ལུང་བདུན་དང་རིགས་པ་གསུམ་གྱི་གནད་ལ་དཔྱད་པ་མཁས་པ་དགྱེས་པའི་གཏམ་ལུང་རིགས་མཇིང་སྣོལ།

ལོ་རིམ་གསུམ་པའི་སློབ་གཉེར་བ། པདྨ་བཀྲ་ཤིས།

ཐོག་ལྟར་བཙན་པའི་ཕས་རྒོལ་གཞོམ་པ་ལ། །ཁས་ལེན་བྲལ་བའི་རིགས་པའི་མེ་སྟག་མཆེད།།
ཐལ་ངག་ཚིག་གི་མདའ་མོས་གཞན་སྙིང་འགེམས། །དཔལ་ལྡན་ཟླ་བའི་སྤོབས་པ་དེང་འདིར་སྩོལ།།

བདག་མེད་གཉིས་ལས་ཉན་རང་དགྲ་བཅོམ་པས། །ཆོས་ཀྱི་བདག་མེད་རྟོགས་ལ་བཞེད་པ་མང་།།
ཟླ་བའི་ཞབས་ཀྱིས་ལུང་བདུན་རིགས་གསུམ་གྱིས། །རྟོགས་པར་བསྒྲུབས་པའི་གནད་འདི་སྨྲ་བར་མོས།།

ཞེས་འཕགས་བོད་མཁས་པའི་བསྟན་བཅོས་རྩོམ་ལུགས་བཞིན་དུ་སྐྱབས་ཡུལ་གོང་མ་རྣམས་ལ་ཐོག་མར་མཆོད་བརྗོད་དབྱངས་སྙན་གླིང་བུ་དང་། བརྩམ་པར་དམ་བཅའ་བའི་ཤིས་ཚིག་གིས་སྣེ་དྲངས་ནས། བར་དུ་གང་ཞིག་གླེང་བར་བྱ་བའི་དམ་ཆོས་དྲི་ཞིམ་མེ་ཏོག་ཐང་མར་གཅལ་དུ་འགྲེམས་པ་ལ།

རྩ་བའི་ས་བཅད་རྣམ་པ་གསུམ་ལས། འཇུག་པ་རང་འགྲེལ་དུ་ལུང་བདུན་དང་རིགས་པ་གསུམ་གྱིས་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་པར་བསྒྲུབས་པའི་བསྒྲུབ་བྱ་བདག་མེད་དེ་ངོས་བཟུང་བ། དཔལ་ལྡན་ཟླ་བའི་དགོངས་པ་དང་མཐུན་པར་སྔ་འགྱུར་རང་ལུགས་ལ་ལུང་བདུན་དང་རིགས་པ་གསུམ་གྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་ཚུལ། ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབས་པའི་ཕྱོགས་སྔའམ་རྒོལ་བ་ངོས་བཟུང་བ་དང་གསུམ་ལས། དང་པོ་ལའང་རིགས་པ་གསུམ་པོ་གཏན་ཚིགས་ཐལ་རང་གང་ཡིན་སྨྲས་པ་དང་། ལུང་བདུན་གྱི་དགོངས་པ་རགས་ཙམ་བརྗོད་པ། དེ་ལ་རྩོད་པ་སྤོང་བ། དོགས་པ་བརྗོད་པ་བཅས་བཞི་ལས།

