་ཐོབ་པའི་དངུལ་གྱིས་མ་ཚིམས་པར་ད་དུང་ཕ་རྒན་གྱི་སྐེ་ལ་བཏགས་པའི་བྱུར་རྙིང་ཆ་གཅིག་པོ་དེ་ནམ་ཡང་མིག་མདུན་དུ་འཆར་འོང་སྟེ་དངོས་ཤུགས་བརྒྱུད་གསུམ་ནས་ཁོང་ལ་སུན་གཙེར་བཟོས་པ་ཉུང་ཉུང་མིན། རྒྱུ་མཚན་དེ་ལ་བརྟེན་ནས་ཕ་རྒན་ནོར་བཟང་གིས་ཕ་བུ་གཉིས་པོ་ཤ་ཁ་ཁ་དང་གྲི་སོ་སོར་གྱེས་དགོས་བྱུང་བའང་ཐབས་རྡུགས་པའི་འདམ་ཁ་དེ་ཡིན་སོང་།

ང༽

རི་ཀླུང་སྟོད་སྨད་གང་སར་སེར་མདོག་གི་ན་བཟའ་བཀླུབས་ཤིང་། ཚང་ཚིང་ནགས་རྫོང་གི་ལྗོན་པ་དེ་དག་ཀྱང་དུས་ཀྱི་རྒྱུ་བ་དང་བསྟུན་ནས་ལོ་འདབ་སེར་པོ་རྣམས་ས་ལ་འཐོར་བཞིན་འདུག་ལ། འབྲུ་དྲུག་གི་སྙེ་མ་མགོ་ལྕོག་ལྡེམ་ལྡེམ་གྱིས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་བཞིན་སྟོན་གྱི་ནམ་ཟླ་མ་བོས་མགྲོན་དུ་ཕེབས་པ་སུས་ཀྱང་ཤེས་ངེས་ཡིན། ཞིང་ལ་རིང་མོའི་གྲོང་ཚོར་འདི་ལོའི་ཆར་ཆུ་དུས་སུ་བབས་པས་ལོ་ལེགས་བྱུང་སྟེ་ཡུལ་མི་རྣམས་ཀྱི་བཞིན་གྱི་གཉེར་རིས་གསེང་ནས་དགའ་བའི་འཛུམ་མདངས་མང་པོ་མཐོང་ཐུབ། ཡུལ་མི་རྣམས་ཞོགས་སྔ་པོར་ལངས་ཏེ་སུ་ཞིག་གིས་དེད་པ་ལྟར་རང་རང་གི་ཞིང་ཁར་བཙས་མ་བརྔ་བར་བྲེལ། ལག་ཟུང་དལ་གྱིས་མཐའ་ཞིང་ན་བཙས་མ་རྔ་བཞིན་པའི་ཕ་རྒན་ནོར་བཟང་དང་བཟའ་ཟླ་སྣང་གསལ་གཉིས་པོ་བུ་དང་གྲོང་པ་སོ་སོར་གྱེས་ནས་ལོ་ཤས་སོང་ཟིན་པས། ད་ལྟའི་བར་ཁོ་རང་བཟའ་ཚོ་གཉིས་ཀྱི་འབད་འབུངས་ལ་བརྟེན་ནས་སྟོན་ལས་ཐུབ་ཙམ་ཡོད་མོད། མཚམས་རེར་བུ་མོ་སྒྲོལ་མ་ལག་རོགས་སུ་ཡོང་བ་ཡིན།

མ་གཞི་ཡུལ་མི་རྣམས་ལས་སུའི་བཙས་མ་རྗེས་སུ་ལུས་ཀྱང་ཡུལ་དེའི་གཞོན་པ་རྣམས་ཀྱིས་རོགས་བྱེད་ཀྱི་ཡོད་པས་དེ་དང་དེ་ལ་སོགས་པའི་ཞིང་ལ་རིང་མོའི་ཡུལ་མི་ཚོར་ཡིད་སྨོན་སྐྱེ་དགོས་སའི་བྱ་བའང་མང་པོ་ཞིག་ཡོད། དུས་ཚོད་ཉི་མ་རེ་རེ་བཞིན་བཞུད་འགྲོ་བ་དང་བསྟུན་ད་ནི་ཞིང་ལ་རིང་མོའི་སྟོན་ལས་ཡོངས་སུ་མཇུག་བསྒྲིལ་ཟིན་པས། གྲོང་མི་ཕལ་ཆེ་བར་ལྷོད་ལྷོད་ཡིན་དུས་སྐབས་དེ་དང་བསྟུན་ནས་ལོ་ལྟར་རྒྱུན་མ་ཆད་པར་འཚོག་དགོས་པའི་གྲོང་ཚོ་སྤྱིའི་ཞབས་རིམ་བཀའ་འགྱུར་དག་འདོན་དང་། དེ་བཞིན་གཤིན་པོའི་མཆོད་པ།[2] གསོན་པོའི་རིམ་གྲོ་སོགས་མཆོད་པ་འཚོག་རྒྱུའི་དུས་ཚོད་ཅིག་ཡིན། ཡུལ་ཚོ་སྤྱིའི་ཞབས་རིམ་ཆེད་དུ་ལོ་རེར་གྲོང་པ་གཉིས་རེ་དཀོར་གཉེར་དུ་བསྐོས་ནས་གྲོང་ཚོ་སྟོད་སྨད་བར་གསུམ་གྱི་སྒོ་རར་འབྲུ་བྲེ་བཅུ་རེ་བསྡུ་རུབ་གནང་བ་དང་། ད་དུང་གཏོང་ཕོད་ཅན་ཚོས་རང་མོས་ཀྱིས་མར་དང་ཕྱུ་ར་དང་སྒོར་མོ་སོགས་མཆོད་སྦྱིན་སྩོལ་གནང་བ་ཡིན། འདི་ལོའི་ཞབས་རིམ་གོ་སྒྲིག་པ་རྣམས་ཀྱིས་ཞིང་ལ་རིང་མོའི་གྲོང་ཚོ་ནས་ཉིན་གཅིག་གི་སར་ཡོད་པའི་གསང་སྔགས་ཆོས་གླིང་དགོན་པའི་དབུ་འཛིན་མཁན་རིན་པོ་ཆེ་དང་དགེ་འདུན་པ་ཉི་ཤུ་མ་ཟིན་ཙམ་གདན་འདྲེན་ཞུས་པ་མ་ཟད། ཡུལ་ཚོ་འདིའི་སྔགས་པ་དང་གྲྭ་ཟུར་མང་པོ་ཞིག་ཀྱང་གདན་ཞུས་ཀྱིས་ཉིན་བཅོ་ལྔའི་རིང་སྡེ་ཚོ་སྤྱིའི་ཞབས་རིམ་བཀའ་འགྱུར་དག་འདོན་དང་དེ་རྗེས་གྲོང་མི་སྒེར་གྱི་མཆོད་པ་བཅས་གོ་རིམ་རེ་རེ་བཞིན་བསྒྲིགས།

