རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་བརྗོད་བྱ་འགའ་ཞིག་ལ་ཅུང་ཙམ་དཔྱད་པ།

ལོ་རིམ་བདུན་པའི་སློབ་གཉེར་བ། འགྱུར་མེད་ཀུན་བཟང་།

བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།

དྲང་ངེས་ཀྱི་རྣམ་གཞག་སྤྱིར་བཤད་པ།

སྟོན་པ་བཀའ་དྲིན་ཅན་གྱིས་མདོ་ལང་ཀར་གཤེགས་པ་ལས།[1] ཇི་སྲིད་སེམས་འཇུག་བར་དུ་ནི། །ཐེག་པ་རྣམས་ལ་ཐུག་པ་མེད། །ཅེས་གསུངས་པ་ལྟར། སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པར་གང་ལ་གང་འདུལ་གྱི་ཆོས་ཀྱི་རྣམ་གྲངས་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས། དེ་ལྟར་གང་དང་གང་གསུངས་པ་ཐམས་ཅད་གདུལ་བྱ་རྣམས་ལ་རང་གི་དོན་དུ་གཉེར་བྱའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་ཐབས་མ་ནོར་བ་ཁོ་ནའོ། །གདུལ་བྱ་རྣམས་ལ་ཕན་པ་ཁོ་ནའི་ཆེད་དགོས་པའི་དབང་གིས་དྲང་དོན་དང་ངེས་དོན་གྱི་ཆོས་སྣ་ཚོགས་པ་གསུངས་པས་ཚིག་ཟིན་དངོས་བསྟན་ལ་བལྟས་ན་སྔ་ཕྱི་བར་གསུམ་མི་མཐུན་པར་འགལ་བ་ལྟ་བུར་སྣང་ཡང་། སངས་རྒྱས་ཀྱི་གསུང་ནི་དོན་ལ་ཐོག་མཐའ་བར་གསུམ་དུ་མི་མཐུན་པ་མེད་ཅིང་དགེ་བའི་རང་བཞིན་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་བྱེད་ཀྱི་བགྲོད་ལམ་གཅིག་པུར་གྱུར་པའི་དགོངས་པའི་གནད་གཅིག་ཏུ་གྱུར་པ་ཁོ་ནའོ། །དེར་བརྟེན་སྟོན་པས་རང་ཉིད་ལ་སྟོན་པ་མཆོག་དང་དད་པ་ཡིད་ཆེས་མོས་པ་ཙམ་མ་ཡིན་པར་སོ་སོ་རང་ཉིད་ཀྱིས་ཡང་དག་པའི་རིགས་པས་བསྟན་བྱའི་དོན་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་ཁས་ལེན་དགོས་པའམ་ངེས་པའི་དོན་ལ་འཇུག་དགོས་པར་གསུངས་སོ། །དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་ཐུན་མིན་བླ་ན་མེད་པ་ཞིག་ཡིན་ལ། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱི་དགོངས་པ་ཡིན་གྱི་རྗེས་འཇུག་རྣམས་ཀྱིས་རང་བཟོས་མ་ཡིན་ཏེ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལས།[2] ཇི་ལྟར་དུག་ནི་འདོད་པ་ལ། །སྨན་ཉིད་དུག་ཏུ་སྦྱར་ཏེ་བྱིན། །སྨན་ལས་དུག་འབྱུང་སྦྱོར་བ་ཡང་། །སྨན་པ་མཁས་པས་སྦྱོར་བ་ཤེས། །གཞན་ཡང་མར་དང་ཁ་ར་དང་། །མར་གྱི་སྙིང་པོ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །དེ་བཞིན་ང་ཡིས་གསུངས་པ་ཡང་། །དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ནི་ཇི་བཞིན་ཇི་བཞིན་མིན། །དགོངས་པ་དང་ནི་དགོངས་པ་མིན། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱི་མཁས་པ་འཇུག་མི་བྱ། །ཞེས་དང་། བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས།[3] ངེས་པའི་དོན་གྱི་མདོ་སྡེ་ལ་རྟེན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟེན་པ་དང་། ཞེས་སོགས་གསུངས་པས་སོ།།

བྱེ་བྲག་ཏུ་སེམས་ཙམ་པའི་ལུགས་ཀྱི་འཁོར་ལོ་གསུམ་གྱི་དྲང་ངེས་མདོ་ལས་གསུངས་ཚུལ།

དེ་ཡང་སེམས་ཙམ་པའི་ལུགས་ཀྱི་ཆོས་འཁོར་རིམ་པ་གསུམ་གྱི་དྲང་ངེས་ཀྱི་རྣམ་གཞག་གསལ་པོར་གསུངས་པའི་མདོ་ནི། ཡོངས་གྲགས་ལ་སེམས་ཙམ་པའི་མདོ་བཞིར་གྲགས་པའི་ནང་གསེས་མདོ་དགོངས་པ་ངེས་འགྲེལ་ཡིན་ལ། དེ་ཉིད་ལས་འཁོར་ལོ་དང་པོ་དང་བར་པ་གཉིས་དྲང་དོན་དང་མཐའ་མ་ཉིད་ངེས་དོན་གྱི་མདོ་ཡིན་པར་གསུངས་པ་ལས། ཆོས་འཁོར་དང་པོ་དྲང་དོན་ཡིན་པར་གསུངས་པའི་ཚུལ་ནི། མདོ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཀྱི་ལེའུ་ལས།[4] དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་གསུངས་སོ།།

ཆོས་འཁོར་གཉིས་པ་དྲང་དོན་ཡིན་པར་གསུངས་ཚུལ་ནི། དེ་ཉིད་ལས།[5] བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་གསུངས་པ་ལྟར། ཆོས་འཁོར་དང་པོ་དང་བར་པ་དེ་དག་ལས་གོང་ན་ཆོས་འཁོར་ཁྱད་པར་ཅན་གཞན་ཡོད་པས་བླ་ན་མཆིས་པ་ཞེས་དང་། གཞན་གྱིས་གནོད་པ་བརྗོད་པའམ་ཀླན་ཀའི་སྐབས་ཡོད་པས་སྐབས་མཆིས་པ་ཞེས་དང་། ངེས་དོན་མ་ཡིན་པས་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་པར་གསུངས་སོ།།

ཆོས་འཁོར་མཐའ་མ་ངེས་དོན་ཡིན་པར་གསུངས་ཚུལ་ནི། དེ་ཉིད་ལས།[6] བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པ་ལྟར། ཆོས་འཁོར་མཐའ་མ་དེ་ཉིད་དང་པོ་དང་བར་པ་ལས་ལྡོག་སྟེ་དེ་ལ་བླ་ན་མ་མཆིས་པ་དང་སྐབས་མ་མཆིས་པ་དང་ངེས་པའི་དོན་རྩོད་པའི་གནས་སུ་མ་གྱུར་པ་ཡིན་པར་གསུངས་པས། སེམས་ཙམ་པའི་ལུགས་འདིར་ཆོས་འཁོར་དང་པོ་དང་བར་པ་དྲང་དོན་དང་མཐའ་མ་ཉིད་ངེས་དོན་དུ་བཞེད་པར་གསལ་པོར་ཤེས་ཐུབ་བོ།།

དེ་ལ་དོན་དམ་ཡང་དག་འཕགས་ཀྱིས་བཅོམ་ལྡན་འདས་ལ་འཁོར་ལོ་དང་པོ་དང་བར་པ་གཉིས་ལ་འགལ་སྤོང་གི་དྲི་བ་ཞུས་པའི་ཚུལ་ནི། མདོ་དེ་ཉིད་ལས།[7] དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་འཁོར་ལོ་བར་པ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་པོ་ལ་དོན་གྱིའམ་ཤུགས་ལ་ཞུས་པ་ཡིན་ནམ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་ལོ་བར་པའི་དགོངས་གཞི་དང་བཅས་འགལ་སྤོང་གི་ལན་གནང་བའི་ཚུལ་ནི། དེ་ཉིད་ལས།[8] དོན་དམ་ཡང་དག་འཕགས་དེའི་ཕྱིར་ཉོན་ཅིག་དང་། ངས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་དོན་དམ་ཡང་དག་འཕགས་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་མ་ཡིན་ཡང་། དགོངས་གཞི་ངོ་བོ་ཉིད་མེད་པ་གསུམ་པོ་དེ་ལ་དགོངས་ནས་ཆོས་འཁོར་བར་པའི་སྐབས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཡིན་པར་གསུངས་སོ།།

