དེ་ཁོ་ན་ཉིད་བསྡུས་པའི་གྲུབ་མཐའ་ལ་དཔྱད་པ།

ལོ་རིམ་དགུ་པའི་སློབ་གཉེར་བ། ཆོས་དབྱིངས་རྡོ་རྗེ།

ཕྲན་རང་ལ་དུས་རབས་བརྒྱད་པའི་མཚམས་སུ་བྱོན་པའི་སློབ་དཔོན་ཞི་བ་འཚོས་མཛད་པའི་དེ་ཁོ་ན་ཉིད་བསྡུས་པའི་གཞུང་དེ་ཉིད་ནང་པའི་གྲུབ་མཐའ་སྨྲ་བ་བཞི་གང་གི་གཞུང་ཡིན་མིན་ཐད་ལ་དེ་སྔོན་ནས་ཤེས་འདོད་ཡོད་པས་ཐག་ཆོད་མིན་ལ་མ་བལྟོས་པར་དེའི་ཕྱོགས་སུ་དོ་སྣང་ཕྲན་བུ་བྱ་རྒྱུ་ལགས།

སྤྱིར་བཏང་གཞུང་ལུགས་ཀྱི་དཔྱད་རྩོམ་ཚད་ལྡན་ཞིག་འབྲི་བ་ལ་མ་མཐར་ཡང་རང་ཉིད་ཀྱིས་གཞུང་འདི་དང་འབྲེལ་ཡོད་ཀྱི་གཞུང་ལུགས་ཁག་ལ་ཐོས་བསམ་གྱི་རྒྱུས་མངའ་གང་ལ་གང་འཚམས་མེད་པར་གཞུང་ལུགས་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བས། སྐབས་འདིར་ཡང་དེ་ཁོ་ན་ཉིད་བསྡུས་པ་ཞེས་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་ཟབ་པ་དང་རྒྱ་ཆེ་བ་དག་ནམ་མཁའི་དབྱིངས་སུ་སྐར་ཚོགས་ལྟར་གསལ་ཡོད་པས་ཁོ་བོ་འདྲ་བའི་སྐྱེས་སྦྱངས་ཀྱི་བློ་གྲོས་དམན་ཅིང་། ལེ་ལོ་གསུམ་གྱི་གཡོ་འོག་ཏུ་ཚུད་པ་ཞིག་གིས་གཞུང་གི་དགོངས་པ་ཕྱོགས་ཡོངས་ནས་རྒྱུས་མངའ་ལོན་པར་ཤིན་ཏུ་དཀའ་བའི་གནས་ཤིག་ཏུ་འཁུམས།

འོན་ཀྱང་དེང་དུས་རང་རེའི་སྤྱི་ཚོགས་ཁྲོད་དུ་དེ་ཁོ་ན་ཉིད་བསྡུས་པ་འདི་ཉིད་ལ་དོ་སྣང་ཤུགས་ཆེར་བྱེད་བཞིན་པའི་སྣང་བ་ཞིག་སྟེར་འོང་བས། དུས་བབ་ཀྱི་ཆར་ལ་རོལ་བ་བཞིན་ཀུན་ལས་ལྷག་པའི་དཔྱད་འབྲས་མེད་ཀྱང་ཀུན་དང་མཐུན་པའི་ལམ་ནས་གཞུང་འདི་ལ་དཔྱད་པའི་ས་བོན་ཙམ་ཞིག་འཇོག་འདོད་ཀྱི་འདུན་པས་སྒོ་གསུམ་གྱི་རྩོལ་བ་དེའི་ཕྱོགས་སུ་གཡོ་འགོ་བརྩམས།

ཀ༽ དེ་ཁོ་ན་ཉིད་བསྡུས་པ་དེ་ཚད་གཞུང་ཡིན་མིན་རྒྱུ་མཚན་འཚོལ་བ།

དེ་ཡང་བོད་འགྱུར་དུ་བསྟན་བཅོས་འདིའི་མཚན་གྱི་མགོར་ཚད་མ་ཞེས་བྲིས་ཡོད་པས་ཚད་གཞུང་ཞིག་ཡིན་ནམ་སྙམ་པའི་དོགས་པས་དཔྱད་པ། རང་རེའི་བསྟན་འགྱུར་ཁག་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཆོས་འབྱུང་[1]དང་། སྔ་འགྱུར་སྐབས་བསྒྱུར་པའི་དཀར་ཆག་[2]རྣམས་སུ་གཞུང་དེ་ཚད་གཞུང་གི་གྲས་སུ་བཞག་ཡོད་པ་མ་ཟད། དེང་དུས་ཀྱི་མཁས་པ་འགའ་ཤས་ཀྱིས་ཀྱང་ཚད་གཞུང་ཡིན་ཤག་ཐོག་དཔྱད་པ་ཡང་ཞུགས་ཡོད་པར་མངོན། འᨖན་ཀྱང་གཞུང་འདིའི་མཚན་རྒྱ་སྐད་དུ་ཏཏྟྭསཾགྲཧ་སྟེ་དེ་ཁོ་ན་ཉིད་བསྡུས་པ་ཞེས་པ་ཙམ་ལས་ཚད་མ་ཞེས་བྲིས་མེད་པར་རྒྱལ་བ་པའི་དཔེ་མཛོད་ནས་རྙེད་པའི་རྒྱ་དཔེར་གསལ་བར་དེང་དུས་ཀྱི་སྐད་གཉིས་སྨྲ་བ་[3]དག་གི་གསུང་ལ་གཞིགས་ན། དེ་ནི་བོད་འགྱུར་སྐབས་ལོ་ཙཱ་བ་[4]རྣམས་ཀྱིས་གཞུང་འདིའི་མཚན་གྱི་མགོ་ལ་ཚད་མ་ཞེས་པ་དང་། མཇུག་ཏུ་ཚིག་ལེའུར་བྱས་པ་[5]ཞེས་བསྣན་པ་སྦྱར་ཏེ་རྗེས་སུ་ཞུགས་པ་དག་གིས་ཀྱང་དེ་མཚུངས་སུ་བྲིས་ཡོད་པ་གོར་མ་ཆག དེ་ཁོ་ན་ཉིད་ཅེས་པའི་ཚིག་གིས་བསྟན་བཅོས་འདིའི་བརྗོད་པར་བྱ་བ་དང་། བསྡུ་བ་ཞེས་དགོས་པ་བསྟན་པར་འགྲེལ་བྱེད་ཀྱི་མཁན་པོ་སློབ་དཔོན་པདྨའི་ངང་ཚུལ་གྱིས་གསུངས་ཏེ།[6] དེ་ལྟར་དེ་ཁོོ་ན་ཉིད་བསྡུ་བ་བྱ། ཞེས་པ་འདིས་ནི་བརྗོད་པར་བྱ་བ་དང་། དགོས་པ་གཉིས་བསྟན་ཏེ། འདི་ལྟར་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་རང་བཞིན་ལ་སོགས་པའི་བྱེད་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པའི་བྱེད་པ་དང་བྲལ་བ་ཉིད་ཡིན་ནོ། །ཞེས་དང་། དགོས་པ་ནི་བསྡུས་པའི་ཚིག་གིས་བསྟན་ཏེ། ཞེས་མཚན་དོན་སྐབས་གཞུང་འདིའི་བརྗོད་བྱ་དང་དགོས་པ་སོགས་བསྟན་ཀྱང་ཚད་གཞུང་ཞིག་ཡིན་པར་མི་གསལ།