ཉིན་ཤས་རྗེས་ཞིང་ལ་རིང་མོའི་ཡུལ་སྡེའི་དབུས་ཀྱི་མ་ཎི་ལྷ་ཁང་ནང་དུ་ཧ་ཅང་རྣ་བར་སྙན་པའི་ཆོ་གའི་གདངས་དབྱངས་དང་། རྒྱ་དུང་རོལ་མོའི་སྐད་སྒྲ་ཆད་མེད་གྲགས་ཤིང་། རྒན་རྒོན་མང་པོ་ཞིག་ལག་ཏུ་མ་ཎི་ལག་སྐོར་རེ་དང་ཕྲེང་བ་རེ་བསྣམས་ནས་ཁ་ནས་ཤབ་ཤུབ་རེ་སྐྱོར་གྱིན་རང་རང་གི་ས་ནས་མ་ཎི་ཁ་གྲངས་གསོག་བཞིན་ལྷ་ཁང་གི་འཁྲིས་སུ་འཁྱིལ་ལེར་འཁོར་ནས་བཞུགས། ལོ་གཞོན་སྟག་ཤར་དང་སྨན་ཤར་རྣམས་ནི་ཆོས་པ་དང་མི་མང་རྣམས་ལ་གསོལ་ཇ་འདྲེན་པ་དང་དགུང་ཚིགས་གྲ་སྒྲིག་བྱེད་པ་སོགས་ཟང་ཟིང་དང་འ་འུར་གྱིས་ཁེངས་འདུག

འོ། ད་ལྟ་རྒས་པོ་ནོར་བཟང་ཡང་ལག་གཡས་པར་མ་ཎི་འཁོར་ལོ་ཞིག་དང་། ལག་གཡོན་པར་དུང་གི་ཕྲེང་བ་ཟད་པོ་ཞིག་ཐོགས་ནས་མ་ཎི་བགྲང་མཁན་རྣམས་ཀྱི་གྲལ་མགོར་བསྡད་དེ། མིག་ཟུང་ལྷ་ཁང་ནང་གི་ཆོ་ག་འདོན་བཞིན་པའི་དགེ་འདུན་པ་རྣམས་ལ་ཅེར་གྱིན་ཚོགས་གྲལ་གྱི་ཚོགས་མགོན་དུ་བཞུགས་པའི་མཁན་པོའི་བབ་ཆགས་པའི་ཕྱག་རྒྱའི་སྟངས་སྟབས་དང་། ཞི་ལྷོད་པའི་སྐུའི་ཉམས་འགྱུར། སྤྱན་ཟུང་གང་སར་མི་གཡོ་བའི་ཐུགས་རྩེ་གཅིག་གིས་ཕྱག་དཔེར་གཟིགས་ནས་དལ་མ་ལྷོད་ཀྱིས་ཆོ་གའི་གསུང་འགྲོས། མ་ཟད་བཞུགས་གྲལ་གཡས་གཡོན་གྱི་དགེ་འདུན་པ་རྣམས་ཀྱང་ལག་ཟུང་ཐལ་མོ་སྙིང་གར་སྦྱར་ནས་ངག་སྙན་པོས་གསུང་བཞིན་པའི་ཆོ་གའི་གདངས་དབྱངས། རྔ་དང་། རོལ་མོ། རྒྱ་དུང་གི་སྐད་སྒྲ་རྣམས་རྒས་པོའི་རྣ་བར་ཚོར་སྣང་ཤིན་ཏུ་ཟབ་པོ་ཞིག་བྱུང་བ་དང་། ད་དུང་དྲི་འཛིན་དབང་པོའི་ཡུལ་དུ་རྒྱུ་བའི་སྤོས་དང་བསང་གི་དྲི་བསུང་ལྷང་ལྷང་དུ་འཐུལ་འོང་བས་ཁོར་དད་སེམས་ལྷག་ཏུ་སྐྱེས། ཤི་རན་དུས་ཆོས་དྲན་ཞེས་པའི་དཔེ་ལྟར་ཕ་རྒན་ནོར་བཟང་གི་རྟོག་འཆར་གྱི་ཀློང་དུ་ད་ནི་མི་ཚེ་ནི་ལ་ཁའི་ཉི་མ་བཞིན་ཕར་ཕར་འགྲོ་བ་དང་། འཆི་བདག་ནི་གྲིབ་མ་བཞིན་ཚུར་ཚུར་འོང་བས་ད་ཐེངས་མཁན་པོ་མཆོག་བཞུགས་པ་དང་བསྟུན་ནས་མཆོད་པ་ཞིག་འཚོག་ཐུབ་ན་ཅི་མ་རུང་སྙམ། འོན་ཀྱང་ད་ལྟ་ལག་ཏུ་དངུལ་དམར་འཐོན་རྒྱུ་མེད་ཀྱང་ཁོའི་སེམས་སུ་སྒོ་ཁའི་དུད་འགྲོ་རེ་གཉིས་དང་ཞིང་ཁ་ཁ་ཤས་ཡོད་པས་གང་ལྟར་སྔ་ཕྱི་མ་གཏོགས་ཞིང་ཁའི་འདེབས་ལས་སོགས་ལ་དབང་པོ་མི་ཁུལ་བས་དེ་ལས་ཞིང་དེ་བཙོངས་ནས་མཆོད་པ་ཞིག་འཛུགས་ཐུབ་ན་བསམས།

དགོང་མོ་དེར་རང་གི་བཟའ་ཟླར་གྲོས་གཞི་བཏོན་པ་དང་མོས་མཐུན་བྱུང་མོད་འོན་ཀྱང་ད་ལྟ་ལག་དངུལ་ཐད་ཀར་གདོན་རྒྱུ་མེད་པས་བུ་ཡིད་འཕྲོག་ལ་སྐད་ཆ་ཞིག་མི་ཤོད་རང་ཤོད་ཐུག རེད་དེ་བུའི་དམིགས་ཡུལ་དང་ཕ་མའི་རེ་བ་གཉིས་པོ་རྦད་དེ་ཐ་དད་ཡིན་པ་ཕ་རྒན་ག་ནས་ཤེས། བུ་ཡིད་འཕྲོག་གི་བསམ་པར་ད་ལྟ་ཕ་རྒན་གྱི་སྐེ་ལ་བཏགས་པའི་བྱུར་རྙིང་དེ་དྲན་ནས་མཆོད་པའི་འགྲོ་གྲོན་ཚང་མ་ཁོས་གཏང་རྒྱུ་ཁས་ལེན་བྱས། ཉི་མ་ཁ་ཤས་འདས་པའི་སྔ་དྲོ་ཞིག་ལ་ཕ་རྒན་ནོར་བཟང་དར་དང་འབུལ་མཚོན་ཞིག་ཁྱེར་ཏེ་མཁན་པོའི་སྐུ་མདུན་དུ་བཅར་ནས་སྐྱབས་འཇུག་ཞུས་པ་དང་མ་གཞིར་མཁན་རིན་པོ་ཆེ་མཆོག་ལ་གྲྭ་ཚང་གི་ཕྱག་ལས་མང་པོ་ཞིག་ཡོད་ཀྱང་ད་ཐེངས་ལས་ཞོར་དུ་ཁེལ་བ་དང་། མ་ཟད་ཕ་རྒན་ནོར་བཟང་གི་དད་སེམས་ཀྱིས་ངོ་ལྡོག་མ་ནུས་པར་ཞལ་བཞེས་གནང་བ་བཞིན། མི་རིང་བར་མཆོད་པ་དངོས་སུ་དབུ་བཙུགས་ཐུབ་པ་བྱུང་།