སེམས་ཙམ་པའི་མདོ་བཞིར་གྲགས་པ་དེ་དག་སེམས་ཙམ་པའི་མདོ་ཡིན་མིན་ལ་དཔྱད་པ།

ཡོངས་གྲགས་ལ་སེམས་ཙམ་པའི་མདོ་བཞིར་གྲགས་པའི་མདོ་སྡེ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ། ཕལ་པོ་ཆེ་རྣམས་སེམས་ཙམ་པའི་མདོ་ཡིན་མིན་ཐད་ལ། མཁས་པ་ཁ་ཅིག་གིས་དེ་དག་ལས་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་ཆོས་རྣམས་བདེན་མེད་དང་དེ་བཞིན་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་བསྟན་པས་མདོ་དེ་དག་སེམས་ཙམ་པའི་མདོ་ཡིན་པ་མ་ཟད་སེམས་ཙམ་ཐུན་མིན་གྱི་མདོ་ཡིན་པར་བཞེད་དོ། །འགའ་ཤས་ནི་མཚན་ཉིད་གསུམ་གྱི་རྣམ་གཞག་དང་ཆོས་ཐམས་ཅད་སེམས་ཙམ་དུ་གྲུབ་ཚུལ་གསུངས་པས་སེམས་ཙམ་ཐུན་མིན་གྱི་མདོར་བཞེད། མཁས་པ་ལ་ལས་ནི་དེ་དག་ལས་ཆོས་ཐམས་ཅད་བདེན་མེད་རང་བཞིན་མེད་པ་ཚིག་ཟིན་ལ་དངོས་སུ་སྐབས་མང་པོར་བྱུང་བས་སེམས་ཙམ་པའི་མདོ་མིན་པར་དབུ་མ་པའི་མདོར་བཞེད་དོ། །དེ་བཞིན་གཞན་ལུགས་ཀྱི་གཞུང་ལ་ལར། མདོ་བཞི་པོ་དེ་དག་སེམས་ཙམ་ཐུན་མིན་གྱི་མདོ་ཡིན་པ་མ་ཟད། མཚན་ཉིད་གསུམ་པོ་སེམས་ཙམ་པའི་འདོད་པ་ལྟར་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དེ་འཁོར་ལོ་མཐའ་མའི་མཚན་ཉིད་དུ་འདོད་ནས། འཁོར་ལོ་དང་པོ་དང་མཐའ་མ་དྲང་དོན་དང་བར་པ་ཉིད་ངེས་དོན་གྱི་མདོ་ཡིན་པར་འདོད།

དེ་ལ་བདག་གི་བསམ་ཚུལ་ནི། མདོ་བཞི་པོ་དེ་དག་སེམས་ཙམ་པའི་མདོ་བཞིར་གྲགས་པ་དེ་ནི་བརྗོད་བྱའི་ཆ་ནས་ཙམ་མིན་པར་གཙོ་བོ་དགོངས་པ་འགྲེལ་ཚུལ་གྱི་དབང་གིས་དེ་ལྟར་གྲགས་པ་ཡིན་སྙམ་སྟེ། སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་རང་གཞུང་དག་གི་བཤད་བྱ་རྩ་བའི་མདོར་གཙོ་བོ་མདོ་བཞི་པོ་དེ་བཟུང་བས་དེ་དག་ལ་སེམས་ཙམ་པའི་མདོ་བཞི་ཞེས་གྲགས་པ་ཡིན་གྱི། བརྗོད་བྱ་ལ་བསམས་ན་ཚིག་དོན་གང་ཅིའི་ཐད་ནས་གནས་སྐབས་སེམས་ཙམ་པ་དང་མཐར་ངེས་དོན་མཐར་ཐུག་དབུ་མའི་དགོངས་པ་དང་མཐུན་པར་གསུངས་པས་དབུ་སེམས་གཉིས་ཀའི་ཐུན་མོང་བའི་མདོར་ཁས་ལེན་དགོས་ཏེ། མདོ་དེ་དག་གི་དགོངས་པ་དབུ་མའི་སློབ་དཔོན་རྣམས་ཀྱིས་ཀྱང་དབུ་མའི་ལུགས་ལྟར་བཀྲལ་བ་འཇུག་པ་རང་འགྲེལ་དང་། དབུ་མ་རྒྱན་འགྲེལ་དང་དབུ་མ་སྣང་བ་སོགས་ལ་གཟིགས་ན་གསལ་པོར་མཁྱེན་ཐུབ་པའི་ཕྱིར་རོ།།

མཐར་ཐུག་ཐེག་པ་གསུམ་དང་གཞན་དབང་ཡོངས་གྲུབ་བདེན་གྲུབ་བསྟན་པའི་རྒྱུ་མཚན་གྱིས་སེམས་ཙམ་ཐུན་མིན་གྱི་མདོར་འདོད་ན། དབུ་མའི་ཐུན་མིན་མདོར་ཡང་འདོད་དགོས་ཏེ། མདོ་དེ་དག་ལས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་དྲང་དོན་ཡིན་ཞིང་མཐར་ཐུག་ལ་ཐེག་པ་གཅིག་ཏུ་གྲུབ་པ་དང་། ཐམས་ཅད་སྟོང་ཉིད་ཀྱི་རང་བཞིན་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བའི་ཆ་དང་བདེ་གཤེགས་སྙིང་པོ་སོགས་ངེས་པ་དོན་གྱི་རྣམ་གྲངས་རྣམས་ཚིག་ཟིན་རང་ལ་སྐབས་དུ་མར་བྱུང་བའི་ཕྱིར་རོ། །དཔེར་ན། མདོ་ལང་ཀར་གཤེགས་པ་ལས།[9] ཐེག་པ་རྣམ་པར་བཞག་མེད་དེ། །ཐེག་པ་གཅིག་ཏུ་ངས་བཤད་དོ། །བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་སྤངས་པའᨖ། །ཞེས་དང་། ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཞེས་དང་། རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པའི་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་དང་། རྣམ་རིག་གཉིས་པོ་སྤངས་པ་ནི། །དམ་པའི་དོན་གྱི་སྒོ་ཡིན་ཏེ། །ཞེས་སོགས་དང་། དེ་བཞིན་སེམས་ཙམ་དུ་གསུངས་པའང་གནས་སྐབས་ཙམ་ལས་མཐར་དེ་ལས་དབུ་མར་འདའ་དགོས་པར་གསུངས་ཏེ། དེ་ཉིད་ལས།[10] ཡང་དག་དམིགས་ལ་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་ནི། །སྣང་བ་མེད་ལས་འདའ་བར་བྱ། །ཞེས་སོགས་ནས། བདག་མེད་ཡེ་ཤེས་མཆོག་ཡིན་ཏེ། །སྣང་བ་མེད་ཚེ་མི་མཐོང་ངོ་། །ཞེས་སོགས་ཀྱི་བར་དང་། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུང་། །ཞེས་སོགས་དང་། མདོ་དགོངས་པ་ངེས་འགྲེལ་གྱི་བློ་གྲོས་ཡངས་པའི་ལེའུ་ལྔ་པ་ལས་ཀྱང་།[11] ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཅེས་སོགས་དེ་འདྲ་མང་ཡང་འདིར་ཡིག་ཚོགས་མང་བར་དོགས་ནས་མཚན་གཞི་ཙམ་གྱི་ཚུལ་དུ་འགའ་ཙམ་དྲངས་པའོ།།

དེ་བཞིན་མཚན་ཉིད་གསུམ་གྱི་རྣམ་གཞག་དང་ཐམས་ཅད་སེམས་ཙམ་དུ་བསྟན་པ་ཙམ་གྱིས་ཀྱང་སེམས་ཙམ་ཐུན་མིན་གྱི་མདོར་འདོད་པ་མི་འཐད་དེ། ཀུན་མཁྱེན་མི་ཕམ་གྱིས་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པར་བྱམས་ཆོས་སྡེ་ལྔ་པོ་དབུ་སེམས་གང་གི་གཞུང་ཡིན་མིན་སྐོར་གསུང་སྐབས་ལང་གཤེགས་ཀྱི་ལུང་དྲངས་ནས་ཆོས་སྐད་དེ་དག་ཐེག་ཆེན་མཐའ་དག་གི་སྤྱི་སྡོམ་དང་ཡུམ་གྱི་མདོ་སོགས་ནས་ཀྱང་མཚན་ཉིད་གསུམ་གྱི་ཆོས་སྐད་དངོས་སུ་གསལ་བས་དེ་ཙམ་གྱིས་སེམས་ཙམ་པའི་གཞུང་དུ་འདོད་པ་མི་འཐད་པ་དང་། སེམས་ཙམ་དུ་གྲུབ་པ་དེ་ཐེག་ཆེན་སྤྱིའི་ལུགས་ཡིན་པར་གསུངས་པ་ལས་ཤེས་ཐུབ་བོ། །དེའི་ཕྱིར་མདོ་བཞི་པོ་འདི་དག་ཡོངས་གྲགས་ལ་སེམས་ཙམ་པའི་མདོ་བཞི་ཞེས་གྲགས་ཀྱང་། སེམས་ཙམ་ཐུན་མིན་གྱི་མདོ་མིན་པར་སེམས་ཙམ་པ་དང་དབུ་མ་པ་གཉིས་ཀའི་ཐུན་མོང་གི་མདོར་ཁས་ལེན་དགོས་སྙམ་མོ།།