འོ་ན་བསྟན་བཅོས་འདི་ཚད་གཞུང་མིན་ན་ཚད་མ་ཞེས་བརྗོད་དོན་གང་ཡིན་ཐད་ཀྱི་དྲི་བའི་ལན་ཞིག་བཙལ་བར་བྱ། སྔོན་གྱི་མཁས་པ་དག་གིས་དེའི་སྐོར་གསུངས་ཡོད་ས་དམིགས་བསལ་མི་མཇལ་ཡང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་[7]རྒྱ་དཔེར་དེ་ཁོ་ན་ཉིད་བསྡུས་པ་ཞེས་པ་ཙམ་ལས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་མི་གསལ། དབུས་པ་བློ་གསལ་གྱི་གྲུབ་མཐའ་ལས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་གསལ་བ་ནི་རྣལ་འབྱོར་རྒྱུད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་དང་དབྱེ་བ་འབྱེད་ཕྱིར་གསལ་ཁ་གཏོད་པ་ཡིན་ཞེས་གསུངས། འོན་ཀྱང་དབུས་པ་བློ་གསལ་གྱི་གྲུབ་མཐའ་དེ་ཉིད་ལག་ཏུ་སོན་མེད་སྟབས་ཁུངས་གང་ལ་གཏུགས་ཡོད་མེད་གསལ་པོར་ཞུ་ཐབས་བྲལ་བས་སླད་ནས་དཔྱད་པར་འཚལ། ཕྱོགས་གཞན་ཞིག་ནས་ཞུས་ན་གཞུང་འདིར་ཕྱི་རོལ་པའི་འདོད་པ་དང་དེ་དག་འགོག་པའི་རྣམ་གཞག་རྣམས་རྒྱས་བསྡུས་ཙམ་ལས་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་དང་མཐུན་པའི་ཆ་མང་པོ་ཡོད་པའི་རྒྱུ་མཚན་ཡང་ཡིན་སྲིད།

ཡང་ན་ཚད་མ་ཞེས་པའི་ཚད་གཞུང་གི་ཚད་མ་ཞེས་པར་གོ་རྒྱུ་མིན་པར། དཀའ་འགྲེལ་ལས།[8] དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་བསྟན་བཅོས་འདི་ལས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་འབྱུང་བའི་ཕྱིར། དེས་ན་དེ་ཁོ་ན་ཉིད་བསྡུ་བའི་བྱ་བས་འགྲོ་བ་ལ་ཕན་པ་ཡང་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ཡང་ཁོང་དུ་ཆུད་དོ་ཞེས་བསྟན་པ་ལྟར། གྲོལ་བ་དོན་གཉེར་ཅན་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཚུལ་བཞིན་རྟོགས་པའི་ལམ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་འཇུག་པར་འདོད་པས་གཞུང་འདིར་ཡང་རྒྱུ་འབྲས་བླང་དོར་གྱི་གནས་གསལ་བར་བྱེད་པ་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ལ་ལོག་པར་རྟོག་པ་དང་། ཕྱོགས་ཙམ་རྟོགས་པ་རྣམས་ཀྱིས་འདོད་པའི་དེ་ཁོ་ན་ཉིད་མ་འདྲེས་པར་སོ་སོར་བཀོད་དེ། དེ་དག་མི་འཐད་པར་རིགས་པའི་ལམ་ནས་སུན་ཕྱུང་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པས་སྐྱེས་བུ་སུ་ཞིག་གིས་དེའི་དོན་ལ་ཚུལ་བཞིན་དུ་འཇུག་ཚེ་འབྲས་བུ་ལ་མི་སླུ་བ་ཡིན་པས་ན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་གཞུང་གི་མཚན་གྱི་མགོ་ལ་ཚད་མ་ཞེས་བཏགས་པ་ཡང་ཡིན་སྲིད་པས་འདི་ཞེས་ཁ་མཚམས་གཅོད་མི་ནུས་ཀྱང་དཔྱད་པའི་གཞི་ཙམ་བྱས་ཡོད།

ཁ༽ དེ་ཁོ་ན་ཉིད་བསྡུས་པ་དེ་དབུ་མའི་གཞུང་ཡིན་མིན་རྒྱུ་མཚན་འཚོལ་བ།

ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར་གྱི་མཇུག་གཏམ་དུ་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི་ཞེས་བྱུང་བས་བསྟན་བཅོས་འདི་དབུ་མའི་གཞུང་ཞིག་ཡིན་ནམ་སྙམ་པའི་དོགས་པས་དཔྱད་པ། དེ་ཡང་གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་འཕེན་རིག་པ་ཅན་དང་སངས་རྒྱས་དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་[9]དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར།།[10] ཅེས་ལོ་ཙཱ་བ་ཞི་བ་འོད་ཀྱིས་གཞུང་འདིར་ཕྱི་རོལ་མུ་སྟེགས་གྲངས་ཅན་པ་ནས་བཟུང་རིམ་པར་ནང་པའི་དབུ་མའི་གྲུབ་མཐའི་བར་གྲུབ་མཐའ་ཁག་ཉི་ཤུ་ཙམ་གྱི་བྱེ་བྲག་སོ་སོའི་འདོད་པ་རྣམས་ཤེས་པའི་ཕྱིར་བསྒྱུར་ཡོད་པར་གསུངས་ཤིང་། སློབ་དཔོན་སེམས་དཔའ་རྡོ་རྗེས་[11]ཀྱང་དབུ་མ་རང་རྒྱུད་པའི་གཞུང་དུ་འདོད་ཅིང་རྒྱ་དཔེའི་བརྟག་པ་ཉེར་གསུམ་པ་ཕྱི་དོན་བརྟག་པར་དེའི་སྐོར་གསུངས་ཡོད་ཚུལ་གསུངས་ཀྱང་ཁོང་གིས་དེ་ཁོ་ན་ཉིད་ཀྱི་གཞུང་ཆ་ཚང་འགྲེལ་པ་གནང་བའི་སྐལ་བ་བྱུང་མེད་སྟབས་ལེའུ་དེའི་འགྲེལ་པ་ཡང་མེད་པས་ཁོང་གི་དགོངས་པ་ཡང་ཞུ་ཐབས་བྲལ། གཞན་ཡང་ཉེ་བའི་ཆར་གདན་ས་བཀྲ་ཤིས་ལྷུན་པོ་ནས་པར་སྐྲུན་ཞུས་པའི་དེ་ཁོ་ན་ཉིད་རྩ་འགྲེལ་སྦྱར་མའི་སྔོན་གླེང་དུ་རང་རྒྱུད་པའི་གཞུང་ཡིན་པར་གསལ།[12] འོན་ཀྱང་རང་རྒྱུད་པའི་གཞུང་ཡིན་པའི་རྒྱུ་མཚན་དང་གཞུང་ཁུངས་དྲངས་ཡོད་ས་དམིགས་བསལ་མཇལ་རྒྱུ་མི་འདུག་པས་དོགས་པ་བསླངས་ཏེ་ཅུང་ཙམ་དཔྱད་ན། ཐོག་མར་གཞུང་རྩོམ་པ་པོ་མཁན་ཆེན་ཞི་བ་འཚོ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དམ་དེའི་ལུགས་འཛིན་པ་ཡིན་པའི་རྒྱུ་མཚན་བཟུང་ན། རང་ཉིད་གྲུབ་མཐའ་འདིར་གནས་བཞིན་དུ་གཞན་གྱི་གྲུབ་མཐའི་སྐོར་གྱི་གཞུང་མཛད་པར་འགལ་བ་མེད་པས་རྒྱུ་མཚན་རྣམ་དག་ཏུ་མི་འདོད་དེ་དཔེར་ན་འཕགས་པ་ཐོགས་མེད་བཞིན།[13]