དེ་ལྟར་ཉིན་ཉི་ཤུ་ལྷག་གི་རིང་ཞིང་ལ་རིང་མོའི་མཁའ་དབུགས་ནི་བསང་དང་སྤོས་ཀྱི་དུད་སྤྲིན་མ་ཆད་པར་འཐུལ་བའི་བསུང་ཞིམ་དང་། ཆད་རྒྱུ་མེད་པའི་རྔ་དང་། རོལ་མོ། དུང་དང་། རྒྱ་གླིང་གི་སྐད་སྒྲ། རྣ་བར་སྙན་ཞིང་འཇེབས་པའི་ཆོ་གའི་གདངས་དབྱངས་སོགས་ཀྱིས་སྐབས་དེའི་རིང་ཡུལ་ཚོ་དེ་ནི་ཆོས་ཀྱི་ཞིང་ཁམས་ཤིག་ཏུ་སླེབས་པའི་ཚོར་སྣང་རེ་ཡང་བྱིན་འོང་། དེ་ལས་ཀྱང་དགའ་འོས་པ་ནི་ད་ཐེངས་གསང་སྔགས་ཆོས་གླིང་དགོན་གྱི་མཁན་པོ་དང་དགེ་འདུན་པ་ཡང་ཕེབས་ཡོད་པས་ཡུལ་མི་ཚོར་སྡེ་སྤྱིའི་ཞབས་རིམ་གྱི་ཐད་འདོད་བློ་ཁེངས་པ་བྱུང་བ་དང་། མ་ཟད་ཞོར་དུ་མཁན་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་ལམ་སྟོན་སོགས་བཀའ་དྲིན་བསྩལ་གནང་ཞིང་མང་ཚོགས་རྣམས་ཀྱི་སེམས་སུ་དགེ་བའི་ས་བོན་བསྐྲུན།

ད་ནི་ཉི་མ་ལ་ཁར་བཞུད་ལ་ཉེ་བ་དང་མཁན་རིན་པོ་ཆེ་གཙོས་དགེ་འདུན་རྣམས་ལྷ་ཁང་འཁྲིས་སུ་བཞུགས་པའི་མི་མང་རྣམས་ལ་ཚེ་དབང་བཀའ་དྲིན་སྩོལ་གནང་བཞིན་པ་ལ་བལྟས་ན་དེ་རིང་ཚོགས་པ་ཉིན་མཐའ་མ་ཡིན་པར་ཤེས་འᨖང་། མཚམས་སྤྲིན་དམར་པོས་དམར་ཐག་བསྡུས་ཟིན་པ་དང་ས་གཞི་ཡོངས་ལ་སྨག་ནག་པའི་མལ་གོས་ཡོངས་སུ་བཏུམས། མཐར་འབུད་མཚམས་ཆེས་རིང་བའི་བཀྲ་ཤིས་པའི་རྒྱ་གླིང་གི་སྐད་སྒྲ་རིང་པོ་ཞིག་གྲགས་པ་དང་ཆོ་ག་མཐའ་ཡོངས་སུ་གྲུབ། གཡའ་དག་པའི་ནམ་མཁའི་ངོས་སུ་བགྲང་བར་མི་ནུས་པའི་རྒྱུ་སྐར་མང་པོ་འོད་མདངས་མག་མོག་ཅིག་འཕྲོས་ཤིང་ལྷིང་འཇགས་པའི་མཚན་མོ་དེར་ཁྱིའི་ཟུག་སྐད་ལས་ཅི་ཡང་མི་གོ

ཞོགས་པའི་རྟ་བདུན་དབང་པོའི་འཛུམ་ཞལ་ཤར་རིའི་རྩེ་ནས་དགོད་པའི་ཚེ། བྱམས་བརྩེའི་དྲོད་འཇམ་གྱི་ཉི་འོད་ས་གཞི་ཡོངས་ལ་ཁྱབ། གྲོང་ཚོའི་དབུས་ཀྱི་མ་ཎི་ལྷ་ཁང་གི་མདུན་ཐང་དུ་བསང་ཁང་ལས་བསང་དུད་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་། ཞིང་ལ་རིང་མོའི་ཡུལ་མི་རྣམས་ཀྱི་ལག་ཏུ་བཀྲ་ཤིས་པའི་ཁ་བཏགས་དཀར་པོ་རེ་བསྣམས་ནས་མཁན་རིན་པོ་ཆེ་མཆོག་གཙོས་པའི་དགེ་འདུན་པ་རྣམས་ཕྱིར་ཕེབས་སྐྱེལ་གནང་ཞིང་། རྒན་རྒོན་ལ་ལས་འབྲལ་མི་བཟོད་པའི་ཚོར་སྣང་ཞིག་གིས་མིག་ཟུང་མཆི་མ་ཁེང་བཞིན་དར་དཀར་གནམ་ལ་ཕྱར་ནས་རྒྱང་རིང་བར་དུ་མིག་གིས་ཕེབས་སྐྱེལ་བྱས།

ཅ༽

སྟོན་ཁའི་ཉི་མ་དྲོ་དུས་ཡུལ་མི་ཚོ་ཁང་ཐོག་ཏུ་ཉི་མ་ལྡེ་བ་ནི་རྒན་རྒོན་ཕལ་ཆེ་བའི་གོམས་ལོབས་སུ་གྱུར་ཟིན། འོན་ཀྱང་ཕ་རྒན་ནོར་བཟང་གི་ཁང་ཐོག་ཏུ་མི་ཚོ་གཅིག་གོར་གོར་གྱིས་འཛོམས་ཡོད་པ་ནི། ཁོང་གི་གཉེན་ཚན་རྣམས་ཀྱིས་ཁ་སྔོན་མཆོད་པའི་འགྲོ་གྲོན་གྱི་རྩིས་ཁྲའི་སྐོར་གྲོས་སྡུར་གནང་བཞིན་པའི་སྒང་རེད། “ད་ལོ་ངེད་རྒན་རྒོན་གཉིས་ལ་དུས་ཀྱི་བསྐལ་པ་བཟང་པོ་བྱུང་སོང་། དེ་ཡང་གཙོ་བོ་གཉེན་ཉེ་འབྲེལ་ཁྱེད་རྣམས་ཀྱི་རོགས་རམ་དང་། ལྷག་པར་དུ་མཁན་རིན་པོ་ཆེ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་བཟང་པོ་ཐོབ་པ་གཞིར་བཟུང་མཆོད་པ་བཙུགས་པའི་སྔ་རྗེས་བར་གསུམ་དུ་ཧ་ཅང་བཀྲ་ཤིས་པ་དང་ཁ་དགེ་བའི་ངང་ནས་ལས་དོན་དེ་མཇུག་བསྒྲིལ་སོང་བས་ཁྱེད་གཉེན་ཚན་ཡོངས་དང་བུ་ཡིད་འཕྲོག་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ངེད་རྒན་རྒོན་གཉིས་ལ་ལག་དངུལ་མང་པོ་མེད་པས། མཆོད་པའི་འགྲོ་གྲོན་ཚང་མ་བུས་སྔ་གཡར་གྱིས་གཏང་རྒྱུ་བྱས་པ་ཡིན། ངའི་བསམ་པར་ཕ་གིའི་མཐའ་ཞིང་[3]དེ་བུ་ལ་བཙོངས་ན་བསམས་བྱུང་། གལ་སྲིད་དེས་མ་འདང་ཚེ་དེའི་སྒང་ལ་ཁ་སྣོན་དགོས་ཀྱང་བསྣན་ཆོག” ཅེས་ཕ་རྒན་གྱིས་ངག་འཇམ་པོས་དེ་ལྟར་བཤད་པ་དང་། “མཐའ་ཞིང་ཆེན་པོ་དེ་བུ་ལ་སྤྲད་ན་ད་དུང་དེའི་སྒང་ལ་སྣོན་པ་དགོས་ཀྱི་མ་རེད། ས་རིན་པོ་ཆེ་རེད། དེང་སང་ས་མ་རག་པའི་དུས་ཚོད་རེད།” ཅེས་ཕ་ཚན་རྒས་པོ་ཞིག་གིས་བཤད། “ས་ཞིང་བཙོངས་ན་འུ་ཐུག་པའི་ལས་ཀ་རེད། མ་ཟད་ང་ལ་ས་ཞིང་དགོས་མཁོ་མེད། དེ་ལས་བྱུ་རུ་རྙིང་པ་དེ་བཙོངས་ན་ག་འདྲ་འདུག” ཅེས་བུ་ཡིད་འཕྲོག་གིས་སྐད་ཤུགས་ཆེན་པོས་བཤད། ཡང་བསྐྱར་ཕ་རྒན་གྱིས་ཚིག་མགོ་ལྷོད་ལ་ཕབ་སྟེ་“མ་གཞི་བྱུར་རྙིང་འདི་སྔ་ཕྱི་མ་གཏོགས་ཁྱེད་རང་ལ་དབང་བ་རེད། ངའི་བསམ་པར་ད་ལྟ་ངེད་རྒན་རྒོན་གཉིས་ན་ཚོད་ཡོལ་ཟིན་པས་ས་ཞིང་མང་པོ་འདེབས་ལས་མི་ཁོམ་པ་དང་ལུས་ཤུགས་ཀྱིས་ཀྱང་མི་ཁུལ་བ་འདུག་པས། དེ་ལས་མཐའ་ཞིང་དེ་བུ་ཁྱོད་ཀྱིས་དངུལ་གྱི་སྐྱིན་ཚབ་ཏུ་ཉར་རོགས།” ཞེས་ཞུ་བ་དང་སྦྲགས་ནས་བཤད་པ་དང་། དེར་འདུས་གཉེན་ཚན་རྣམས་ཀྱིས་ཀྱང་ཕ་རྒན་ནོར་བཟང་གིས་གསུངས་པ་ལྟར་མོས་མཐུན་གྱིས་ཡིད་འཕྲོག་ལ་འགྲེལ་བརྗོད་བྱས།