དང་པོ་རིགས་པ་གསུམ་པོ་གཏན་ཚིགས་ཐལ་རང་གང་ཡིན་སྨྲས་པ།

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་སེམས་བསྐྱེད་དང་པོའི་རིང་སོང་སྐབས། དེ་ཉིད་ལས།[1] ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟར་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། རིགས་པ་དང་པོ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་བར་ཐལ། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། དཔེར་ན་འཇིག་རྟེན་པའི་ཆགས་བྲལ་བཞིན་ནོ། །རིགས་པ་གཉིས་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་བར་ཐལ། གཟུགས་ལ་སོགས་པ་བདག་ཏུ་གདགས་པའི་གཞི་ཕུང་པོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། དཔེར་ན་ཕྱི་རོལ་པ་བཞིན་ནོ། །རིགས་པ་གསུམ་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་བར་ཐལ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་བདེན་པར་དམིགས་པའི་ཕྱིར། ཞེས་གསུངས་པའི་རིགས་པ་གསུམ་པོ་འདི་གཏན་ཚིགས་ཐལ་རང་གང་ཡིན་ཞེ་ན། གཏན་ཚིགས་ཐལ་འགྱུར་ཡིན་ཏེ། གཏན་ཚིགས་རང་རྒྱུད་དུ་འདོད་ན་ཚུལ་གསུམ་ཚང་དགོས་པ་ལས་ཚུལ་གསུམ་མ་ཚང་བའི་ཕྱིར་དང་། ཐལ་འགྱུར་པའི་ལུགས་འདིར་གཏན་ཚིགས་ཡིན་ན་ཕ་རོལ་པོའི་ཁས་བླངས་རྟགས་སུ་བཀོད་ཅིང་མི་འདོད་པའི་ཐལ་བ་འཕེན་པའི་སྒོ་ནས་དེའི་ལོག་རྟོག་བཟློག་པ་འབའ་ཞིག་ཏུ་ཟད་ཀྱི། གཏན་ཚིགས་རང་རྒྱུད་ནི་མི་འཐད་དེ། ཚིག་གསལ་ལས།[2] དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས།[3] དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། དེ་ཉིད་ལས།[4] ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་གི་རྒྱུད་ཀྱི་དམ་བཅའ་བ་ལྟ་ག་ལ་ཡོད། ཅེས་རང་རྒྱུད་ཀྱི་སློབ་དཔོན་ལེགས་ལྡན་འབྱེད་ལ་དབུ་མ་པ་ཡིན་ན་གཏན་ཚིགས་རང་རྒྱུད་བཀོད་པ་མི་འཐད་ཅེས་བཀག་པ་བཞིན་ཐལ་འགྱུར་བའི་ལུགས་ལ་གཏན་ཚིགས་རང་རྒྱུད་མི་རུང་ན་སྐབས་ཀྱི་རིགས་པ་གསུམ་པོའང་གཏན་ཚིགས་ཐལ་འགྱུར་ཡིན་ནོ།།

གཉིས་པ་ལུང་བདུན་གྱི་དགོངས་པ་རགས་ཙམ་བརྗོད་པ་ནི།

དབུ་མ་ལ་འཇུག་པའི་རང་འགྲེལ་ལས།[5] ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ནི། ཇི་སྲིད་གང་ཟག་གི་གདགས་གཞི་ཕུང་པོ་རགས་པར་བདེན་པར་ཞེན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་ལྷན་སྐྱེས་འབྱུང་སྟེ། ངར་འཛིན་ཡོད་ན་དེའི་དབང་གིས་འཁོར་བའི་ལས་བསགས། དེས་རྒྱུ་བྱས་ཏེ་ཡང་ནས་ཡང་དུ་འཁོར་བར་སྐྱེ་བར་བསྟན་ཏོ། །ཡང་དེ་ཉིད་ལས།[6] ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ་རྣམས་ཀྱིས་ནི། །དེ་ལྟའི་ཡུལ་དག་འཛིན་པར་བྱེད། །དབང་པོ་དང་ནི་དབང་དོན་རྣམས། །འབྱུང་བ་ལྔ་ཡི་རང་བཞིན་འདོད། །འབྱུང་བ་སོ་སོར་དོན་མེད་པས། །འདི་དག་དོན་དུ་དོན་མེད་དོ། །ཞེས་སོགས་གསུངས་པ་ནི། འབྱུང་བ་ལྔ་འདུས་ཀྱི་ཕུང་པོ་དག་རང་བཞིན་གྱིས་མ་གྲུབ་སྟེ། འབྱུང་བ་སོ་སོ་ནས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་དང་། གཟུགས་སོགས་འབྱུང་བ་ལྔ་ཡི་བདག་ཉིད་དབང་ཤེས་ལ་སྣང་བ་ཡང་དཔེར་ན་མགལ་མེ་འཁོར་ལོར་སྣང་བའི་དབང་ཤེས་བཞིན་འཁྲུལ་ནས་དེ་དག་འཛིན་པར་བྱེད་པ་བཞིན་ནོ།།