གཞུང་འདི་དང་དབུ་མ་རྒྱན་གྱི་ཚིག་ཆ་འདྲ་བ་དུ་མ་བྱུང་བའི་རྒྱུ་མཚན་བཟུང་ན། རྒྱན་དང་ཆ་འདྲ་བའི་ཚིག་མང་པོ་མཇལ་རྒྱུ་ཡོད་པ་བདེན་མོད། འོན་ཀྱང་ཚིག་དེ་དག་དབུ་མ་རྒྱན་དུ་ཐ་སྙད་སེམས་ཙམ་པའི་རྣམ་གཞག་སྐབས་དང་བྱེ་མདོ་འགོག་པའི་རིགས་ཆེན་བཞིའི་གཏན་ཚིགས་དག་དང་མཐུན་པ་ལས་རང་རྒྱུད་པའི་ལྟ་བ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཏན་ལ་འབེབས་པའི་སྐབས་ཀྱི་ཚིག་དང་མཐུན་པར་མི་སྣང་། དབུ་མ་རྒྱན་དུ་ཐ་སྙད་སེམས་ཙམ་གྱི་རྣམ་གཞག་བྱེད་སྐབས་དེའི་སྔོན་མཁན་ཆེན་ཉིད་ཀྱིས་མཛད་པའི་དེ་ཁོ་ན་ཉིད་བསྡུས་པར་སེམས་ཙམ་གྱི་སྐོར་གསུངས་པའི་ཚིག་རྣམས་དབུ་མ་རྒྱན་དུ་ཚུར་དྲངས་ཡོད་པར་སྙམ།[14]