དེ་ལྟར་ཕར་བཤད་ཚུར་བཤད་ཡུན་རིང་བྱས་ཀྱང་གཏམ་ཐག་ཅི་ཡང་མ་ཆོད་ཅིང་། ཐོག་མར་སྐད་མགོ་འཇམ་པོ་ནས་འགོ་བཙུགས་ཀྱང་ད་ནི་སྐད་གཞུག་ཇེ་རྩུབ་ཏུ་གྱུར་ནས་འཁྲུག་རྩོད་དུ་གྱུར། ཕ་རྒན་གྱི་སེམས་ནང་རང་གིས་སྐྱེས་པའི་བུ་ཕྲུག་ཡིན་ཀྱང་། རྒྱུ་ལ་བརྔམས་ནས་ཕ་མའི་འདུ་ཤེས་ཐིགས་པ་གཅིག་ཀྱང་མི་འདུག་ཅེས་སེམས་གཏིང་ནས་ཁོང་ཁྲོ་ལངས་པ་དང་བསྟུན་ནས་ཁ་ནས་ཚིག་ངན་ཁ་ཤས་ཤོར་སྐབས་བུ་ཡིད་འཕྲོག་གྲལ་གྱི་དབུས་ནས་ཕ་རྒན་གྱི་སྟེང་དུ་མཆོངས་ཤིང་། ཁུ་ཚུར་ཞུ་བར་བརྩམས་པ་ན་གཉེན་ཚན་རྣམས་ཀྱིས་བཟུང་ནས་བར་འདུམ་བྱས་ཏེ་སོ་སོར་གྱེས་སོང་།

ཡུལ་གྱི་སྲོལ་ལྟར་ཕ་དང་བུའི་ཁྱིམ་ཚང་སོ་སོར་གྱེས་ཟིན་ཚེ་ཕྱིན་ཆད་ཕ་བུའི་བར་ས་ཞིང་ཉོ་འཚོང་སོགས་བྱ་དགོས་ཚེ་ངེས་པར་དུ་ཕ་ཚན་རྣམས་ཀྱིས་བར་མི་ངེས་པར་དུ་བསྡད་དགོས། ས་ཁང་དང་ཞིང་སོགས་ཐོག་མར་ཕ་ཚན་གྱིས་ཚད་ལ་རན་པའི་གོང་ཚད་བརྒྱབས་པ་དང་དེ་ནས་སྤུ་ཆ་[4]ཐོག་མར་བུ་ལ་སྤྲོད་དགོས་ཤིང་། དེ་རྗེས་གཉེན་ཚན་རྣམས་སུ་ལ་མཁོ་ནའང་ཉོ་ཆོག་མོད། འོན་ཀྱང་ཕ་མ་ནི་ཕ་མ་རང་ཡིན་པས་སེམས་བསམ་པའི་སྦུག་ནས་ཁོང་ཁྲོ་ཡང་སྙིང་རུས་པའི་གཏིང་ནས་ཡལ་བར་མི་འདོར་བས་ད་དུང་ས་ཁང་དང་ཞིང་ཁ་ནི་ཕྱིན་ཆད་བུ་རབས་ཚ་རྒྱུད་རྣམས་ལའང་དགོས་མཁོ་ཡོང་ངེས་པར་བརྟེན་བུ་ལ་དངུལ་གྱི་སྐྱིན་ཚབ་སྤྲད་པ་ལས། གྲོང་པ་གཞན་ལ་འཚོང་མི་ཐུབ་པ་ག་ལ་ཡིན། གལ་ཏེ་ཡབ་མེས་ནས་བཟུང་ས་ཁང་དང་ཞིང་ས་སོགས་ཕྱིར་འཚོང་བྱས་ཡོད་ཚེ་ད་ལྟ་ང་ཚོར་ལོ་ཏོག་འདེབས་ས་ཞིག་གང་དུ་ཡོད།

ཕ་རྒན་གྱི་སེམས་ནང་དུ་གནས་ལུགས་རྒྱུ་མཚན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་ཀྱང་བོང་བུའི་རྣ་ཅོག་ཏུ་གསེར་བླུགས་པ་བཞིན་བུའི་རྣ་བར་ཅི་ཡང་མི་འགྲོ་བར་ཁོ་ཐག་ཆོད། དེ་ལྟར་ཉིན་ཤས་སོང་ཡང་ཕ་བུའི་བར་གྱི་རྩིས་ཁྲ་དེ་ད་དུང་ཐག་མ་ཆོད་ཅིང་། ཕ་རྒན་ནོར་བཟང་དང་གཉེན་ཚན་རྣམས་ཀྱིས་ཞི་དྲག་གི་སྒོ་ནས་བུར་གོ་བསྐོན་ཀྱང་ཁོས་དེ་ལས་ལྡོག་སྟེ་དཔའ་བློ་ཁོག་གིས་ཤེད་ཤུགས་ངོམས་ནས་རྒན་རྒོན་གཉིས་པོར་རྒོལ་བའང་ཐེངས་གཅིག་ག་ལ་ཡིན།