འོ་ན་དབུ་མ་པའི་མདོ་ཞེས་མ་གྲགས་པར་སེམས་ཙམ་པའི་མདོར་གྲགས་པ་ཅི་ཞེ་ན། གོང་དུ་བཤད་པ་ལྟར་དབུ་སེམས་ཀྱི་སློབ་དཔོན་རྣམས་ཀྱིས་བཤད་བྱ་རྩ་བའི་མདོར་གཙོ་བོ་བཟུང་མ་བཟུང་གི་དབང་གིས་སོ། །དེ་བཞིན་མཚན་ཉིད་གསུམ་པོ་སེམས་ཙམ་པའི་འདོད་པ་ལྟར་བདེན་པར་གྲུབ་མ་གྲུབ་ལེགས་པར་རྣམ་པར་ཕྱེ་བ་འཁོར་ལོ་མཐའ་མའི་མཚན་ཉིད་དུ་འདོད་ནས་དེ་ལ་དྲང་དོན་གྱིས་ཁྱབ་པར་འདོད་པའང་མི་འཐད་དེ། སེམས་ཙམ་པའི་ལུགས་འདིར་གོང་དུ་བཤད་པ་ལྟར་འཁོར་ལོ་དང་པོ་དང་བར་པ་དྲང་དོན་དུ་འདོད་ཀྱང་། སྤྱིར་རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་ནི་ཆོས་འཁོར་དང་པོ་དྲང་དོན་གྱི་མདོ་དང་། བར་པ་དང་མཐའ་མ་གཉིས་ཀ་ངེས་དོན་དུ་བཞེད་པ་མ་ཟད་ཆོས་འཁོར་མཐའ་མར་བར་པ་ལས་ཀྱང་ངེས་པའི་དོན་ལྷག་པར་བསྟན་པས་མཐའ་མ་དེ་བར་པ་ལས་ཀྱང་ལྷག་ཅེས་རྒྱུད་བླ་མའི་འགྲེལ་པ་རྣམས་ལས་གསུངས་པ་ལྟར་རོ། །དེས་ན་རང་ལུགས་ལ་དབུ་སེམས་གཉིས་ཀས་ཆོས་འཁོར་མཐའ་མ་ངེས་དོན་གྱི་མདོར་འདོད་པ་ལ་མི་མཐུན་པ་མེད་དོ། །གཞན་ཡང་ཆོས་འཁོར་རིམ་པ་གསུམ་ལས་དང་པོ་དང་བར་པའི་དོན་དང་ཐ་སྙད་ལ་རང་གཞན་གྱི་ལུགས་ཕལ་ཆེར་མཐུན་ནའང་། བཀའ་མཐའ་མ་ལ་ནི་དོན་དང་ཐ་སྙད་གཉིས་ཀའི་ཐད་གཏན་ནས་མི་འདྲ་སྟེ། གཞན་གྱིས་ནི་མཐའ་མ་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་ཐ་སྙད་བྱེད། རྒྱུ་མཚན་ཡང་མཚན་ཉིད་གསུམ་པོ་དེ་སེམས་ཙམ་པའི་འདོད་པ་ལྟར་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ལེགས་པར་རྣམ་པར་ཕྱེ་བས་དེ་སྐད་དུ་བརྗོད་པ་དང་ནང་གསེས་ཕྱེ་ན་དྲང་དོན་དང་ངེས་དོན་གྱི་ཆ་གཉིས་ཀ་ཡོད་པར་འདོད། རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་གཞུང་ལས་ཆོས་འཁོར་མཐའ་མ་དེ་ལ་བཀའ་མཐའ་མ་ངེས་པ་དོན་གྱི་རྣམ་གྲངས་བསྟན་པའི་ཆོས་འཁོར་གྱི་ཐ་སྙད་དང་བརྗོད་བྱ་ལ་ངེས་དོན་མཐར་ཐུག་བསྟན་པར་གསུངས་པ་ལས། གཞན་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་ཐ་སྙད་དང་ནང་གསེས་དྲང་དོན་དང་ངེས་དོན་གྱི་ཆ་གཉིས་སུ་ཡོད་པར་བཞེད་པ་གཞུང་རྣམས་ལས་ཕལ་ཆེར་མི་སྣང་། དེས་ན་ཀུན་མཁྱེན་ཆེན་པོས་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ཆོས་འཁོར་དང་པོ་ལ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་རྣམ་གྲངས། གཉིས་པ་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་དང་། གསུམ་པ་ལ་བཀའ་མཐའ་མ་ངེས་པ་དོན་གྱི་རྣམ་གྲངས་ཀྱི་ཆོས་འཁོར་ཡིན་པར་གསུངས་པ་ལྟར་ཁས་བླངས་ནས་དེ་ལ་ངེས་དོན་གྱི་མདོས་ཁྱབ་པར་འདོད་དགོས་སྙམ།

སྤྱིར་ཆོས་འཁོར་རིམ་པ་གསུམ་པོ་ལ་དུས་དང་བརྗོད་བྱའི་སྒོ་ནས་འཇོག་ཚུལ་གཉིས་ཡོད་ཀྱང་ཆོས་འཁོར་གསུམ་གྱི་ཁྱད་པར་དེ་གཙོ་བོ་བརྗོད་བྱའི་སྒོ་ནས་དང་མཚན་ཡང་དེའི་སྒོ་ནས་བཏགས་པ་ཡིན་པས། ངེས་པ་དོན་གྱི་རྣམ་གྲངས་བསྟན་པའི་ཆོས་འཁོར་ཞེས་བརྗོད་ན་དོན་དང་མཐུན་པ་མ་ཟད། རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་ཡང་དེ་ལྟར་ཡིན་སྙམ་མོ། །མདོ་དགོངས་པ་ངེས་འགྲེལ་ལས་ཀྱང་དོན་དམ་ཡང་དག་འཕགས་ཀྱིས་བཅོམ་ལྡན་འདས་ལ་“ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་”ཞེས་དྲི་བ་ཞུས་པའི་ལན་དུ་སྟོན་པས་དགོངས་པ་ངེས་འགྲེལ་འདི་ཉིད་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པས་ཞེས་དེ་འདྲའི་ཁྱད་ཆོས་དང་ལྡན་པའི་ངེས་པའི་དོན་གྱི་རྣམ་གྲངས་བསྟན་པའི་མདོ་ཡིན་པར་གསལ་པོར་གསུངས་པས་དེ་ཉིད་བཅོམ་ལྡན་འདས་ཀྱི་དགོངས་པའང་ཡིན་ཏེ། དེ་ཉིད་ཀྱི་དོན་དམ་ཡང་དག་འཕགས་ཀྱི་ལེའུ་ལས།[12] དོན་དམ་ཡང་དག་འཕགས་འདི་ནི་དོན་དམ་པའི་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཞིག ཅེས་སོགས་གསུངས་པས་སོ།།

འོ་ན་བཀའ་མཐའ་མ་ལ་ངེས་པ་དོན་གྱི་རྣམ་གྲངས་བསྟན་པའི་ཆོས་འཁོར་ཡིན་དགོས་ན་སེམས་ཙམ་པའི་མདོ་བཞིར་གྲགས་པ་དེ་རྣམས་གང་ཡིན་ཞེ་ན། དེ་དག་ཀྱང་ངེས་པ་དོན་གྱི་རྣམ་གྲངས་བསྟན་པའི་མདོ་ཡིན་པར་གོང་དུ་བཤད་པ་ལྟར་ཤིན་ཏུ་འདོད་རིགས་ལ། འོན་ཀྱང་སེམས་ཙམ་པས་ནི་རང་གི་དབང་པོའི་ཁྱད་པར་ལས་མདོ་དེ་དག་ལས་གང་བསྟན་པ་ཐམས་ཅད་ཇི་བཞིན་ཁོང་དུ་མ་ཆུད་པར། སེམས་ཙམ་པ་རང་གི་ཁམས་དབང་བསམ་པ་དང་མཐུན་པའི་རྣམ་གཞག་ཙམ་ཞིག་རྟོགས་ཐུབ་པ་དེ་དང་མཐུན་པར་བསྟན་པར་བཞེད་པ་ཡིན་ནོ།།

ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་ཚུལ་སྤྱིར་བཤད་པ།

དེ་ཡང་སེམས་ཙམ་པའི་ལུགས་ལ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་ཚུལ་ལ། གཞན་ལུགས་ཀྱི་མཁས་དབང་ན་རེ། ཕྱི་དོན་ཁས་མི་ལེན་ཅིང་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་སེམས་ཙམ་པའི་མཚན་ཉིད་དུ་འདོད་ནས། སེམས་ཙམ་པས་གཟུགས་བེམ་པོ་ཁས་ལེན་ཡང་ཕྱི་དོན་རྡུལ་དུ་གྲུབ་པ་མཐའ་གཅིག་ཏུ་ཁས་མི་ལེན་པར་འདོད་དོ། །དེ་ནི་མི་འཐད་དེ། ཕྱི་དོན་ཞེས་པ་ནང་སེམས་ལས་ཕྱི་རོལ་དུ་གྱུར་པའི་ཆོས་ཡིན་ནམ་མིན། མིན་ན་དེ་སེམས་སུ་འདོད་དགོས་ལ་ཡིན་ན་ཕྱི་དོན་ཡང་དེས་གྲུབ་ལ་དེ་གྲུབ་ན་བེམ་པོ་དང་གཟུགས་ཞེས་པའང་དེ་ལས་ལོགས་སུ་མེད་དོ། །དེས་ན་སེམས་ཙམ་པའི་ལུགས་ལ་གཟུགས་དང་བེམ་པོ་དང་ཕྱི་དོན་རྣམས་ཡོད་མཉམ་དང་མེད་མཉམ་ཡིན་ཏེ་དེ་ལྟར་ཡིན་པའང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་དམ་ཆོས་དོགས་སེལ་ལས།[13] ཕྱི་ཞེས་པ་དེ་ནང་ཤེས་པ་ལས་ཕྱི་རོལ་དུ་གྱུར་པ་དང་། དོན་ཞེས་པ་དེ་གཟུགས་སོགས་ཡིན་ནམ་མིན། མ་ཡིན་ན་ནི་ཕྱི་རོལ་གྱི་ནི་གཟུགས་མེད་དེ། རང་སེམས་ཕྱི་རོལ་ལྟར་སྣང་ངོ་ཞེས་པའི་རྣལ་འབྱོར་སེམས་ཙམ་པའི་གྲུབ་པའི་མཐའ་ལ་གང་ཡང་མི་ཕན་པའི་ཕྱི་དོན་མེད་ཅེས་པའི་ཚིག་ཙམ་དེ་བརྗོད་པས་ཅི་བྱ་སྟེ། ཞེས་སོགས་གསུངས་སོ།།