གཞུང་འདིར་ཐ་སྙད་སེམས་ཙམ་དང་དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཕྱེ་སྟེ་རྣལ་འབྱོར་སྤྱོད་པའི་དབུ་མའི་ཕྱོགས་སུ་མཛད་ཡོད་དམ་ཞེས་དོགས་པས་དཔྱད་ན། སྤྱིར་བཏང་གཞུང་རང་གི་བརྟག་པ་སོ་གཅིག་རེ་རེའི་ནང་གྲུབ་མཐའ་ཕྱོགས་རེ་བ་ཞིག་རྩལ་བཏོན་བྱས་ཏེ་གཞུང་མཛད་ཡོད་པའི་རྣམ་པ་མེད་ཀྱང་དེ་ཁོ་ན་ཉིད་རང་གི་གྲུབ་མཐའ་རྩད་དཔྱོད་སྐབས་བརྟག་པ་ཉེར་བདུན་པ་ཕྱི་དོན་བརྟག་པ་དེ་གནད་ཆེན་པོར་མཐོང་། དབུ་མའི་ཕྱོགས་སུ་འདོད་པ་རྣམས་ཀྱིས་བརྟག་པ་འདིའི་རྩ་འགྲེལ་དུ་དབུ་མའི་གྲུབ་མཐའི་ཕྱོགས་སུ་འགྲེལ་ཆོག་པའི་གཞུང་ཚིག་འགའ་སྣང་བས་དེ་ལྟར་དུ་འདོད་པར་སྙམ། མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ཁ་ཕྱོགས་ཕྱོགས་ནས་རྡོལ་ཡོང་བས་མཐའ་གཅིག་ཏུ་དེ་ཡིན་དང་མིན་ཞེས་བརྗོད་པའི་སྤོབས་པ་མེད་ཀྱང་། བརྟག་པ་ཉེར་བདུན་པ་དེ་ཉིད་ལས།[15] གཅིག་ནི་མ་གྲུབ་པ་ཡི་ཕྱིར། །དུ་མའི་རང་བཞིན་ཡང་མི་སྲིད། །དེ་ཕྱིར་རྡུལ་ཕྲན་ངེས་པར་ནི། །མེད་པར་ངེས་པར་སྐྱེ་རུང་ཡིན། །གཅིག་དང་དུ་མའི་རང་བཞིན་གྱིས། །སྟོང་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་པའི་གཞུང་ཚིག་དེ་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་ལས་གཅིག་དུ་བྲལ་གྱི་གཏན་ཚིགས་དང་འདྲ་ན་ཡང་གཞུང་གི་དགོངས་པ་དེ་ལྟར་རང་མིན་སྙམ་སྟེ། གཞུང་དུ་བརྟག་པ་དང་པོ་རང་བཞིན་བརྟག་པ་ནས་ཉེར་དྲུག་བར་ཕྱི་དོན་འདོད་ཤག་ཐོག་ཕྱི་རོལ་པའི་རྟེན་འབྲེལ་གྱི་དོན་ལ་ལོག་པར་རྟོག་པ་རྣམས་བྱེ་མདོ་གཉིས་ཀྱིས་རིགས་པ་གཙོ་བོར་བྱས་ནས་བཀག་པར་མཛད་ཅིང་། དེ་ནས་བརྟག་པ་ཉེར་བདུན་པ་ཕྱི་དོན་བརྟག་པའི་རྒོལ་བ་གཙོ་བོ་བྱེ་མདོ་སྟེ། རྩ་བ་ལས།[16] གང་ཚེ་དེ་དག་དངོས་རྣམས་ཀྱི། །རྡུལ་ཕྲན་དུ་ནི་ཁས་ལེན་བྱེད། །དེ་ཚེ་དེ་དག་དམ་བཅའ་ནི། །གདོན་མི་ཟ་བར་ཉམས་པར་འགྱུར། །ཞེས་པའི་འགྲེལ་པར།[17] འདི་ལྟར་གཞན་གྱིས་རྡུལ་ཕྲ་རབ་རྣམས་འབྱར་བ་ཉིད་དང་། བར་མེད་པ་ཉིད་དང་། དེ་བཞིན་དུ་བར་དང་བཅས་པ་མང་པོས་ཡོངས་སུ་བསྐོར་བ་ཡིན་ནོ་ཞེས་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་ཏེ་ནང་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་དངོས་པོ་རྣམས་རྡུལ་ཕྲན་ཆ་མེད་ལས་བརྩམས་པར་འདོད་པ་འགོག་པའི་སྐབས་ཡིན་པས་དེ་ལ་དེའི་གྲུབ་མཐའ་གོང་མ་སེམས་ཙམ་པའི་སྐབས་ནས་བཤད་པའི་རིགས་ཆེན་བཞིའི་གཏན་ཚིགས་ཀྱིས་བཀག་པར་མཛད་ཡོད་པར་སྣང་། དེས་ན་གཞུང་ཚིག་དེ་ཡང་རིགས་ཆེན་བཞིའི་གཏན་ཚིགས་ལས་ཕྱོགས་ཆ་བརྟག་པའི་རིགས་པ་སྟོན་པའི་སྐབས་སུ་བྱུང་བས་ཕྱོགས་ཆ་བརྟག་པའི་རིགས་པ་རང་ལ་ཅུང་ཟད་རྒྱས་པའམ་ཟབ་ཙམ་བཏང་ཡོད་པ་ལས་དབུ་མ་རང་རྒྱུད་པའི་གཞུང་སྐབས་སུ་བཤད་པའི་དོན་དམ་ལ་དགག་སྒྲ་སྦྱར་ཏེ་བསྟན་པའི་གཅིག་དང་དུ་མ་བྲལ་བའི་གཏན་ཚིགས་སུ་མི་འདོད་དོ། །གཅིག་དང་དུ་མ་བྲལ་ཚུལ་[18]བཤད་དགོས་ནའང་ཕྱོགས་ཆ་བརྟག་པའི་རིགས་པ་རང་ལ་འགྲེལ་དགོས་པས་ཕྱོགས་ཆ་བརྟག་པའི་རིགས་པ་ལས་གཞན་གང་ཡང་མིན་ཏེ། དཀའ་འགྲེལ་ལས།[19] གཅིག་དང་དུ་མའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་སོགས་པ་གཏན་ཚིགས་མ་གྲུབ་པ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ས་ལ་སོགས་པའི་གཟུང་བར་བྱ་བ་མེད་པའི་ཐ་སྙད་དུ་གྲུབ་བོ། །དེ་མེད་ན་དེ་ལ་ལྟོས་ནས་བཏགས་པའི་ཤེས་པའི་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རྣམ་རིག་ཙམ་ཉིད་དུ་གྲུབ་བོ། །ཞེས་གསུངས་པས་དབུ་མའི་སྐབས་ཀྱི་གཅིག་དུ་བྲལ་གྱི་གཏན་ཚིགས་ཡིན་ན་རྡུལ་ཕྲན་བཀག་ནས་ཐམས་ཅད་རྣམ་རིག་ཙམ་དུ་མི་སྒྲུབ་བོ། །མ་ཟད་དཀའ་འགྲེལ་དུ་[20]བརྟག་པ་དེ་སེམས་ཙམ་བསྟན་པའི་བརྟག་པ་ཡིན་པར་གསུངས་པ་དེས་ཀྱང་དཔོག་ནུས་སོ།།

ག༽ དེ་ཁོ་ན་ཉིད་བསྡུས་པ་དེ་སེམས་ཙམ་པའི་གཞུང་ཡིན་མིན་རྒྱུ་མཚན་འཚོལ་བ།

 གཞུང་འདིར་སེམས་ཙམ་ལྟར་འདོད་ཆོག་པའི་ཐ་སྙད་སྣ་ཚོགས་བྱུང་བས་སེམས་ཙམ་དུ་བསྟན་པའི་གཞུང་ཞིག་ཡིན་ནམ་སྙམ་པའི་དོགས་པས་དཔྱད་ན། གཞུང་འདིར་སྔོན་གྱི་མཁས་པ་དག་ལས་སེམས་ཙམ་པར་འདོད་པ་དམིགས་བསལ་དུ་མི་མཇལ་ཡང་། དེང་གི་དུས་སུ་གླང་རི་བ་ཐུབ་བསྟན་སྦྱིན་པས་སེམས་ཙམ་དུ་འདོད་པར་སྣང་།[21] ཁོང་གིས་བསྒྲིགས་པའི་རྩ་འགྲེལ་ཤན་སྦྱར་གྱི་སྔོན་གླེང་དུ།[22] བསྟན་བཅོས་འདིར་ཡང་སྤྱིའི་འགྲོས་ལ་ཕྱི་དོན་ཞལ་གྱིས་བཞེས་པ་མདོ་སྡེ་པའི་ལུགས་དང་། ཕྱི་དོན་བརྟག་པའི་ལེའུའི་ནང་དུ་ཕྱི་རོལ་གྱི་དོན་ཡང་བཀག་སྟེ་རང་ལུགས་རྣལ་འབྱོར་སྤྱོད་པ་བའི་ཚུལ་དེ་ཆེད་དུ་སྒྲུབ་སྣང་། ཅི་སྟེ་གོང་དུ་སྨྲས་པའི་བློ་འཆར་དེ་བདེན་ན་དེ་ཁོ་ན་ཉིད་བསྡུས་པའི་བསྟན་བཅོས་སུ་མཁན་ཆེན་རང་ཉིད་ཀྱི་དབུ་མ་པའི་ལུགས་དེ་ཆེད་དུ་བསྒྲུབས་མེད་པར་ཤེས་ཏེ། ཞེས་གསུངས། རང་དགོན་གྱི་སློབ་དཔོན་བསྟན་འཛིན་ཆོས་འཕེལ་གྱིས་བརྩམས་པའི་དཔེ་ཀློག་གི་ཟིན་བྲིས་ཞེས་པའི་དེབ་ཏུ། འོན་ཀྱང་གཞུང་གོང་འོག་ཡོངས་རྫོགས་ལ་བསམ་བློ་ཞིབ་ཏུ་བཏང་ན་གཞུང་འདིའི་དགོངས་པ་མཐར་ཐུག་དེ་སེམས་ཙམ་པའི་གྲུབ་མཐའ་ནས་ཡར་ལ་ཟླ་མེད་པར་སྣང་ངོ་། །ཞེས་བྱུང་།