རྟ་བདུན་དབང་པོ་ནུབ་ཕྱོགས་རི་བོའི་ཉེ་འཁྲིས་སུ་བགྲོད་པ་དང་བསྟུན་གྲིབ་མ་ནག་ཡོལ་ཡོལ་སྡེ་པའི་ཡུལ་ཚོ་ཡོངས་ལ་གཡོགས་ནའང་། གྲོང་ཚོའི་ལྟག་རྒྱབ་ཏུ་བརྗིད་ཆགས་ཀྱིས་འགྱིངས་པའི་རི་འདབས་སུ་ཉི་འོད་སེར་ཐིང་ངེར་འཕྲོས། བུ་ཡིད་འཕྲོག་ཕ་རྒན་གྱི་ཁང་ཐོག་ཏུ་སླེབས་པ་དང་། ཁོའི་ཕ་མ་གཉིས་ཀྱང་ཁང་ཐོག་ཏུ་བཞུགས་ཡོད་པ་དང་ཕྲད། “ད་དུང་ཁྱོད་ཀྱིས་བྱུ་རུ་སྤྲོད་རྩིས་མེད་དམ་ཁྱེད་ཚོས་ངའི་དངུལ་ཟ་བསམ་པ་ཡིན་ནམ།” ཞེས་ཚིག་དྲག་པོས་ཕ་རྒན་གྱི་གདོང་ལ་བལྟས་ཏེ་བཤད་ཅིང་། དེ་ནས་ཕ་རྒན་གྱིས་“ཆུང་དུས་སྦར་མོ་གང་ནས་གསོས་གསོས་པས་ད་རང་མགོ་འཐོན་དུས་རྒྱུ་ཁོ་ན་མ་གཏོགས་ཕ་མ་བསམ་རྒྱུ་མེད་མཁན། ཁྱི་ཞིག་ཡིན་ནའང་བདག་པོ་ངོ་ཤེས་ཀྱི་རེད། བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལན་ལོག་འཇལ་”ཞེས་ཕ་རྒན་ཁོང་ཁྲོ་དང་བཅས་ངག་ནས་ཐལ། སྐབས་དེར་གློ་བུར་དུ་ཁོས་ཕ་རྒན་གྱི་སྐེ་ལ་བཏགས་པའི་བྱུ་རུར་འཇུས་ཏེ་འཐེན་པ་དང་། སྐུད་པ་ཆད་དེ་བྱུ་རུ་ཁོའི་ལག་ཏུ་ཐེབས། ཕ་རྒན་གྱིས་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཏེ་“བདུད་ཕྲུག་ཇག་པ་ཁྱོད་”ཅེས་ཤུགས་གང་ཡོད་བཏོན་ནས་ཁུ་ཚུར་ཞིག་ཁོ་ལ་བཞུས་ཀྱང་ཁོས་ཕ་རྒན་གྱི་ལག་པ་ནས་བཟུང་སྟེ་སར་བསྙལ་ཞིང་། ཁུ་ཚུར་བཅིངས་ནས་ཕ་རྒན་ལ་བརྡུངས་པ་དང་། འགྲམ་དུ་ཡོད་པའི་ཨ་མ་སྣང་གསལ་གྱིས་“སྐུ་མཁྱེན་མ་བརྡུང་རོགས། ཅི་འདྲའི་སྡུག་ནའང་རང་གི་ཕ་རེད།” ཅེས་བུ་ཡིད་འཕྲོག་བཟུང་ནས་ཚུར་འཐེན་ཀྱང་། གཞོན་ནུ་ཤ་དར་དང་ཁྲག་དར་གྱི་ལོ་ཚོད་ཅིག་ལ་རྒན་མོ་ཞིག་གིས་གླགས་ཁེལ་སྟབས་མེད་པས། དེ་ལས་ལྡོག་སྟེ། ཁོས་ལག་གཡས་པས་ཤུགས་ཀྱིས་མ་རྒན་ལ་འབུད་རྒྱག་བཏང་སྟེ་སར་རིལ། ད་དུང་ཁོས་ཁུ་ཚུར་གྱིས་ཕ་རྒན་གྱི་ལུས་པོ་སྟོད་སྨད་གང་སར་གཞུ་བཞིན་གདོང་གི་རྣམ་འགྱུར་སྟེང་དུ་ངོ་ཚ་དང་ཡ་ང་དྲི་ཙམ་ཡང་མེད་པའི་ཁོང་ཁྲོའི་གསེང་ནས་ཅི་འདྲའི་ཚབས་ཆེ་བའི་གཏམ་མང་པོ་ཞིག་ཀྱང་ཤོར།

ཕ་རྒན་གྱི་ཁ་ནས་ཁྲག་དམར་ཙིག་ཙིག་བཞུར་བ་དང་། མིག་ནས་མཆི་མ་ཉིལ་ཉིལ་གྱིས་“བདུད་ཕྲུག་ལས་ངན་ཁྱོད།” ཅེས་ལུས་རྒས་ཀྱང་སེམས་མ་རྒས་པའི་ཁོང་ཁྲོ་དང་སེམས་སྡུག་གིས་མ་བཟོད་པར་ཡར་ལངས་ནས་ཁོ་ལ་གཞུ་བར་བརྩམས་པ་ན། སླར་ཡང་བུས་རང་གི་སྐེད་པའི་སྐ་རགས་བཤིག་ནས་སླར་ཡང་ཕ་རྒན་ལ་བརྡུངས། སྐབས་དེར་མ་རྒན་གྱིས་བྱ་ཐབས་ཅི་ཡང་མེད་པར་སྐད་ཤུགས་གང་ཡོད་བཏོན་ནས་ངུས་ཤིང་། ངུ་སྐད་འདྲེས་མས་“རོགས་པ་བྱེད་རོགས་གནང་མི་གསོད་གྲབས་བྱེད་ཀྱི་འདུག་”ཅེས་སྐད་འབོད་སྣ་ཚོགས་བྱས་པས། ཡུད་ཙམ་ཞིག་ནས་ཁྱིམ་མཚེས་ཀྱི་ཕོ་གཞོན་མང་པོ་ཞིག་ནོར་བཟང་གི་ཁང་ཐོག་ཏུ་འཛོམས་ནས་ཡིད་འཕྲོག་ཁོའི་ཡན་ལག་ནས་བཟུང་སྟེ་ཁང་པའི་ནང་དུ་ཁྲིད། རྒས་པོ་ནོར་བཟང་གི་སྙིང་གི་འཕར་ལྡིང་དྲག་ཏུ་རྒོད་ཅིང་། ཁོག་ཏུ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཀྱང་ཁ་ནས་ཚིག་གི་དུ་བ་ལྷབ་ཙམ་ཡང་འདོན་མ་ཐུབ། རྒས་ཤིང་འཁོགས་པའི་ལུས་པོས་ཕར་རྒོལ་གྱིས་རེ་ཐག་ཆད་དེ་འཁྱར་འཁྱོར་གྱི་གོམ་པ་ག་ལེར་ཁང་པའི་ནང་དུ་འཛུལ། ཁོའི་གོམ་པའི་འདེགས་འཇོག་ལ་བལྟས་ན་ལུས་པོར་ཉེས་བརྡུང་ཚབས་ཆེན་ཞིག་ཕོག་ཡོད་པར་མངོན་ཐུབ་ཅིང་། གཉེར་རིས་ཀྱིས་ཁེངས་པའི་ཡ་ཐོད་ཀྱི་འོག་ཏུ་མིིག་ཟུང་གི་མཐའ་ནས་མཆི་མ་བརྡོལ་བའི་ཤུལ་མང་པོ་ཞིག་གསལ་ལེར་མངོན།