དེ་བཞིན་སེམས་ཙམ་པའི་ལུགས་ལ་གཞི་གྲུབ་ན་ཤེས་པའི་བདག་ཉིད་ཡིན་པས་ཁྱབ་ཀྱང་ཤེས་པ་ཡིན་པས་མ་ཁྱབ་པར་འདོད་དོ། །དཔེར་ན་གཟུགས་དེ་གཟུགས་འཛིན་མིག་ཤེས་དང་རྫས་གཅིག་གམ་གཟུགས་འཛིན་མིག་ཤེས་ཀྱི་བདག་ཉིད་ཡིན་ནའང་ཤེས་པ་མིན་པར་འདོད། དེ་ཡང་མི་འཐད་དེ། ཕྱི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ཉིད་ཕྱི་རོལ་སྣང་། །ཞེས་སོགས་མདོ་དང་བསྟན་བཅོས་རྣམས་ཀྱི་དགོངས་པ་དང་མཐུན་པར། དོན་ལ་རང་གི་སེམས་ཉིད་ཕྱི་རོལ་གཟུགས་སོགས་ཀྱི་རྣམ་པར་སྣང་བས། རང་འཛིན་ཤེས་པ་ལ་གང་སྣང་བ་ཐམས་ཅད་རང་གི་སེམས་ཉིད་ཡིན་པ་དང་། མིན་ན་ཤེས་པས་མྱོང་བའང་མི་འཐད་དོ། །ཤེས་པ་དང་ངོ་བོ་གཅིག་གམ་རྫས་གཅིག་ཡིན་ན་ཚིག་ཙམ་མིན་པར་དོན་གྱི་སྟེང་ན་ཤེས་པ་དང་རང་ཆས་སུ་དོན་གྱིས་ཐ་དད་དུ་མེད་པ་དཔེར་ན་མི་རྟག་པ་ལྟ་བུ་རང་ཉིད་གྲུབ་ཙམ་ནས་བྱས་པ་དེའི་བདག་ཉིད་དུ་རང་ཆས་སུ་ཡོད་པ་དང་མི་རྟག་པ་མེད་ན་དེའི་བདག་ཉིད་བྱས་པ་ཡང་མེད་པར་འགྱུར་བའི་བདག་ཉིད་ལྟ་བུ་དགོས་ཏེ། དེ་ལྟར་ཡང་རྣམ་འགྲེལ་ལེའུ་དང་པོ་ལས།[14] རང་བཞིན་ལ་ཡང་མེད་མི་འབྱུང་། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཤེས་པའི་ངོ་བོ་མིན་པའམ་ཤེས་པའི་རྫས་མིན་པ་ཞིག་ཤེས་པ་དང་ངོ་བོ་གཅིག་གམ་རྫས་གཅིག་ཏུ་འདོད་པ་ནི་རྡུལ་དུ་གྲུབ་པ་དེ་གསལ་ཞིང་རིག་པར་འདོད་པ་དང་འདྲ་བས་མི་འཐད་དོ། །དཔེར་ན་བྱས་མི་རྟག་ངོ་བོ་གཅིག་ཡིན་ཚུལ་ལྡོག་ཆ་ཙམ་ཐ་དད་ལས་དོན་ལ་བྱས་པའི་རྫས་ལས་ལོགས་སུ་མི་རྟག་པ་རྙེད་རྒྱུ་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དམ་ཆོས་དོགས་སེལ་ལས།[15] བློ་རྫས་ལ་རྡུལ་དུ་གྲུབ་པ་ཞིག་ཐ་སྙད་དུ་འཐད་དམ་བློ་རྣལ་དུ་གནས་ན་ཅུང་ཟད་སོམས་ཤིག ཅེས་གསུངས་སོ། །དེས་ན་ཤེས་པའི་བདག་ཉིད་དུ་ཁས་བླངས་ནས་དེ་ཤེས་པ་མིན་པར་སྨྲ་བ་ནི་དོན་ལ་རང་གི་ཁས་བླངས་ནང་འགལ་བའི་རང་མཚང་སྟོན་པ་མ་ཡིན་ནམ་སྙམ། དེར་བརྟེན་ཐ་སྙད་སྣང་ཚུལ་ལ་ནི་ཕྱི་དོན་ཁས་བླངས་ལ་བེམ་པོ་དང་གཟུགས་ཀྱང་དེ་དང་གཅིག་གོ །ཐ་སྙད་གནས་ཚུལ་ལ་ནི་ཕྱི་དོན་མེད་ཅིང་ཕུང་ལྔའི་རྣམ་གཞག་ཀྱང་མེད་ལ་རྒྱུ་དང་འབྲས་བུར་གྱུར་པའི་ཆོས་ཐམས་ཅད་ཤེས་པའི་བདག་ཉིད་དེ་ཤེས་པ་ཙམ་དུ་གནས་སོ། །དེས་ན་རང་ལུགས་ལ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་ཚུལ་ནི་མདོར་ན་ཐ་སྙད་གནས་ཚུལ་ལ་ཀུན་གཞི་ལ་བག་ཆགས་སད་སྟོབས་ཀྱིས་རང་འཛིན་ཤེས་པ་ལ་གང་སྣང་བ་དེ་ཉིད་རང་འཛིན་ཤེས་པ་ཉིད་ལས་ལོགས་སུ་མེད་ཚུལ་ཡིན་པར་བཞེད་པ་ལ། གཞན་ལུགས་ཀྱི་མཁས་དབང་ན་རེ། རང་འཛིན་ཤེས་པ་ལ་གང་སྣང་བ་དེ་རང་འཛིན་ཤེས་པ་ཉིད་ཡིན་དགོས་ན། སྔོན་པོ་ཡིན་ན་རང་འཛིན་ཤེས་པ་དེ་དང་དེ་ཡིན་པས་ཁྱབ་པས། གཞི་གྲུབ་ན་ཀུན་མཁྱེན་ཡེ་ཤེས་ཡིན་པས་ཁྱབ་པར་ཐལ་བ་སོགས་འཕེན་ཀྱང་། དོན་ལ་ཐ་སྙད་རང་ལ་སྣང་ཚུལ་གནས་ཚུལ་འབྱེད་དགོས་པའི་གནད་དང་གནས་ཚུལ་ལ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་ཚུལ་ལེགས་པར་ཁོང་དུ་མ་ཆུད་ནས་དེ་ལྟར་སྨྲ་བ་ཡིན་སྙམ་མོ། །དེས་ན་དེ་ལ་སེམས་ཙམ་གྱི་བདག་ཉིད་དུ་གྲུབ་ཚུལ་ལེགས་པར་ཕྱེ་ནས་ཅུང་ཙམ་བཤད་ན།

དེ་ཡང་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པའི་དོན་ཡང་རང་འཛིན་ཤེས་པ་ལ་གང་སྣང་བ་དེ་རང་འཛིན་ཤེས་པ་ཉིད་ཡིན་གྱི་དེ་ལས་ལོགས་སུ་རྡུལ་ཙམ་མ་གྲུབ་པས། རང་འཛིན་ཤེས་པ་དང་དེ་ལ་སྣང་བ་གཉིས་པོ་དེ་བདག་ཉིད་གཅིག་ཏུ་གྲུབ་པ་ཡིན་གྱི། གཞན་དཔེར་ན་ཀུན་ལ་ཐུན་མོང་བར་སྣང་བའི་ཕྱི་རོལ་གྱི་སྔོན་པོ་གཟུགས་རང་མཚན་ལྟ་བུ་སྤྱི་ལྡོག་པ་ཞིག་བཞག་ནས་དེ་གང་ཟག་དེ་དང་དེའི་སྔོ་འཛིན་མིག་ཤེས་དང་རྫས་གཅིག་ཏུ་གྲུབ་པ་གཏན་ནས་མིན་པར་ཤེས་དགོས་ཏེ། རྒྱུད་མི་གཅིག་པའི་འགྲོ་བ་ཐ་དད་དུ་མ་ལ་ཐུན་མོང་དུ་སྣང་བ་དེ་དོན་ལ་སོ་སོ་རང་རྒྱུད་ཀྱི་བག་ཆགས་མཐུན་པར་སད་སྟོབས་ཀྱིས་རང་གི་ཤེས་པ་ཉིད་ཕྱི་རོལ་ཡུལ་གྱི་རྣམ་པར་སྣང་བ་ཡིན་པའི་ཕྱིར། དེས་ན་འགྲོ་བ་ཐ་དད་པ་ལ་སྣང་ལུགས་རྣམ་པ་འདྲ་བ་ཙམ་ཐུན་མོང་དུ་སྣང་ཞེས་བརྗོད་པ་ཡིན་གྱི། བརྟགས་ན་ཐུན་མོང་བ་ཞེས་པ་གཏན་ནས་མི་སྲིད་དོ། །དེའི་ཕྱིར་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས།[16] ཕྱི་རོལ་གཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་དུ། །གྱུར་བའི་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཞེས་སོགས་གསུངས་སོ།།