དེ་ལ་བསྟན་བཅོས་ཀྱི་ལུས་མདོར་བསྟན་སྐབས། རང་བཞིན་དབང་ལྡན་གཉིས་ཀ་དང་། །ཞེས་པ་ནས། རང་དབང་ཐོབ་ལ་མི་བརྟེན་པ། །ཞེས་པའི་བར་གཞུང་གི་བརྟག་པའི་ལེའུ་རྣམས་ཚིགས་བཅད་གསུམ་དང་ཚིག་རྐང་གཅིག་ཏུ་བསྡུས་ཏེ་གཞུང་གི་ལེའུའི་གོ་རིམ་རྣམས་གཏན་འབེབས་བྱས་པ་དེ་ཡང་། དཀའ་འགྲེལ་ལས།[23] དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས། མྱུ་གུ་དེ་ཡང་རང་ཉིད་ཀྱིས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན། གཉི་གས་བྱས་པ་མ་ཡིན། དབང་ཕྱུག་གིས་སྤྲུལ་པ་མ་ཡིན། དུས་ཡོངས་སུ་གྱུར་བ་མ་ཡིན། རང་བཞིན་ལས་བྱུང་བ་མ་ཡིན། རྒྱུ་གཅིག་ལས་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་སྐྱེ་བ་ཡང་མ་ཡིན་ནོ། །ཞེས་གསུངས་སོ་ཞེས་འཕགས་པ་སཱ་ལུའི་ལྗང་པའི་མདོ་སྟེ་སེམས་ཙམ་བསྟན་པའི་མདོ་ལ་གཏུགས་ཡོད་པ་དང་། གཞན་ཡང་དཀའ་འགྲེལ་ལས།[24] འདི་ཡང་བཅོམ་ལྡན་འདས་ཀྱིིས། ཇི་ལྟར་བྱིས་པ་རྣམས་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འདིས་ཀྱང་ཕྱི་དོན་བརྟག་པ་བསྟན་ཏོ། །ཞེས་ཕྱི་དོན་བརྟག་པའི་ལེའུ་དེ་ཡང་ལང་གཤེགས་ཀྱི་མདོ་སྟེ་སེམས་ཙམ་གྱི་མདོ་ལ་ཁུངས་བཅོལ་ཡོད་ཅིང་དཀའ་འགྲེལ་དུ་མདོ་མང་པོའི་ཁུངས་དྲངས་ཀྱང་གཙོ་བོ་གོང་དུ་སྨོས་པའི་མདོ་གཉིས་ལ་གཏུགས་ཡོད་པས་ཀྱང་དཔྱད་པའི་གཞི་ཞིག་ཡིན་པར་སྙམ་མོ།།

གཞུང་རང་གི་རྩ་འགྲེལ་གཉིས་ནས་སེམས་ཙམ་དུ་ཇི་ལྟར་བསྟན་པ་ཅུང་ཟད་གསལ་ཁ་བཏོད་ན། གཞུང་འདི་ནི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་བསྟན་བཅོས་ཤིག་ཡིན་པས་དེ་ལྟ་བུའི་དེ་ཁོ་ན་ཉིད་གཞུང་རང་གིས་ཇི་ལྟར་འདོད་ཅེས་པ་ལ། དཀའ་འགྲེལ་ལས།[25] འོན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཕྱི་རོལ་གྱི་བདག་ཉིད་དམ། འོན་ཏེ་སེམས་ཙམ་གྱི་རང་བཞིན་ཡིན་ཞེ་ན། གཟུགས་བརྙན་ལ་སོགས་ལྟ་བུ་སྟེ་ཞེས་བྱ་བ་སྨོས་སོ། །འདིས་ནི་སེམས་ཙམ་གྱི་བདག་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་འདི་སྐད་དུ་ཇི་ལྟར་གཟུགས་བརྙན་དང་མགལ་མེའི་འཁོར་ལོ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སེམས་ཙམ་གྱི་རང་བཞིན་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཞེས་དང་།

 ཕྱི་དོན་བརྟག་པའི་འགྲེལ་པ་ལས།[26] དེ་ནི་གཟུགས་བརྙན་ལ་སོགས་པ་ལྟ་བུ་ཡིན་ཞེས་བྱ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་བསྒྲུབ་པར་བྱ་བའི་ཕྱིར། རྣམ་པར་ཤེས་པར་སྨྲ་བ་ཉེ་བར་འདོད་དོ། །དེ་ལ་ཁམས་གསུམ་པ་འདི་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །ཞེས་དང་། བསྟན་བཅོས་ཀྱི་ལུས་མདོར་བསྟན་སྐབས་གཟུགས་བརྙན་ལ་སོགས་དག་དང་འདྲ་ཞེས་ཕྱི་དོན་བརྟག་པ་འཕྲོས་པར་གསུངས་ན། བརྟག་པ་འདིར་ཕྱི་དོན་འདོད་པ་རྣམས་རིགས་ཅན་བཞིའི་གཏན་ཚིགས་ཀྱིས་བཀག་སྟེ་རྣམ་རིག་ཙམ་ཉིད་དུ་ཇི་ལྟར་སྒྲུབ་ཚུལ་མདོ་ཙམ་བརྗོད་ན། རྩ་བ་ལས།[27] གང་ཚེ་དེ་དག་དངོས་རྣམས་ཀྱི། །རྡུལ་ཕྲན་དུ་ནི་ཁས་ལེན་བྱེད། །དེ་ཚེ་དེ་དག་དམ་བཅའ་ནི། །གདོན་མི་ཟ་བར་ཉམས་པར་འགྱུར། །ཞེས་ཕྱི་དོན་འདོད་པའི་ཕྱོགས་ལ་རྣམ་པ་གསུམ་དུ་སྣང་སྟེ། རྩ་བ་ལས། ཡང་དག་འབྱར་དང་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་རྡུལ་རྣམས་འབྱར་ཏེ་གནས་པར་འདོད་པ་གཟེགས་ཟན་པ་དང་། རྡུལ་གཅིག་ལ་རྡུལ་གཞན་གྱིས་བསྐོར་ཏེ་གནས་པ་བྱེ་སྨྲ་དང་། རེག་ལ་མ་འབྱར་བར་གནས་པར་འདོད་པ་མདོ་སྡེ་པ་སྟེ་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་དུ་གསལ་ལོ།།[28]