ཐབ་ཀྱི་གོ་ཁའི་ཟུར་དུ་ཆང་ཕོར་ཧུབ་འཐུང་བྱེད་བཞིན་མིག་ཟུང་ཐབ་ཁའི་མེ་ལ་ཅེར་ཏེ། སེམས་ནང་གི་ན་ཟུག་དང་སེམས་སྡུག ཁོང་ཁྲོ་དང་། གནོང་འགྱོད། ཕང་སེམས་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་པའི་ཁྲོད་དུ་འཚངས་འོང་བ་དང་། མཚམས་རེར་ཆང་ཧུབ་གང་རེ་འཐུང་ཞོར་ཆང་ཕོར་ཤུགས་ཀྱིས་ས་ལ་བརྡབས་ཏེ། “ལྟས་ངན་བྱོལ་སོང་ཁྱོད། ངས་ཁྱོད་ལ་མ་ཐུབ་ནའང་། ནམ་མཁའི་བླ་མ་དཀོན་མཆོག་དང་ལས་རྒྱུ་འབྲས་ཀྱིས་ཐར་པ་གཏོང་གི་མ་རེད། ང་ཤི་ནའང་དུར་ཁུང་གི་ཁ་ནས་ཁྱོད་ལ་ཅེར་ནས་བསྡད་ཆོག” ཅེས་ཧ་ཅང་འུ་ཐུག་ཐབས་ཟད་པའི་སྡུག་སྐད་མང་པོ་ཞིག་ཤོར།

དགོང་མོའི་མཚམས་སྤྲིན་དམར་པོའི་གསེང་ནས་སྟོན་རླུང་ལྡང་འགོ་ཚུགས་ཤིང་། གྲོང་ཚོ་དེའི་ཁང་ཐོག་གི་དུ་ཁུང་ནས་སྔོ་ལྷོག་ལྷོག་འཕྱུར་བའི་དུ་བ་དེ་ཡང་ཕྱོགས་ངེས་མེད་དུ་གཡོ་བཞིན་འདུག་ལ། ཞོགས་པར་རི་ལ་བདས་པའི་སྒོ་ཕྱུགས་མཛོ་དང་མཛོ་མོ་རྣམས་ཁང་པའི་སྒོ་ཁར་ལོག་འོང་། འོན་ཀྱང་རླུང་ཤུགས་སྔར་བས་ཆེ་བར་ལྡང་བ་དང་། སྲང་ལམ་གྱི་རྩྭ་དུམ་དང་ཐལ་རྡུལ་ཡོད་ཚད་བར་སྣང་ཁམས་སུ་ཕར་གཡོ་ཚུར་གཡོ་བྱེད་བཞིན་གསལ་ལ་མི་གསལ་བའི་ངུ་སྐད་ཅིག་རྒས་པོ་ནོར་བཟང་ཚང་གི་ཕྱོགས་ནས་གྲགས་འོང་། ས་སྲོད་རབ་རིབ་ཀྱི་གསེང་ནས་ཡུལ་མི་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་རྒྱུག་མ་འདུར་གྱིས་རྒས་པོ་ནོར་བཟང་ཚང་གི་སྒོ་ཁའི་ཕྱོགས་སུ་འཚང་བཞིན་འདུག་ལ། དེ་ནས་རིམ་བཞིན་མིའི་ངུ་སྐད་དང་། ཁྱིའི་ཟུག་སྐད་སོགས་བཀྲ་མི་ཤིས་པའི་གཏམ་ཞིག་གྲོང་ཚོ་སྟོད་སྨད་བར་གསུམ་གང་སར་ཁྱབ། ཡ་ང་བའི་གཏམ་ངན་དེས་ཡུལ་ལྷ་གཞི་བདག་རྣམས་ཀྱང་ཁྲོས་ཏེ། སྟོན་རླུང་གི་འུར་སྒྲ་དེ་སྔར་ལས་ཀྱང་ཆེ་བར་ལྡང་བཞིན་འདུག

ཆ༽

ཞིང་ལ་རིང་མོའི་གྲོང་ཚོའི་དཀྱིལ་གྱི་མ་ཎི་ལྷ་ཁང་དེ་ན་ནིང་དཔྱིད་ཀར་ས་ཡོམ་གོད་ཆགས་ཀྱིས་རྐྱེན་པས་གས་ཆག་ཆེན་པོ་བྱུང་བ་དང་། ལྷག་པར་དུ་གཞུང་གི་མཛོད་ཁང་དེ་ཡང་རྨང་ནས་ཞིག་ཟིན། ཡུལ་མི་རྣམས་ཀྱིས་ཉམས་གསོའི་ཆེད་དུ་ལྷ་བྲིས་དང་། ཤིང་བཟོ་དང་། རྡོ་བཟོ་བ་སོགས་གླས་ཏེ་ཞིག་གསོའི་ལས་གཞི་དབུ་བཙུགས་གནང་བ་དང་། ནམ་རྒྱུན་ལས་མི་རྣམས་ཁ་ལག་དེ་མ་ཎི་ལྷ་ཁང་རྒྱབ་ཀྱི་ཐབ་ཚང་རྙིང་པ་དེའི་ནང་ལྷན་དུ་ཟ་བ་ཡིན། དགོན་པའི་ལས་མི་ཁ་ཤས་མཚན་ཕྱི་པོར་ཡར་མར་འགྲོ་དུས་ཧ་ཅང་འཇིགས་སུ་རུང་བའི་གནས་ཚུལ་མང་པོ་ཞིག་དང་འཕྲད་པའི་སྐོར་བཤད་རྒྱུ་ཡོད། ཉིན་ཞིག་གི་མཚན་མོར་ལས་མི་ཁ་ཤས་ཁྱིམ་དུ་ལོག་འགྲོ་བའི་ལམ་བར་དུ་ལུས་ལ་གྱོན་པ་ནག་པོ་གྱོན་པའི་རྒས་པོ་ཞིག་མ་ཎི་ལྷ་ཁང་གི་གཡས་གཡོན་དུ་འགྲོ་བ་མཐོང་ཞིང་། མཚན་ཕྱི་པོ་དེ་འདྲར་སུ་ཡིན་ནམ་སྙམ་ནས་འཁྲིས་སུ་བཅར་དུས་སུ་ཡང་མེད་པ་ཤེས། སླར་ཡར་གོམ་ཁ་ཁ་ཤས་སྤོས་མཚམས་སུ་ཁ་ཚུར་ལོག་ནས་བལྟས་ཚེ་སྔར་བཞིན་རྒས་པོ་དེ་འགྲོ་བ་མཐོང་། སྐབས་དེར་མི་རྣམས་དངངས་སྐྲག་གིས་ཕྱིར་བལྟས་མེད་པར་ལོག

དེ་ནས་བཟུང་གཟུགས་མེད་ཀྱི་གྲིབ་གཟུགས་ཤིག་གིས་ཡུལ་ཚོ་སྟོད་སྨད་བར་གསུམ་པོ་འགུལ་འགུལ་ཡོམ་ཡོམ་དུ་བཏང་། དེ་ལྟར་དུས་ཡུན་གང་འཚམ་སོང་བའི་རྗེས་སུ་སླར་ཡང་གཟུགས་མེད་གྲིབ་གཟུགས་དེ་མ་ཎི་ལྷ་ཁང་གཡས་གཡོན་དང་། ཡིད་འཕྲོག་ཚང་གི་སྒོ་ཁའི་ཕྱོགས་སུ་རྒྱུ་བཞིན་འདུག་ཟེར། གང་ལྟར་ཡང་གཟུགས་མེད་རྣམ་ཤེས་འཁྱམ་པོ་དེ་མ་ཎི་ལྷ་ཁང་གི་འཁྲིས་སུ་ཅི་ཞིག་འཚོལ་བ་དང་། ཡིད་འཕྲོག་ཚང་གི་སྒོ་ཁའི་ཕྱོགས་སུ་ཅི་ཞིག་ཆད་ཡོད་པ་ནི་སུས་ཀྱང་ཤེས་ཀྱི་མེད་ལ་ཤེས་ཀྱང་མི་སྲིད་ཅིང་མ་ཟད་ཡང་སྙིང་ཁོ་སུ་ཡིན་མིན་ཡང་ཤེས་མཁན་མེད།