 དེ་བཞིན་སེམས་ཙམ་པའི་ལུགས་འདིར་ཀུན་མཁྱེན་ཡེ་ཤེས་ལ་གང་སྣང་བ་དེ་ཉིད་ཀུན་མཁྱེན་དེའི་རང་སྣང་ཡིན་པས་ཀུན་མཁྱེན་ཡེ་ཤེས་ལས་ལོགས་སུ་མེད་པར་ཁས་བླངས་ན་མི་འཐད་པ་མེད་སྙམ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་བདག་འདྲའི་སྤྱོད་ཡུལ་ལས་འདས་པ་ཡིན་ནོ། །སྐབས་འདིར་ཁམས་གསུམ་པོ་ཐམས་ཅད་སེམས་ཙམ་དུ་གྲུབ་ཚུལ་ལ་རྣམ་པར་དཔྱད་པ་ནི། མ་དག་པའི་བློ་ཅན་ཚུ་རོལ་མཐོང་བ་གཞིར་བཞག་ནས་ཀུན་གཞི་ལ་བག་ཆགས་སད་སྟོབས་ཀྱིས་རང་གི་སེམས་ཉིད་ཕྱི་རོལ་ཡུལ་གྱི་རྣམ་པར་སྣང་བའི་ཚུལ་གྱིས་སེམས་ཙམ་དུ་གྲུབ་ཚུལ་བརྗོད་པ་ཡིན་གྱི། དག་པའི་རྣལ་འབྱོར་གྱི་རྟོགས་པ་ས་མཐོན་པོར་གཤེགས་པ་དེ་དག་གི་གཟིགས་ཚུལ་ནི་ཚུར་མཐོང་གི་ངོར་བསམ་གྱིས་མི་ཁྱབ་པ་ཡིན་པས་བསམ་བརྗོད་ལས་འདས་པའི་ཕྱིར། དམུས་ལོང་གིས་མིག་ལྡན་གྱི་སྤྱོད་ཡུལ་དཔྱད་པ་ལྟར་ཡིན་པས། དེར་བརྟེན་དཔལ་ཆོས་ཀྱི་གྲགས་པས་ཀྱང་། ཚད་མ་རྣམ་འགྲེལ་ལེའུ་གསུམ་པ་ལས།[17] གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། རྒྱུད་གཞན་གྲུབ་པ་ལས་ཀྱང་།[18] བཅོམ་ལྡན་འདས་ཀྱིས་དོན་ཐམས་ཅད་ཐུགས་སུ་ཆུད་པ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་པ་ཐམས་ཅད་དུ་ཤེས་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །རང་ལུགས་ལ་ཀུན་མཁྱེན་ཀློང་ཆེན་པས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[19] སེམས་སུ་བག་ཆགས་བཞག་པ་སེམས་ཡིན་གྱི། ལུས་དང་ཡུལ་དུ་བཞག་པ་དག་སེམས་ག་ལ་ཡིན། ཞེས་སོགས་དང་། དེ་ནི་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་ཞེས་གོ་བར་བྱ་སྟེ། སྣང་མི་སྣང་དུ་འཛིན་པ་རང་གི་སེམས་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀུན་མཁྱེན་ཆེན་པོའི་གསུང་འདི་དག་ལ་གོ་བ་རྣལ་མ་ཞིག་ལེན་ཐུབ་ན། གཞི་གྲུབ་ན་རང་འཛིན་ཤེས་པ་ཡིན་པས་ཁྱབ་ན་གཞི་གྲུབ་ན་ཀུན་མཁྱེན་ཡེ་ཤེས་ཡིན་པས་ཁྱབ་པར་ཐལ་བས་ཧ་ཅང་ཐལ་བར་བསམ་པའི་སྒྲོ་འདོགས་དེ་དག་གི་གཉེན་པོར་གྱུར་པ་ཡིན་སྙམ་མོ།།

བྱེ་བྲག་ཏུ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སེམས་ཙམ་དུ་སྒྲུབ་ཚུལ།

ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོ་འཛིན་མིག་ཤེས་ལྟ་བུ་རྫས་གཞན་མ་ཡིན་པར་སྒྲུབ་པའི་སྐབས། དེ་སྒྲུབ་ཀྱི་ཆོས་ཅན་ལ་འདོད་ཚུལ་མི་འདྲ་བ་ཡོད་དེ། ཁ་ཅིག་གིས། སྔོན་པོ་དེ་ཕྱི་དོན་རང་མཚན་པར་འདོད་པ་དང་། ལ་ལས་ནི་ཐུན་མོང་བར་སྣང་བའི་སྔོན་པོ་ཙམ་ཞིག་དང་། ཁ་ཤས་ནི། ཅིག་ཅར་མྱོང་བར་ངེས་པའི་སྔོན་པོ་དང་། འགའ་ཞིག་གིས་ནི་སྔོ་འཛིན་མིག་ཤེས་ལ་སྔོན་པོར་སྣང་བའི་རྣམ་པར་འདོད་པ་སོགས་མི་འདྲ་བ་ཡོད་མོད་ཀྱང་། རང་གི་འདོད་པ་ནི་མཐའ་མ་ཁོ་ན་ལྟར་འཐད་སྙམ་མོ། །དེ་ལ་ཁ་ཅིག་གིས་སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་རྫས་གཅིག་ཏུ་སྒྲུབ་སྐབས་སྔོ་འཛིན་མིག་ཤེས་དང་སྔོན་པོར་སྣང་བའི་རྣམ་པ་དེ་གཉིས་པོ་ཆོས་ཅན་དུ་བཟུང་ན་མི་རིགས་ཏེ། ཕྱི་རོལ་གྱི་དོན་གྲུབ་པ་ལས།[20] སྣང་དང་ཐ་དད་མིན་སྒྲུབ་ན། །ཤེས་པ་རྣམ་བཅས་སྨྲ་བ་དང་། །དེ་ལ་རྩོད་པ་ཡོད་མ་ཡིན། །དེ་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཞེས་སོགས་གསུངས་པས་སྤྱིར་རྟགས་བཀོད་པ་ནི་རྒོལ་བས་བསྒྲུབ་བྱ་མ་ངེས་པ་ངེས་ཆེད་ཡིན་པས་རིགས་པ་དེ་ཕྱི་རྒོལ་མདོ་སྡེ་པ་ལ་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་གྱུར་པའི་ཕྱིར་མི་འཐད་ཟེར། དེ་ལ་རྟགས་བཀོད་པ་ཕྱི་རྒོལ་བས་བསྒྲུབ་བྱ་མ་རྟོགས་པ་རྟོགས་ཆེད་ཡིན་པ་བདེན་མོད་ཀྱང་། གང་ཟག་གང་གིས་འདོད་ན་དེས་རྟོགས་པས་མ་ཁྱབ་པའི་ཕྱིར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་མདོ་སྡེ་པ་ལ་གྲུབ་ཟིན་སྒྲུབ་པར་མི་འགྱུར་ཏེ། སྤྱིར་བཏང་མདོ་སྡེ་པས་སྔོ་འཛིན་མིག་ཤེས་ཡུལ་སྔོན་པོ་རྟོགས་པའི་ཚེ་ན་བྱེ་བྲག་སྨྲ་བ་ལྟར་ཡུལ་རྗེན་ཅེར་དུ་རྟོགས་པ་མ་ཡིན་པར་ཤེས་པའི་རྣམ་པས་བར་ཆོད་ནས་རྟོགས་པར་འདོད་པས་ཤེས་པ་རྣམ་པ་དང་བཅས་པ་འདོད་པའི་ཕྱོགས་ཡིན་ལ། མདོ་སྡེ་པས་སྔོ་འཛིན་མིག་ཤེས་ལ་སྔོན་པོར་སྣང་བའམ་སྔོན་པོ་དེ་ཕྱི་རོལ་དོན་དུ་གྲུབ་ཅིང་སྔོ་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་ལ། དེ་ཡང་ལྐོག་ན་མོའི་ཚུལ་དུ་ཡོད་པ་ལ་བར་ན་ཤེས་པའི་རྣམ་པས་བར་ཆོད་པས་རྣམ་པ་དེ་དང་སྔོ་འཛིན་མིག་ཤེས་དེ་ཉིད་ངོ་བོ་བདག་གཅིག་འབྲེལ་དུ་གྲུབ་པས་ཡུལ་ཡུལ་ཅན་གྱི་འབྲེལ་བ་གྲུབ་པར་འདོད་མོད་ཀྱང་། དེ་ནི་སེམས་ཙམ་པས་བལྟས་ན་དེ་མདོ་སྡེ་པའི་ཕྱིན་ཅི་ལོག་པའི་བློས་སྒྲོ་བཏགས་པ་འབའ་ཞིག་ཡིན་གྱི་དོན་ལ་དེ་ལྟར་མེད་དོ། །དེའི་ཕྱིར་ན་སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པར་འདོད་པ་དེ་འགོག་ཆེད་ཕྱོགས་ཆ་བརྟག་པའི་རིགས་པའམ་རྡུལ་ཕྲན་འགོག་པའི་རིགས་པ་དེས་ཕྱི་དོན་བཀག་ནས་སེམས་ཙམ་དུ་སྒྲུབ་ཆེད་མྱོང་བ་གསལ་རིག་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཉིས་བཀོད་པ་ཡིན་ནོ།།