དེ་དག་འགོག་པའི་གཏན་ཚིགས་རྣམས་གཞུང་གི་ཚིག་ལྟར་བཀོད་ན། དང་པོ་ཕྱོགས་ཆ་བརྟག་པའི་རིགས་པ་ནི། རྩ་བ་ལས།[29] དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཞེས་དང་། མྱོང་བ་གསལ་རིག་གི་རྟགས་ནི། རྩ་བ་ལས།[30] རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་དང་། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ནི། རྩ་བ་ལས།[31] གང་ཞིག་རིག་པ་ཉིད་འགྱུར་ན། །གང་ཞིག་རིག་པར་ངེས་པ་ཡིན། །དེ་ལས་དེ་ནི་ཐ་དད་མིན། །དེ་ལས་དེ་ཡང་དབྱེར་མེད་འགྱུར། །ཞེས་དང་། སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ནི། རྩ་བ་ལས། འདྲ་བ་དང་བཅས་རྣམ་ཤེས་ནི། །གང་ཞིག་རིག་པར་ངེས་པ་ཡིན། །ཕྱི་རོལ་དོན་རིག་འགྱུར་ཟད་མོད། །དེ་ཡང་ཐམས་ཅད་དུ་མེད་ཕྱིར། །དོན་རིག་གནས་པ་རིག་པ་མིན། །ཞེས་རིགས་ཅན་བཞིའི་གཏན་ཚིགས་སྐོར་དཀའ་འགྲེལ་དང་སྦྱར་ནས་རྒྱས་པར་སྤྲོ་ཆོག་ཀྱང་དགོས་པ་ཆེར་མ་མཐོང་བས་གཞུང་རང་ལ་གཟིགས་པར་ཞུ། དེ་དག་རིགས་པའི་རྣམ་གྲངས་སྣ་ཚོགས་ཀྱིས་བཀག་པར་མཛད་ནས་བརྟག་པ་དེའི་མཇུག་ཏུ་སེམས་ཙམ་འཐད་ཕྱོགས་སུ་བཟུང་ཡོད་དེ། རྩ་བ་ལས།[32] བཟུང་བའི་ཆ་ནི་ཡུལ་དངོས་ནི། །དེ་ཉིད་མིན་པར་ཁོ་བོ་འདོད། །དེས་ན་དེ་ནི་མ་བསྒྲུབས་སོ། །རྣམ་རིག་ཙམ་ཉིད་བསྒྲུབ་པ་ནི། །བློ་ལྡན་རྣམས་ཀྱིས་དྲི་མེད་མཛད། །ཁོ་བོ་ཅག་གིིས་དེ་ཕྱོགས་ནི། །དོན་དམ་ངེས་པར་བསྐྱེད་པར་བྱས། །ཞེས་གཟུང་བ་ཕྱི་དོན་གྱི་ཆ་རྣམས་ཡུལ་དངོས་མིན་པས་ཁོ་བོས་མི་འདོད། རྣམ་རིག་ཙམ་སྒྲུབ་པ་ནི་བློ་ལྡན་མཁས་པ་རྣམས་ཀྱིས་ཀྱང་དྲི་མ་མེད་པའམ་སྐྱོན་མེད་ཉིད་དུ་འདོད་པས་མཁན་ཆེན་ཞི་བ་འཚོ་ཁོ་བོ་ཅག་ཀྱང་དོན་དམ་སྟེ་གཞུང་གི་དེ་ཁོ་ན་ཉིད་དུ་འདོད་དོ་ཞེས་པའི་དོན་དུ་གསུངས་པར་སྙམ། དེ་ལྟར་བཀྲལ་བ་བདེན་ན་གཞུང་དེའི་དགོངས་པ་སེམས་ཙམ་དུ་གནས་པ་ཆེས་གསལ་པོ་ཡིན། འོན་ཀྱང་དཀའ་འགྲེལ་དུ།[33] འཇིག་རྟེན་དང་བསྟན་བཅོས་སུ་རྣམ་པ་ཇི་ལྟ་བུའི་དམིགས་པའི་རྐྱེན་མངོན་པར་འདོད་པ་དེ་ལྟར་ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཡིན་ནོ། །ཞེས་དེ་ཙམ་ཞིག་བཀྲལ་འདུག་པས་དམིགས་བསལ་གྱི་ཚིག་དེའི་འགྲེལ་པ་མི་སྣང་ངོ་།།

ང༽ ནང་པའི་གྲུབ་མཐའ་སྨྲ་བ་ལས་ཕྱོགས་གཞན་ཞིག་ནས་རྒྱུ་མཚན་འཚོལ་བ།

ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་དེ་ཁོ་ན་ཉིད་བསྡུས་པ་དེ་གྲུབ་མཐའ་ཕྱོགས་རེ་བ་གང་ཞིག་གི་དགོངས་པ་སྒྲུབ་པའི་ཆེད་དམིགས་ནས་བརྩམས་པ་ཞིག་ཏུ་མི་སྣང་བས་འཐེན་ཁྱེར་སྣ་ཚོགས་ཀྱིས་དེ་དང་འདི་ཞེས་གྲུབ་མཐའ་སྨྲ་བ་གང་རུང་ཞིག་གི་ཁོངས་སུ་གཏོགས་དགོས་པའི་བློ་མིག་སྲིན་འབུ་མེ་ཁྱེར་ལྟ་བུ་ཞིག་གིས་ཨུ་ཚུགས་ཀྱིས་ངལ་བ་བྱས་པ་ཡང་མཁན་ཆེན་ཉིད་ཀྱི་དགོངས་པ་ཏག་ཏག་རང་སྡོད་ཀྱི་ཨེ་ཡོད་སྙམ་སྟེ། རྩ་བར།[34] དེ་ཉིད་རྣམས་ནི་བསྡུ་བར་བྱ་ཞེས་བརྩམ་པར་དམ་བཅའི་སྐབས་དང་མཚན་དོན་སྐབས་ཀྱི་དཀའ་འགྲེལ་དུ།[35] དེའི་ཕྱིར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ཟིན་ན་ཡང་བློ་དམན་པས་ཤིན་ཏུ་འཐོར་བ་ཉིད་ཀྱིས་བདེ་བླག་ཏུ་གཟུང་བར་མི་ནུས་པ་གང་ཡིན་པ་དེ་ལ་བདེ་བླག་ཏུ་གཟུང་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་བརྩམས་པ་ནི་འབྲས་བུ་མེད་པ་མ་ཡིན་པར་འདོད་དོ་སྙམ་དུ་བསམས་ནས་བསྟན་བཅོས་འདི་བརྩམས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་ཞེས་བཤད་ཀྱི། གཞན་དུ་ན། དེ་ཉིད་གཏན་ལ་དབབ་པར་བྱ་ཞེས་དེ་སྐད་དུ་བསྟན་པར་བྱ་བར་འགྱུར་རོ། །ཞེས་སྔོན་གྱི་ཕྱི་ནང་གི་མཁས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ཟིན་པ་རྣམས་ཤིན་ཏུ་མང་བས་བློ་དམན་པ་དག་གིས་བདེ་བླག་ཏུ་གོ་བའི་ཕྱིར་ཚུར་བསྡུས་པ་ཙམ་ལས་མཁན་ཆེན་ཉིད་ཀྱི་དགོངས་པ་གསལ་བའི་ཕྱིར་གསར་དུ་བརྩམས་པ་དང་། ཡང་ན་གྲུབ་མཐའ་གང་ཡང་རུང་བ་ཞིག་གི་ལྟ་བ་བསྒྲུབ་པའི་ཆེད་དུ་མཛད་པ་ཡིན་ན་གཞུང་དེའི་མཚན་ལ་དེ་ཁོ་ན་ཉིད་བསྡུས་པ་མ་ཡིན་པར་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ཞེས་འབྱུང་དགོས་པ་དཀའ་འགྲེལ་དུ་གསུངས་པས་གསལ་པོར་རྟོགས་ནུས་སོ། །གཞན་ཡང་སྔོན་ནས་ད་བར་ཕྱི་ནང་གི་མཁས་པ་མང་པོས་གཞུང་འདིར་དམིགས་བསལ་གྱིས་དོ་སྣང་རྒྱ་ཆེར་མཛད་པ་ཡང་གྲུབ་མཐའ་གང་ཡང་རུང་བ་ཞིག་གི་ཕྱོགས་སུ་མ་ལྷུང་བའི་རྒྱུ་མཚན་ཡང་ཡིན་སྲིད་པས་སྒོ་ཀུན་ནས་ལེགས་པར་དཔྱད་པར་རིགས་སོ།།