དུས་ཀྱི་འགྱུར་འགྲོས་ནི་སྐད་ཅིག་ཀྱང་སྡོད་དབང་མེད་པར་འཁྱུག་ཙམ་ཞིག་ལ་ལོ་གཅིག་འདས་སོང་། སྟོན་སྤྲིན་མཐུག་པོས་བཅིངས་པའི་མཚན་མོ་ཞིག་ལ་སྟོན་རླུང་སིར་སིར་དེ་གྲང་ངར་ཤིན་ཏུ་ཆེ། བསིལ་ཟེར་ཅན་པོ་དེ་ཡང་སྨུག་སྤྲིན་མཐུག་པོ་ཞིག་གི་གསེང་དུ་འཛུལ་ནས་ས་གཞི་ཡོངས་ལ་མུན་པའི་གོ་ཆ་སྤྲས། ཞིང་ལ་རིང་མོའི་གྲོང་ཚོའི་སྤྱི་དགོན་མ་ཎི་ལྷ་ཁང་གི་ཉམས་གསོའི་ལས་མི་རྣམས་ལྷ་ཁང་འཁྲིས་ཀྱི་ཐབ་ཚང་རྙིང་པའི་ནང་དགོང་ཟས་ཟིན་པ་དང་གནམ་གཤིས་གྲང་ངར་ཆེ་བར་བརྟེན་ཚང་མ་ཐབ་ཀྱི་གོ་ཁའི་འཁྲིས་སུ་མེ་སྲོ་བཞིན་པའི་སྐབས་སུ་གློ་བུར་དུ་ལས་མི་ཟླ་བ་ཚེ་རིང་གིས་ཐོག་མར་དྲབ་ངོས་སུ་མེ་མགལ་བཞུས་པ་དང་། བར་དུ་མི་སུ་ཡང་མཐོང་རྒྱུ་མེད་ཀྱང་ཁོས་སུ་ཞིག་མཐོང་བ་ལྟར་ལབ་གླེང་བྱས་པ། མཐར་ད་དུང་ཐབ་འཁྲིས་ཀྱི་མཁོ་དགུའི་ཡོ་ཆས་རྣམས་ལག་པར་གང་ཐེབས་དྲབ་ངོས་སུ་ཞུ་བར་བརྟེན་ད་ལྟ་ལས་མི་རྣམས་ཀྱིས་མཉམ་རུབ་ཀྱིས་ཁོ་ཉེས་ཅན་པ་བཞིན་མར་མནན། ཤིང་བཟོ་རྒས་པོ་དེའི་ལམ་སྟོན་འོག་མི་ཁ་ཤས་ཀྱིས་སྐུད་པ་བཙལ་ནས་ཁོའི་མཛུབ་མོ་སྲིན་མཛུབ་བསྡམས། མི་རྒས་ན་མྱོང་བ་མང་། ཞེས་པ་ལྟར་ཁོར་འདི་ལྟ་བུའི་གནས་ཚུལ་དང་འཕྲད་ཐེངས་མང་པོ་ཡིན་པས་ཁོ་ལ་མཚོན་ན་སྤྱིར་བཏང་ཞིག་རེད།