འོ་ན་སེམས་ཙམ་པས་ཇི་ལྟར་འདོད་སྙམ་ན། སེམས་ཙམ་པས་ཡུལ་སྔོན་པོར་སྣང་བ་དེ་ཉིད་ལས་གཞན་ཕྱི་དོན་ལོགས་སུ་མ་གྲུབ་ལ་དེ་དང་སྔོ་འཛིན་མིག་ཤེས་གཉིས་ཀྱི་བར་ན་རྣམ་པས་བར་ཆོད་ནས་ཡུལ་སྔོན་པོ་རྟོགས་པ་ཡང་མི་འདོད་པས། སྔོ་འཛིན་མིག་ཤེས་ལ་སྔོན་པོར་སྣང་བ་དེ་ཉིད་སྔོ་འཛིན་མིག་ཤེས་ཀྱི་ཡུལ་དུ་འདོད་ཀྱི། སྔོན་པོར་སྣང་བ་དེ་ལས་ལོགས་སུ་སྔོན་པོ་དང་བར་ན་རྣམ་པས་བར་ཆོད་པའི་རྣམ་གཞག་སེམས་ཙམ་པའི་ལུགས་འདིར་གཏན་ནས་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་མདོ་སྡེ་པས་སྔོན་པོ་དང་སྔོ་འཛིན་མིག་ཤེས་རྫས་གཞན་མ་ཡིན་པར་མ་རྟོགས་པས་དེ་རྟོགས་པའི་ཆེད་ལྷན་ཅིག་དམིགས་ངེས་ཀྱི་རྟགས་དེ་རྒྱུ་མཚན་ཡང་དག་ཏུ་སོང་བ་དང་། དེ་ཡང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོད་པའི་སྐབས་ནི་ཐ་སྙད་གནས་ཚུལ་ལ་ཡིན་གྱི་སྣང་ཚུལ་ནི་མདོ་སྡེ་པ་དང་མཐུན་པར་ཁས་ལེན་དགོས་སོ། །དེས་ན་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་ཆོས་ཅན་སྔོན་པོ་ནི་ཕྱི་དོན་གཟུགས་རང་མཚན་ལ་གོ་བ་མིན་པར་སྔོ་འཛིན་མིག་ཤེས་ཉིད་ལ་སྣང་བའི་སྔོན་པོའི་རྣམ་པའམ་སྔོན་པོར་སྣང་བ་ཉིད་ཡིན་ནོ།།

མདོར་ན་མདོ་སྡེ་པས་གཟུང་བ་ཡུལ་ཕྱི་རོལ་དོན་དུ་གྲུབ་པར་འདོད་པ་ཁས་ལེན་བཞིན་དུ་དེས་གཟུང་འཛིན་རྫས་གཅིག་ཏུ་རྟོགས་པར་འདོད་ནས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་དེ་མདོ་སྡེ་པ་ལ་གྲུབ་ཟིན་སྒྲུབ་པ་ཡིན་པར་འདོད་པ་ནི་ཤིན་ཏུ་མི་རུང་བའི་ཕྱིར་རོ། །སེམས་ཙམ་དུ་གྲུབ་ཚུལ་འདི་རང་འཛིན་ཤེས་པ་དང་དེ་ལ་སྣང་བའི་སྣང་བའམ་རྣམ་པ་དེ་རང་འཛིན་ཤེས་པ་དེ་ཉིད་ཡིན་ཚུལ་ཡིན་གྱི། གཞན་སྣང་བ་དང་སྣང་ཡུལ་ཐ་དད་པའི་སྣང་ཡུལ་ལ་གོ་ན། གཞན་གྱི་སེམས་ཀྱང་གཞན་སེམས་ཤེས་པའི་མངོན་ཤེས་ཉིད་དུ་ཐལ་བས་གང་ཟག་ཐ་དད་པ་གཉིས་རྒྱུད་གཅིག་ཏུ་ཐལ་བར་འགྱུར་རོ། །དེ་ཡང་རིགས་སྔགས་བསམ་གཏན་ལ་སོགས་པ་བསྒོམས་སྟོབས་ཀྱིས་ཕ་རོལ་གཞན་གྱི་སེམས་ཇི་ལྟར་གང་ཡིན་པ་ཤེས་པར་གྱུར་ཀྱང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་སེམས་དེ་ཉིད་དངོས་ཡུལ་དུ་བྱས་པ་མ་ཡིན་ཏེ། ཕ་རོལ་གཞན་གྱི་སེམས་དེའི་གཟུགས་བརྙན་དེ་དང་འདྲ་བ་རྣམ་པ་ཙམ་སྣང་ཞིང་རྟོགས་པ་ལ་གཞན་གྱི་སེམས་ཤེས་པའི་ཐ་སྙད་བྱེད་པ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་། རྒྱུད་གཞན་གྲུབ་པ་ལས།[21] དེ་དག་ལ་ཡང་གཞན་གྱི་སེམས་ཀྱི་ཡུལ་ཅན་ཉིད་ཀྱི་ཤེས་པ་འབྱུང་བ་ནི་མ་ཡིན་ཏེ། དེ་དག་ཀྱང་རང་གི་སེམས་སྣང་བ་དེ་དང་། རྣམ་པ་མཚུངས་པ་ཁོ་ན་ཉིད་ཤེས་པ་ལས། གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་ངེས་པར་གཟུང་བས་ཐ་སྙད་འདོགས་སོ། །ཞེས་སོགས་གསུངས་པས་སོ། །དེའི་ཕྱིར་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་ཕ་རོལ་གཞན་གྱི་སེམས་ཤེས་པ་དེ་སེམས་ཡུལ་ལ་དམིགས་ནས་དེའི་རྣམ་པར་སྐྱེ་བ་ལ་གོ་དགོས་པ་དང་། གཞན་སེམས་དེ་དང་འདྲ་བའི་རྣམ་པ་དེ་ཉིད་གཞན་སེམས་ཤེས་པའི་མངོན་ཤེས་དེས་རང་དང་རྫས་གཅིག་ཏུ་མྱོང་བའི་ངོ་བོར་སྐྱེས་པའི་ཚུལ་གྱིས་ཤེས་པ་ཡིན་པས། དམིགས་ཡུལ་བྱས་ནས་རྟོགས་པ་དང་མྱོང་བའི་ངོ་བོར་སྐྱེས་པའི་ཚུལ་གྱིས་རྟོགས་པ་འདི་གཉིས་ལ་ཁྱད་ཤིན་ཏུ་ཆེའོ། །དེས་ན་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་གྱི་སྣང་ཡུལ་སེམས་མ་ཡིན་གསུངས་པ་དང་སེམས་སུ་བག་ཆགས་བཞག་པ་སེམས་ཡིན་གྱི་གནས་དང་ལུས་སུ་བཞག་པ་དག་སེམས་ག་ལ་ཡིན་ཞེས་གསུངས་པ་སོགས་ཀུན་མཁྱེན་ཆེན་པོའི་གསུང་འདི་དག་ནི། སེམས་ཙམ་པའི་ལུགས་མ་ཟད་ཐེག་ཆེན་སྤྱིའི་ལུགས་ལའང་སེམས་ཙམ་དུ་གྲུབ་ཚུལ་ལ་མན་ངག་གི་གནད་ཤིན་ཏུ་ཆེ་བ་ཡིན་སྙམ། གཞུང་གཞན་ལས་འདི་ལས་གསལ་བ་དང་ལྷག་པ་ཞིག་ཕལ་ཆེར་མཇལ་དཀའོ།།

རང་ལུགས་ལ་ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ཕྱེ་བའི་གནད་གང་ཡིན།