[1] བུ་སྟོན་ཆོས་འབྱུང་། འབྲས་སྤུངས་བློ་གསལ་གླིང་གི་པར་མ། ཤོག་ངོས་ ༢༥༡ པར་གསལ།

[2] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུང་ཁང་གི་པར་མ། ཤོག་ངོས་ ༤༩ པར་གསལ། དཀར་ཆག་ལྡན་དཀར་མ། སྡེ་དགེའི་བསྟན་འགྱུར། དཔེ་རིང་། ཤོག་ངོས་ ༣༧༣ པར་གསལ། གཏམ་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་ངོས་ ༨༡༥ པར་ཚད་མའི་ཁོངས་གཏོགས་སུ་དྲངས་ཡོད།

[3] དེ་ལྟར་ན་རང་རེའི་བོད་ཀྱི་མཁས་པ་འགས་བསྟན་བཅོས་འདི་ལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་གསུངས་པ་ཅུང་དོན་ལ་མི་གནས་པས། གཞུང་རང་གི་མཚན་དུ་བྱུང་བ་ལྟར་དེ་ཁོ་ན་ཉིད་བསྡུས་པ་ཞེས་བསྙད་ན་འཁྲུལ་གཞི་མི་འོང་བས་ལེགས་པར་མཐོང་། ཞེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པའི་དེ་ཁོ་ན་ཉིད་བསྡུས་པའི་རྩ་འགྲེལ་ཤན་སྦྱར་གྱི་སྔོན་གླེང་དུ་གསལ།

[4] དཀར་ཆག་ལྡན་དཀར་དུ་ཚད་མ་དེ་ཁོ་ན་ཉིད་ཅེས་གསལ་བས་གཞུང་འདིའི་མཚན་གྱི་མགོར་ཚད་མ་ཞེས་སྔ་འགྱུར་བའི་ལོ་ཅཱ་བ་རྣམས་ཀྱིས་སྦྱར་ཡོད་པ་འདྲ་སྟེ།

[5] ཀཱ་རི་ཀཱ་ཞེས་པ་ནི། གཞུང་ཚིགས་བཅད་དུ་སྡེབ་པའི་རྣམ་བཤད་ཅེས་པའི་དོན་ཡིན་ཀྱང་། བོད་ལོ་སྔ་མ་རྣམས་ཀྱིས་ཚིག་ལེའུར་བྱས་པ་ཞེས་སྦྱར་མོད་འདིའི་གཞུང་རྩ་བ་རྒྱ་དཔེར་ཀཱ་རི་ཀཱ་ཞེས་པ་མེད་ལ། དེ་ལྟར་སྦྱར་བ་ལ་དགོས་པ་ལྷག་པོ་ཞིག་ཡོད་པའང་མི་གསལ། ཞེས་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མེས་བརྒྱན་པ། ཤོག་ངོས་ ༥ པར་གསལ།

[6] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༡༧ པར་གསལ།

[7] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། གསུང་འབུམ་པོད་དང་པོ། ཤོག་ངོས་ ༢༤༠ པར་གསལ།

[8] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༢༢ པར་གསལ།

[9] སློབ་དཔོན་སེམས་རྡོར་གྱིེས་ཆུ་ཀླུང་པ་དང་། ཆུ་ལྷུུང་ཇི་ལྟར་བརྗོད་ཀྱང་ནོར་བ་ཡིན་ཏེ། དོན་ལ་པཏཱནཇལི་སྟེ་ཐལ་མོ་སྦྱར་བ་ཅན་ཞེས་བརྗོད་དགོས་པར་གསུངས།

[10] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༨༠༢ པར་གསལ།

[11] དེ་ཁོ་ན་ཉིད་ཀྱི་གསལ་བར་བྱེད་པའི་འགྲེལ་པ་སྒྲོན་མེས་བརྒྱན་པའི་སྔོན་གླེང་དུ། བསྟན་བཅོས་འདིར་གྲངས་ཅན་ལ་སོགས་པའི་གཞུང་ལུགས་གཞན་དང་བགྲོ་གླེང་བྱེད་སྐབས་རང་ལུགས་ཀྱི་ལྟ་བའི་རྣམ་གཞག་ཟུར་དུ་གསལ་ཁ་མེད་ཀྱང་། རང་ལུགས་ལྟ་བའི་གླེང་གཞི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཉིད་དུ་གནས་སོ། །འདིའི་རྣམ་གཞག་བརྟག་པ་ཉེར་གསུམ་པ་ཕྱི་དོན་བརྟག་པར་གསལ་བར་གསུངས་པས་སོ།།

[12] བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་གི་པར་མ། དེ་ཁོ་ན་ཉིད་བསྡུས་པའི་རྩ་འགྲེལ་སྦྱར་མའི་སྔོན་གླེང་དུ། དེ་ཡང་དབུ་མའི་གཞུང་སྟེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་ཡིན་ཏེ། ཐ་སྙད་དུ་ཕྱི་དོན་ཞལ་གྱིས་མི་བཞེས་པར་ཆོས་རྣམས་སེམས་ཙམ་གྱི་བདག་ཉིད་ཡིན་པར་གསུངས་པའི་ཕྱིར། ཞེས་གསུངས།