“ཁྱོད་སུ་ཡིན་ནམ་འདིར་ཅིའི་ཕྱིར་འོང་བ་ཡིན།” ཞེས་ཤིང་བཟོ་རྒས་པོ་དེས་སར་བསྙལ་ཡོད་པའི་ཟླ་བ་ཚེ་རིང་ལ་དྲིས། འོན་ཀྱང་ཁོས་ལན་ཅི་ཡང་མ་བཏབ་པར་མིག་ཟུང་སྐྲག་པའི་ཚུལ་གྱིས་རྒས་པོའི་བཞིན་ལ་བལྟས་ནས་བསྡད། ཡང་བསྐྱར་སྐད་ཤུགས་ཆེན་པོས་“ཁྱོད་སུ་ཡིན་ནམ་འདིར་ཅིའི་ཕྱིར་འོང་བ་ཡིན།” ཞེས་འདྲི་དུས་ཁོས་གཞི་ནས་ཁ་གྲགས་བྱུང་། “ང་ནོར་བཟང་ཡིན། ཟླ་བ་ཚེ་རིང་འཚོལ་དུ་ཡོང་བ་ཡིན། ཁོ་ལ་ལྷམ་གྱི་རིན་པ་ཞིག་བླང་དགོས་ཡོད། དེ་སྔོན་དབྱར་རྩྭ་དགུན་འབུ་སྒྲུག་པའི་སྐབས་སུ། ཁོས་ངའི་ལག་ནས་ལྷམ་གསར་པ་ཞིག་ཉོས་སོང་འབུ་བཙོངས་ཟིན་རྗེས་དངུལ་སྤྲད་རྒྱུ་བྱས་པ་ཡིན། འོན་ཀྱང་ངོ་ཚ་རྒྱུ་མེད་པ་ཁོས་ད་ལྟ་བར་དུ་སྤྲད་མ་བྱུང་།” ཞེས་སྐད་ངག་སྙོམས་པོས་དེ་ལྟར་བཤད། སྐབས་དེར་མི་རྣམས་གཅིག་གི་གདོང་ལ་གཅིག་ཅེར་ནས་ཤིན་ཏུ་ཡ་མཚན་པའི་ཚོར་སྣང་དང་སྐྲག་སྣང་ལྷན་ཅིག་ཏུ་སྐྱེས། “ང་ཁ་སྐོམ་གྱི་འདུག ཆང་ཞིག་སྟེར་རོགས། ང་འགྲོ་གི་ཡིན།” ཞེས་ཁོ་ཧ་ཅང་སྐོམ་སྣང་གིས་ཁའི་མཆུ་ཡང་སྐམ་པོར་གྱུར་འདུག “ཆང་སྤྲད་ན་ཁོ་རྟག་པར་ཡོང་གི་རེད། ཆང་སྤྲོད་མི་དགོས་དེ་ལས་ཇ་ཕོར་ནང་ཆུ་ཞིག་བླུགས་ནས་སྤྲོད་དང་སྐོམ་པ་སེལ་ཡོང་།” ཞེས་དཀར་ཡོལ་ནང་ཆུ་དྲོད་འཇམ་བླུགས་ནས་སྤྲོད་དུས་ཁོས་ཆུ་དེར་ཁ་བཙུགས་ཙམ་བྱས་པ་མ་གཏོགས་མ་བཏུངས། “ད་ང་གློད་དང་། ང་འགྲོ་གི་ཡིན།” ཞེས་འུ་ཐུག་པའི་སྐད་ཀྱིས་དེ་ལྟར་སྨྲས། དེ་ནས་ཤིང་བཟོས་ཁོའི་སྲིན་མཛུབ་ཀྱི་སྐུད་པ་དེ་ལྷོད་དུ་བཏང་བ་དང་། ཟླ་བ་ཚེ་རིང་ཡང་ག་ལེར་མིག་བཙུམ་ནས་གཉིད་པའི་ཟོལ་གྱིས་མགོ་བོ་སར་ཉལ། ཡུད་ཙམ་གྱི་རྗེས་སུ་ཟླ་བ་ཚེ་རིང་གཉིད་ལས་སད། ཁོས་གཉིད་སྟུག་པོ་ཞིག་ལས་སད་པ་བཞིན་མིག་གཉིས་འཕུར་འཕུར་གནང་སྟེ་འཁྲིས་སུ་ཡོད་པའི་མི་རྣམས་ལ་“ང་གཉིད་རྦད་དེ་ཁུགས་འདུག”ཅེས་བཤད་པ་དང་། ཉེ་འཁོར་གྱི་མི་རྣམས་ཅུང་མི་བདེ་བའི་ཟོལ་གྱིས་མིག་ཟུང་ཁོ་ལ་ཅེར་ནས་སྡོད་དུས། ཁོས་ཁོ་རང་གི་ལུས་ལ་ལྟ་ཙམ་བྱས་པ་དང་། དེ་ནས་གཡས་གཡོན་གྱི་མི་རྣམས་ལ་ “ག་རེ་བྱས་སོང་། ག་རེ་བྱས་སོང་།” ཞེས་དོགས་མི་བདེ་བའི་ཚུལ་གྱིས་དྲིས། “ཁྱོད་ཀྱིས་ནོར་བཟང་ལ་དངུལ་སྤྲད་དགོས་ཡོད་དམ་” ཞེས་ཤིང་བཟོས་ཟླ་བ་ཚེ་རིང་ལ་སྐད་ཆ་འདྲི་སྐབས། ཁོས་ད་ལྟ་རང་གཉིད་ལས་སད་པ་བཞིན་ཐམ་ཐོམ་ངང་། “དངུལ་སྤྲད་དགོས་མེད་” ཅེས་མགོ་བོ་གཡུག་གཡུག་བྱས། དེ་ནས་ཤིང་བཟོས་ “ད་གིན་ནོར་བཟང་ཡིན་ཟེར་བ་ཞིག་ཁྱོད་ཀྱི་ཁོག་ཏུ་ཞུགས་ནས་ཁོས་ཟླ་བ་ཚེ་རིང་འགྲམ་དུ་ལྷམ་གྱི་རིན་ལེན་དུ་ཡོང་བ་ཡིན་ཟེར་གྱི་འདུག” ཅེས་ཟླ་བ་ཚེ་རིང་ལ་འགྲེལ་བརྗོད་བྱས། དེ་ནས་ཁོས་བསམ་བློ་ཞིག་བཏང་བ་དང་། གློ་བུར་དུ་ཅི་ཞིག་དྲན་སོས་པ་ལྟར། “འོ་རེད། དེ་ནི་ལོ་མང་པོའི་སྔོན་ལ་རེད། དབྱར་དུས་དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་དང་བསྟུན་ནས་རྒན་པོ་ནོར་བཟང་ལྷས་རར་བསྡད་ནས་ཟ་ཆས་དང་ལྷམ་སོགས་ཙག་ཙིག་རིགས་འཚོང་གི་འདུག སྐབས་དེ་དུས་ངས་ཁོང་གི་ལག་ནས་ལྷམ་ཞིག་ཉོས་པ་ཡིན། རྗེས་སུ་དབྱར་རྩྭ་དགུན་འབུ་བཙོངས་ཟིན་རྗེས་དངུལ་སྤྲད་རྒྱུ་བྱས་པ་ཡིན། འོན་ཀྱང་ལོ་དེར་དབྱར་རྩྭ་དགུན་འབུ་གོང་ཚད་ཆག་ནས་ལམ་སང་འཚོང་མ་ཐུབ་པས་ངས་ཁོང་ལ་རིན་པ་ཡང་སྤྲད་རྒྱུ་བརྗེད་འདུག” ཅེས་བཤད་དུས་གཡས་གཡོན་གྱི་མི་རྣམས་ཀྱིས་ཤིན་ཏུ་ཡ་མཚན་པའི་གནས་ཚུལ་ཞིག་མིག་གིས་དངོས་སུ་མཐོང་།

རེད་ཡ། དེ་རིང་ནི་ཕ་རྒན་ནོར་བཟང་མི་ཡུལ་ནས་གྱེས་ནས་ལོ་གཅིག་འཁོར་བའི་དུས་ཡིན། ན་ནིང་སྟོན་ཁར་རང་གི་བུ་དང་རྩིས་ཁྲ་ཞིག་གི་རྐྱེན་ལས་བུས་ཕ་རྒན་ལ་སུན་གཙེར་དང་སྡང་ཟུག་སྣ་ཚོགས་བྱས་ཤིང་། ལྷག་པར་དུ་ཁོས་ལས་འབྲས་རྒྱབ་ཏུ་བསྐྱུར་ནས་ཤེད་ཤུགས་ངོམས་ཏེ་ཕ་རྒན་ལ་བརྡུངས་པ་དང་། ལུས་རྒས་ཀྱང་སེམས་མ་རྒས་པའི་རྒན་པོ་འུ་ཐུག་ཐབས་ཟད་དེ་སེམས་སྡུག་གིས་མ་བཟོད་པར་མཐར་ཉིན་དེའི་ཕྱི་དྲོར་ཁང་པའི་ནང་གནམ་ཐག་བརྒྱབ་སྟེ་ནམ་ཡང་ཕྱིར་བལྟས་མེད་པར་ཕྱི་མའི་ལམ་དུ་གཤེགས། འོན་ཀྱང་ཧ་ཅང་ཡིད་སྐྱོ་བ་ཞིག་ལ་འཇིག་རྟེན་མི་ཡུལ་འདི་ནས་གཤེགས་ཕོད་ཀྱང་། འཁོར་བའི་ཡོ་ཆས་ཆུང་ཙག་ཅིག་ཀྱང་བློས་གཏོང་མི་ཕོད་ཅིང་ད་དུང་ཁོ་གཟུགས་མེད་ཀྱི་གྲིབ་མར་བརྫུས་ནས་གྲོང་ཚོའི་ནང་དུ་རྒྱུ་བ་ནི་བགྲོད་བྱའི་ལམ་ཞིག་ད་དུང་བཙལ་ཐུབ་མེད་པ་འདྲ།


[1] ཡུལ་སྐད། ཕྱུག་པོའི་དོན།

[2] ཤི་གསོན་གཉིས་ཀྱི་ཆེད་དུ་དགེ་བ་སྒྲུབ་པའི་མིང་། ཚོགས་པ་ཉིན་གྲངས་ལ་ངེས་གཏན་མེད་ཀྱང་ཕལ་ཆེ་བ་ཉིན་བདུན་ཙམ་འཚོག་སྲོལ་ཡོད། སྐབས་དེ་དུས་མི་མང་རྣམས་ཀྱང་འདུ་འཛོམས་གནང་སྟེ་ལྷ་ཁང་ལ་སྐོར་བ་རྒྱག་པ་དང་། མ་ཎི་གྲངས་གསོག་པ། དགེ་སྒྲུབ་ལ་བརྩོན་བཞིན་པའི་མི་མང་ཡོངས་ལ་ཉིན་འཁྱོངས་ཀྱི་བཞེས་ལག་འབུལ་བ་བཅས་གནང་སྲོལ་ཡོད།

[3]  གྲོང་ཚོའི་མཐའ་ལ་ཡོད་པའི་ཞིང་།

[4]  ཡུལ་སྐད། ས་ཁང་སོགས་ཉོ་རྒྱུའི་དབང་ཆ་ཡོད་པ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།