དེ་ལ་མ་བརྟགས་མ་དཔྱད་པར་འཇུག་ཤེས་དྲུག་ལ་ཐུན་མོང་ངོར་སྣང་ཙམ་ལ་ཐ་སྙད་སྣང་ཚུལ་དང་དེ་ལྟར་སྣང་བ་ལྟར་དོན་ལ་གྲུབ་མ་གྲུབ་ཐ་སྙད་རིགས་པས་དཔྱོད་པའི་སྐབས་ནི་ཐ་སྙད་གནས་ཚུལ་ཡིན་ནོ། །དེ་ལ་ཁ་ཅིག་ཐ་སྙད་རང་ལ་སྣང་ཚུལ་གནས་ཚུལ་ཕྱེ་བ་མི་འཐད་དེ། དེ་ལྟར་ན་ཐ་སྙད་གནས་ཚུལ་དང་དོན་དམ་གནས་ཚུལ་གཉིས་ལ་ཁྱད་མེད་པའི་ཕྱིར་རོ་ཟེར། འདིའི་སྐོར་འོག་ཏུ་ལོགས་སུ་འཆད་རྒྱུ་དང་། རང་ལུགས་སྨྲ་བ་ཁ་ཤས། རང་གཞུང་ལས་ཐ་སྙད་རང་ལ་གནས་སྣང་གཉིས་སུ་ཕྱེ་བ་གཞུང་གི་ཚིག་ཟིན་གསལ་ཁ་མི་སྣང་ཟེར། དེ་ནི་མི་འཐད་དེ། སྤྱིར་ཐ་སྙད་ལ་སྣང་ཚུལ་དང་དོན་དམ་ལ་གནས་ཚུལ་ཞེས་མཁས་པ་ཀུན་ལ་ཡོངས་སུ་གྲགས་ཀྱང་། ཀུན་མཁྱེན་མི་ཕམ་པས་དམ་ཆོས་དོགས་སེལ་དུ། ཐ་སྙད་དུ་དང་དོན་དམ་པར་རམ་སྣང་ཚུལ་དང་གནས་ཚུལ་ཞེས་མ་གསུངས་ནས། དམིགས་བསལ་གྱི་“ཐ་སྙད་སྣང་ཚུལ་དང་བསྟུན་ན་”ཞེས་ཚིག་ལྷག་པ་གསུངས་པས་དེའི་འོག་“གནས་ཚུལ་”ཞེས་གསུངས་པ་དེ་ཐ་སྙད་གནས་ཚུལ་ཡིན་པ་གསལ་པོར་གོ་ཐུབ་པ་མ་ཟད། རྒྱན་གྱི་སྤྱི་དོན་ལས་ཀྱང་། “ཐ་སྙད་རང་ལ་ནང་གསེས་ཡང་དག་ཡིན་མིན་གཉིས་སུ་ཕྱེ་བའི་”ཞེས་དང་། “གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན།” ཞེས་སོགས་ཆོས་ཀྱི་གྲགས་པའི་ལུང་དྲངས་གནང་ནས་ཐ་སྙད་སྣང་ཚུལ་དེ་མདོ་སྡེ་པ་དང་མཐུན་པར་ཁས་ལེན་དགོས་པར་གསལ་ཁ་དོད་པོ་གསུངས་པ་དག་ལ་མཉམ་པར་མ་བཞག་པ་ཡིན་ནམ། གཞན་མདོ་དང་རྒྱ་གཞུང་། ཀུན་མཁྱེན་ཆེན་པོའི་གཞུང་རྣམས་ལས་དོན་ཐོག་ཏུ་དེ་ལྟར་ཡོད་པ་ནི་སྨོས་ཅི་དགོས། ཡང་མཁས་པ་འགའ་ཞིག་གིས་ཐ་སྙད་རང་ལ་སྣང་ཚུལ་གནས་ཚུལ་ཕྱེ་ན་སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པ་དང་བདག་ཏུ་གྲུབ་པ་སོགས་ཁས་ལེན་པ་དེ་རང་ལུགས་ལ་ཁས་ལེན་དགོས་པས་མི་འཐད་ཟེར། དེ་ཡང་མི་འཐད་དེ། ཐ་སྙད་སྣང་ཚུལ་ལ་ཕྱི་རོལ་དོན་དུ་གྲུབ་པ་ཁས་ལེན་པ་ཙམ་གྱིས་སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པ་ཁས་ལེན་དགོས་དོན་ཅི་ཡང་མེད་པའི་ཕྱིར། འོ་ན་སེམས་ཙམ་པས་ཕྱི་རོལ་དོན་དུ་གྲུབ་པ་ཁས་ལེན་ནམ་མི་ལེན་ཟེར་ན། ཁས་མི་ལེན་པ་ཤིན་ཏུ་འདོད་ལ་སྣང་ཚུལ་ལ་ཁས་ལེན་པའི་ཕྱིར་ན་མ་ཁྱབ་བོ།།

འོ་ན་སེམས་ཙམ་པའི་ལུགས་ལ་ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ཕྱེ་བ་ལ་དགོས་དོན་ཅི་ཡོད་ཟེར་ན། དེ་ནི་སེམས་ཙམ་པས་ཕྱི་དོན་ཁས་ལེན་པ་སྒྲུབ་ཆེད་མིན་པར་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་སྔ་ཕྱི་ཐོག་མཐའ་བར་གསུམ་འགལ་མེད་དུ་རྟོགས་ཆེད་ཡིན་ནོ། །དེས་ན་འདིའི་སྐོར་ཅུང་ཟད་སྤྲོས་ནས་ཞུས་ན། སེམས་ཙམ་པའི་ལུགས་ལ་ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་འབྱེད་དགོས་ཀྱི་གཞན་དུ་བློ་བལ་བ་ཛ་བཞིན་དུ་འཁྲུག་པར་འགྱུར་བས་བཀའ་དང་བསྟན་བཅོས་རྣམས་ཀྱི་དགོངས་པ་འགལ་བར་རྟོགས་པ་དང་ཐ་སྙད་ཀྱི་རྣམ་གཞག་ལ་ཤིན་ཏུ་རྨོངས་པར་འགྱུར་ཏེ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[22] མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་སོགས་གསུངས་པ་ལྟར་སྤྱིར་སེམས་ཙམ་པའི་མདོ་དང་བསྟན་བཅོས་རྣམས་སུ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་ལ་སོགས་པའི་རྣམ་གཞག་ཚིག་ཟིན་རང་ལ་གསལ་པོར་གསུངས་ཡོད་ལ། སྐབས་འགར་ནི་ཁམས་གསུམ་པོ་ཐམས་ཅད་སེམས་ཙམ་ལས་ལོགས་སུ་རྡུལ་ཙམ་ཡང་མེད་པར་གསུངས་པས། དེ་དག་སྣང་ཚུལ་དང་གནས་ཚུལ་སོ་སོར་ལེགས་པར་ཕྱེ་ནས་གོ་བ་ལེན་དགོས་པའི་གནད་ལེགས་པར་མ་ཤེས་ན། མདོ་བསྟན་བཅོས་ཀུན་འགལ་བར་རྟོགས་པའི་ཕྱིར། མདོ་དང་བསྟན་བཅོས་རྣམས་སྔ་ཕྱི་མི་འགལ་བར་དགོངས་པ་འགལ་མེད་དུ་རྟོགས་པ་ལ་སྣང་ཚུལ་དང་གནས་ཚུལ་དབྱེ་འབྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་བས་རང་ལུགས་སེམས་ཙམ་པའི་ལུགས་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་འབྱེད་དགོས་པར་གསུངས་པའང་རྒྱུ་མཚན་དེ་ཡིན་ནོ། །དེ་ལྟར་མ་ཕྱེ་བར་གང་སྣང་ཐམས་ཅད་སེམས་སུ་ཁས་བླངས་ན་མི་འཐད་དེ། མདོ་སྡེ་རྒྱན་ལས།[23] རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །འཛིན་དང་གཟུང་བའི་མཚན་ཉིད་དེ། །ཞེས་གཞན་དབང་གི་མཚན་ཉིད་གསུང་སྐབས་རྣམ་གསུམ་སྣང་བ་དང་པོ་གནས་དོན་ལུས་གསུམ་གྱི་སྣང་བ་གསུམ་སྟེ། དེ་ལ་གནས་སྣོད་ཀྱི་འཇིག་རྟེན་དང་། དོན་ནི་ཕྱི་རོལ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དྲུག་དང་། ལུས་ནི་མིག་རྣ་སྣ་ལྕེ་ལུས་སོགས་དབང་པོ་དྲུག་གོ །རྣམ་གསུམ་སྣང་བ་ཕྱི་མ་གསུམ་ནི། ཡིད་དང་། འཛིན་པ་དང་རྣམ་པར་རྟོག་པར་སྣང་བ་གསུམ་སྟེ་འཛིན་པ་སེམས་སེམས་བྱུང་གི་ཕྱོགས་སོ། །དེ་ལྟར་སྣང་བ་དྲུག་པོ་སྣང་བ་ཐམས་ཅད་ཀུན་གཞི་ལ་བག་ཆགས་སད་སྟོབས་ཀྱིས་སྣང་བ་ཙམ་ལ་ཁྱད་མེད་ཀྱང་། ཐམས་ཅད་སེམས་ཙམ་དུ་གསུང་སྐབས། རང་འཛིན་ཤེས་པ་ལ་བག་ཆགས་སད་པ་ལས་རྣམ་པར་སྣང་བ་ཉིད་སེམས་ཡིན་པར་གོ་དགོས་ཀྱི། སྣང་ཡུལ་ཕྱི་རོལ་གནས་དོན་ལུས་གསུམ་རྣམས་སེམས་སུ་ཁས་བླངས་ན་མི་རུང་སྟེ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[24] སེམས་སུ་བག་ཆགས་བཞག་པ་དག་སེམས་ཡིན་གྱི། ལུས་དང་ཡུལ་དུ་བཞག་པ་དག་སེམས་ག་ལ་ཡིན། དེ་ལྟ་ན་སྐྱོན་རབ་ཏུ་མང་སྟེ། ཞེས་སོགས་གསུངས་པས་སོ། །དེས་ན་ཁམས་གསུམ་པོ་ཐམས་ཅད་སེམས་ཙམ་གསུངས་པ་དེ་ཐ་སྙད་གནས་ཚུལ་ལ་ཡིན་ལ། དེ་ཡང་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་ལ་གོ་དགོས་ཏེ། དེ་ཉིད་ལས།[25] དེ་ནི་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་ཞེས་གོ་བར་བྱ་སྟེ། སྣང་མི་སྣང་དུ་འཛིན་པ་རང་གི་སེམས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ།།