[13] ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པའི་བདུད་རྩིའི་དགའ་སྟོན་ལས། ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་དབུ་མའི་དགོངས་དོན་རྟོགས་པ་སྨོས་ཅི་དགོས་ཏེ་འཕགས་པ་ཡིན་པའི་ཕྱིར། ཞེས་འཕགས་པ་ཐོགས་མེད་དབུ་མའི་སློབ་དཔོན་ཡིན་ཀྱང་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་ལ་འགལ་བ་མེད་པ་བཞིན་ནོ།།

[14] ཕྱི་ལོ་ ༢༠༡༩ ལོའི་སེར་བྱེས་དཔེ་མཛོད་ཁང་གི་པར་མ། དབུ་མ་རྒྱན་གྱི་རང་འགྲེལ། ཤོག་ངོས་ ༡༠༠ པར། གཞན་ཡང་ཁོ་བོ་བདག་ཅག་དང་། གཞན་གྱི་གཞུང་ལུགས་རྒྱ་ཆེར་དཔྱད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་འདི་དེ་ཁོ་ན་བསྡུས་པ་དང་། དོན་དམ་པ་གཏན་ལ་དབབ་པ་ལ་སོགས་པར་དཔྱད་ཟིན་གྱིས། ཤིན་ཏུ་རྒྱས་པར་འདོད་པ་དག་དེ་དག་ལས་ཁོང་དུ་ཆུད་པར་གྱིས་ཤིག  ཅེས་གསུངས་པ་ལ་གཞིགས་ན་དབུ་མ་རྒྱན་གྱི་སྔོན་དུ་དེ་ཁོ་ན་ཉིད་བསྡུས་པ་བརྩམས་ཡོད་པར་ཤེས་སོ།།

[15] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༤༥ པར་གསལ།

[16] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༤༤ པར་གསལ།

[17] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༧ ཤོག་ངོས་ ༢༠༢ པར་གསལ།

[18] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༧ ཤོག་ངོས་ ༢༠༣ པར། གང་དག་རགས་པ་རྡུལ་ཕྲ་རབ་རྣམས་ཀྱིས་མ་བརྩམས་པར་འདོད་པ་དེ་དག་གི་ལྟར་ན། འདི་ཡང་རྡུལ་ཕྲ་རབ་བཞིན་དུ་གཅིག་ཏུ་མི་རིགས་ཏེ། ཕྱོགས་ཆའི་ཐ་དད་ཡོད་པའི་ཕྱིར་དང་། ཞེས་ཕྱོགས་ཆ་བརྟག་པའི་རིགས་པ་རང་ལ་ངོས་འཛིན་པ་དང་། ཡང་དེ་ཉིད་ལས། ལག་པ་ལ་སོགས་པ་གཡོ་བ་ན་ཐམས་ཅད་གཡོ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། ལན་མང་དུ་དཔྱད་པས་བསལ་བའི་ཕྱིར་ལོགས་ཤིག་ཏུ་སུན་འབྱིན་པ་མ་བརྗོད་དོ། །ཞེས་དེའི་གོང་དུ་བསྟན་པའི་ཕྱོགས་ཆ་བརྟག་པའི་རིགས་པ་ལ་གོ་བ་ཡིན་ནོ།།

[19] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༧ ཤོག་ངོས་ ༢༠༣ པར་གསལ།

[20] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༣༥ པར། འོན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཕྱི་རོལ་གྱི་དོན་གྱི་བདག་ཉིད་དམ། འོན་ཏེ་སེམས་ཙམ་གྱི་རང་བཞིན་ཡིན་ཞེ་ན། གཟུགས་བརྙན་ལ་སོགས་ལྟ་བུ་སྟེ། ཞེས་བྱ་བ་སྨོས་སོ། །འདིས་ནི་སེམས་ཙམ་གྱི་བདག་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་འདི་སྐད་དུ་ཇི་ལྟར་གཟུགས་བརྙན་དང་མགལ་མེའི་འཁོར་ལོ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སེམས་ཙམ་གྱི་རང་བཞིན་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཡང་བཅོམ་ལྡན་འདས་ཀྱིས། ཇི་ལྟར་བྱིས་པ་རྣམས་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འདིས་ཀྱང་ཕྱི་རོལ་གྱི་དོན་བརྟག་པར་བསྟན་ཏོ། །ཞེས་གསུངས་སོ།།

[21] བོད་ཀྱི་གཙུག་ལག་ཞིབ་དཔྱད་ཁང་གི་པར་མ། གླང་རི་བ་ཐུབ་བསྟན་སྦྱིན་པའི་དེ་ཁོ་ན་ཉིད་ཀྱི་རྩ་འགྲེལ་སྦྱར་མའི་སྔོན་གླེང་དུ། དེ་དག་ལ་ཕྱི་དོན་ཞལ་གྱིས་བཞེས་པ་གཞིར་བཞག་གིས་མདོ་སྡེ་པའི་ལུགས་ཀྱི་རིགས་པའི་ལམ་ནས་དགག་བཞག་མཛད་པ་དང་། མཇུག་ཏུ་མདོ་སྡེ་པའི་ཕྱི་རོལ་གྱི་དོན་ཡང་བརྟག་པ་མཛད་དེ་འགོག་པའི་གྲུབ་མཐའི་རིམ་པ་སྟེ་རྣལ་འབྱོར་སྤྱོད་པ་བའི་རང་ལུགས་གཏན་འབེབས་མཛད་ཡོད་སྙམ།

[22] བོད་ཀྱི་གཙུག་ལག་ཞིབ་དཔྱད་ཁང་གི་པར་མ། གླང་རི་བ་ཐུབ་བསྟན་སྦྱིན་པའི་དེ་ཁོ་ན་ཉིད་ཀྱི་རྩ་འགྲེལ་སྦྱར་མའི་སྔོན་གླེང་དུ་གསལ།

[23] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༢༧ པར་གསལ།

[24] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༣༥ པར་གསལ།

[25] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༣༥ པར་གསལ།

[26] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༧ ཤོག་གྲངས་ ༡༨༧ པར་གསལ།

[27]  ཡེ་ཤེས་སྡེའི་པར་མ་། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༤༤ པར་གསལ།

[28]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། ཤོག་ངོས་ ༡༡༥ པར་གསལ།

[29]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༤༣ པར་གསལ།

[30]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༤༦ པར་གསལ།

[31]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༥༢ པར་གསལ།

[32]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤༦༤ པར་གསལ།

[33]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༧ ཤོག་ངོས་ ༢༤༣ པར་གསལ།

[34]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༥ ཤོག་ངོས་ ༤ པར་གསལ།

[35]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། དེབ་གཟུགས། པོད་ ༢༣༦ ཤོག་ངོས་ ༢༡ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།