ཐ་སྙད་གནས་ཚུལ་དང་དོན་དམ་གནས་ཚུལ་ལ་ཁྱད་ཡོད་མེད་ལ་དཔྱད་པ།

སྤྱིར་ཐ་སྙད་སྣང་ཚུལ་དང་དོན་དམ་གནས་ཚུལ་ཞེས་པ་ནི་ཡོངས་གྲགས་ལྟར་ཡིན་ལ། འོན་ཀྱང་སེམས་ཙམ་པའི་ལུགས་འདིར་ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ཕྱེ་བ་ནི་རང་ལུགས་ཐུན་མོང་མིན་པ་ཞིག་ཡིན་སྙམ་མོ། །སྔ་འགྱུར་རང་ལུགས་དེ་ཡང་གཙོ་བོ་ཀུན་མཁྱེན་མི་ཕམ་པས་ཐ་སྙད་རང་ལ་ཡང་སྣང་ཚུལ་དང་གནས་ཚུལ་གཉིས་སུ་དབྱེ་དགོས་པར་གསལ་པོར་གསུངས་པ་ལ། གོང་དུ་བཤད་པ་ལྟར་གཞན་ལུགས་ཀྱི་མཁས་པ་དང་རང་ལུགས་སྨྲ་བ་འགའ་ཞིག་གིས། དེ་ལྟར་ཕྱེ་བ་མི་འཐད་དེ། དེ་ལྟར་ན་ཐ་སྙད་གནས་ཚུལ་དེ་ཉིད་དང་དོན་དམ་གནས་ཚུལ་ལ་ཁྱད་ཅུང་ཟད་ཀྱང་མེད་པས། ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ཕྱེ་བ་ནི་གཏན་ནས་མི་འཐད་ཟེར། དེ་བཞིན་ལྷན་ཅིག་དམིགས་ངེས་སོགས་སེམས་ཙམ་པའི་རིགས་ཆེན་བཞི་རྣམས་ཐ་སྙད་གནས་ཚུལ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡིན་ན། དེ་དག་ལས་ལོགས་སུ་དོན་དམ་གཏན་ལ་འབེེབས་བྱེད་ཀྱི་རིགས་པ་མེད་པས་དོན་དམ་གྱི་རྣམ་གཞག་གཏན་ནས་མེད་པར་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར། དེས་ན་ཐ་སྙད་གནས་ཚུལ་ཞེས་པ་ཚིག་གི་སྤྲོས་པ་ཙམ་ལས་དོན་ལ་གནས་ཚུལ་དོན་དམ་དང་ཁྱད་མེད་དོ་ཟེར། དེ་ལ་དབུ་མ་པས་བལྟས་ནས་སེམས་ཙམ་པའི་ལུགས་ཀྱི་ཐ་སྙད་གནས་ཚུལ་དང་དོན་དམ་ལ་ཁྱད་མེད་པ་ལྟ་བུར་སྣང་ཡང་། སེམས་ཙམ་པའི་ལུགས་ཀྱི་རྡུལ་ཕྲན་འགོག་པའམ་ཕྱོགས་ཆ་བརྟག་པའི་རིགས་པ་དང་། སྐྱེ་ལ་འདྲ་བ་འགོག་པའི་རིགས་པ་གཉིས་ནི་གཙོ་བོ་རྡུལ་ཕྲན་རང་བཞིན་མེད་པར་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡིན་པས། རིགས་པ་དེ་དག་དབུ་མའི་ལུགས་ལའང་རྡུལ་ཕྲན་རང་བཞིན་མེད་པར་སྒྲུབ་པའི་དོན་དཔྱོད་རིགས་པ་ཡིན་པ་དང་དེ་ལས་ལྷག་པའི་རྡུལ་ཕྲན་འགོག་པའི་རིགས་པ་ཞིག་དབུ་མ་པའི་ལུགས་ལའང་མེད་དོ། །འོན་ཀྱང་དེ་ཙམ་གྱིས་སེམས་ཙམ་པའི་ལུགས་ཀྱི་ཐ་སྙད་གནས་ཚུལ་དང་དོན་དམ་གནས་ཚུལ་ལ་ཁྱད་མེད་པར་མི་འགྱུར་སྙམ་སྟེ། སེམས་ཙམ་པས་མ་བརྟགས་མ་དཔྱད་པའི་སྣང་བ་ཐ་སྙད་སྣང་ཚུལ་དེ་ཉིད་མདོ་སྡེ་པ་དང་མཐུན་པས་ཐ་སྙད་སྣང་ཚུལ་ལ་ཕུང་པོ་ལྔའི་རྣམ་གཞག་རྣམས་མདོ་སྡེ་པ་དང་མཐུན་པར་ཁས་ལེན་ལ། ཐ་སྙད་གནས་ཚུལ་ལ་ནི་དེ་ལྟར་མིན་པར་ཐམས་ཅད་སེམས་ཙམ་ལས་ལོགས་སུ་མེད་པར་འདོད་དོ། །དོན་དམ་གནས་ཚུལ་ལ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པ་མདོར་ན་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་གཏན་ལ་འབེབས་པ་ཡིན་པས། མདོར་ན་སེམས་ཙམ་པའི་ལུགས་ལ་ཐམས་ཅད་སེམས་ཙམ་དུ་གྲུབ་པ་དེ་ཐ་སྙད་གནས་ཚུལ་དང་། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་གཏན་ལ་འབེབས་པ་དེ་གནས་ཚུལ་དོན་དམ་ལ་ཡིན་ལ། དེར་བརྟེན་སེམས་ཙམ་པའི་རིགས་ཆེན་བཞི་ལས་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་གཉིས་ནི་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་དོན་དམ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དང་། ཕྱི་མ་མྱོང་བ་གསལ་རིག་དང་ལྷན་ཅིག་དམིགས་ངེས་གཉིས་ནི་སེམས་ཙམ་དུ་སྒྲུབ་པའི་རིགས་པ་ཡིན་པས་ཐ་སྙད་གནས་ཚུལ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡིན་པས་སེམས་ཙམ་པའི་རིགས་ཆེན་བཞི་ལས་རྡུལ་ཕྲན་འགོག་པའི་རིགས་པ་དེ་དོན་དམ་དཔྱོད་བྱེད་དང་། ལྷན་ཅིག་དམིགས་ངེས་དང་མྱོང་བ་གསལ་རིག་གི་རིགས་པ་དེ་ཐ་སྙད་གནས་ཚུལ་དཔྱོད་བྱེད་ཀྱི་རིགས་པ་ཡིན་པས། མདོར་ན་སེམས་ཙམ་པས་དོན་དམ་གནས་ཚུལ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་ཆོས་ཉིད་དང་། ཁམས་གསུམ་པོ་ཐམས་ཅད་སེམས་ཙམ་དུ་འདོད་པ་དེ་ཐ་སྙད་གནས་ཚུལ་དུ་ཡིན་སྙམ་མོ། །འདིའི་སྐོར་རང་གཞུང་རྣམས་ལས་ཚིག་ཟིན་གསལ་ཁ་མི་སྣང་བས། རེ་ཞིག་རང་འདོད་ལྟར་དཔྱད་གཞིའི་ཚུལ་དུ་སྨྲས་སོ།།

དེ་ཡང་སེམས་ཙམ་པའི་ལུགས་ཀྱི་བརྗོད་བྱ་འགའ་ཞིག་ལ་དཔྱད་གཞིའི་ཚུལ་དུ་ཚིག་ཉུང་ཤས་ཤིག་བྲིས་པ་འདིར་དགེ་བའི་རྩ་བ་ཅུང་ཟད་ཅིག་ཡོད་ན་དེ་ཡང་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་གྲུབ་དབང་རིན་པོ་ཆེའི་ཐུགས་དགྱེས་པའི་རྒྱུར་ཅི་ནས་ཀྱང་གྱུར་ཅིག།


[1] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༤༣༡ པར་གསལ།

[2] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ག དེབ་ཕྲེང་ ༧༩ ཤོག་ངོས་ ༦༢༦ པར་གསལ།

[3] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༦༠ མདོ་སྡེ། མ། ཤོག་ངོས་ ༣༧༠ པར་གསལ།

[4] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༥༧ པར་གསལ།

[5] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༥༧ པར་གསལ།

[6] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༥༧-༥༨ བར་གསལ།

[7] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༣༦-༣༨ པར་གསལ།

[8] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༣༨-༣༩ པར་གསལ།

[9] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༤༣༠ པར་གསལ།

[10] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༤༡༤ པར་གསལ།

[11] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༣༡ པར་གསལ།

[12] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ་སྡེ། ཅ། ཤོག་ངོས་ ༥༩ པར་གསལ།

[13] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡༣ པར་གསལ།

[14] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༨ པར་གསལ།

[15] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡༣ པར་གསལ།

[16] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༠ པར་གསལ།

[17] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༢ པར་གསལ།

[18] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་པར་མ། རྒྱ་གཞུང་སྣེ་ཆེ་བདམ་བསྒྲིགས། ཚད་མ་སྡེ་བདུན། དེབ་ཕྲེང་ ༢ ཤོག་ངོས་ ༤༨༨ པར་གསལ།

[19] དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ལོའི་ཐཱའི་ཝན་བསྐྱར་དཔར་མ། ༢༠༡༢ དེབ་ཕྲེང་ ༡༣ ཤོག་ངོས་ ༧༨ པར་གསལ།

[20] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བསྟན་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༡༠༦ ཚད་མ། ཤོག་ངོས་ ༥༡༦ པར་གསལ།

[21] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། རྒྱ་གཞུང་སྣེ་ཆེ་བདམ་བསྒྲིགས་པོད་ཕྲེང་། ཚད་མ། ༢ ཤོག་ངོས་ ༤༨༨ པར་གསལ།

[22] དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ལོའི་ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༣ ཤོག་ངོས་ ༧༧ པར་གསལ།

[23] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༥༠ པར་གསལ།

[24] དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ལོའི་ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༣ ཤོག་ངོས་ ༧༨ པར་གསལ།

[25] དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ལོའི་ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༣ ཤོག་ངོས་ ༧༩ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།