མདོར་ན་ལུང་འདིས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་སྤྲོས་བྲལ་མ་བསྟན་པར་ཉན་རང་གི་རྟོགས་བྱར་གྱུར་པའི་བདག་མེད་ཙམ་བསྟན་པའོ། །དེ་བཞིན་དུ་དེ་ཉིད་ལས།[7] གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་པས་ཀྱང་ཆོས་ཀྱི་བདག་མེད་རྫོགས་པར་བསྟན་པ་མ་ཡིན་ནོ། །དེ་ཉིད་ལས།[8] སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། །ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་བྱ་བའི་དོན་ནི། ཉན་རང་དགྲ་བཅོམ་པས་རྟོགས་པའི་ཆོས་ཀྱི་བདག་མེད་དེ་ཐེག་ཆེན་གྱིས་རྟོགས་པའི་ཆོས་ཀྱི་བདག་མེད་ཆ་ཤས་ཕྱོགས་གཅིག་ཡིན་པ་དང་། སྟོང་གཞི་ལས་སྟོང་ཚུལ་ལོགས་སུ་མེད་པས་གཅིག་པར་གསུངས་པར་སྙམ། དེ་བཞིན་དུ་དེ་ཉིད་ལས།[9] བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཅེས་གསུངས་པ་ནི་དངོས་པོ་དང་དངོས་པོ་མེད་པར་ཞེན་པའི་གང་ཟག་གིས། སྐྱེ་འཇིག་གནས་སྐབས་དང་མི་སྡུག་པ་དང་བྲལ་བའི་སྡུག་བསྔལ་བ་དང་། སྡུག་དང་ཕྲད་པའི་སྡུག་བསྔལ་བསྐྱེད་པའི་ཡོད་མེད་དུ་ཞེན་པའི་ཡོད་པ་དང་མེད་པ་ཙམ་ལ་གོ་སྟེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རིང་སོང་སྐབས་ཀྱི་དཔྱད་པ་ལས།[10] དེ་ཇི་ལྟར་ཤེས་ཤེ་ན། འདི་ལྟར་ཀཱ་ཏྱཱ་ཡ་ན་ལ་གདམས་ངག་གསུངས་པའི་མདོ་ལས། ཀཱ་ཏྱཱ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ཕལ་ཆེར་ཡོད་པ་དེ་ཉིད་དང་མེད་པ་ཉིད་དུ་མངོན་པར་ཞེན་པ་དེས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྒོ་ནས་ཡོངས་སུ་གྲོལ་བར་མི་འགྱུར་བ་དང་། འགྲོ་བ་ལྔར་འཁོར་བ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བ་དང་། ཕ་མ་འཆི་བ་ལ་གདུང་བའི་སྡུག་བསྔལ་གྱིས་གྲོལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། འོ་ན་ཉན་ཐོས་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་ཐུབ་ན་ཐེག་ཆེན་བསྟན་པ་དོན་མེད་ཡིན་ནམ་སྙམ་པའི་ལན་དུ། འཇུག་པ་རང་འགྲེལ་ལས།[11] ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི། ཞེས་གསུངས་པའི་སྒྲུབ་བྱེད་ལུང་ཡང་དེ་ཉིད་ལས།[12] ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་བ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་། །ཞེས་གསུངས་པ་ལྟར། གོང་དུ་འཇུག་པ་རང་འགྲེལ་ལས་གསུངས་པའི་ལུང་དེའི་ཚིག་ཟུར་དུ་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་ཏུ་སྟོན་པར་བྱེད་པ་མ་ཡིན་གྱི། ཞེས་གསུངས་པ་ལས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབས་པའི་ཆོས་ཀྱི་བདག་མེད་ནི། ཉོན་སྒྲིབ་ཀྱི་གཉེན་པོ་གང་ཟག་གི་གདགས་གཞི་ཕུང་པོ་རགས་པ་རིལ་བོ་རང་བཞིན་མ་གྲུབ་པ་གང་ཟག་བདག་མེད་དེ་ལ་ཆོས་ཀྱི་བདག་མེད་ཅེས་བརྡ་སྦྱར་བའམ། གང་ཟག་བདག་མེད་དེ་ཆོས་ཀྱི་བདག་མེད་ཀྱི་བྱེ་བྲག་ཏུ་དགོངས་ནས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཞེས་དཔལ་ལྡན་ཟླ་བས་བཞེད་པར་གསལ། ཉན་རང་གི་ཐེག་པ་ལས་ཆོས་བདག་མེད་རགས་པ་ཙམ་བསྟན་པ་ལས་ཆོས་བདག་མེད་ཡོངས་རྫོགས་མ་བསྟན་ཏེ། དེ་ཉིད་ལས།[13] ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་རང་གི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པ་དང་མཐུན་པར་ཉན་ཐོས་ཀྱིས་རྟོགས་བྱར་གྱུར་པའི་ཆོས་བདག་མེད་ཡོངས་རྫོགས་མ་ཡིན་པ། མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་ལས་ཀྱང་།[14] ཉན་རང་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟར་ནའང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །ཞེས་གསུངས་པས། གོང་དུ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་པར་གསུངས་པའི་བདག་མེད་དེ་ཆོས་ཀྱི་བདག་མེད་ཀྱི་བྱེ་བྲག་གང་ཟག་གི་བདག་མེད་ལ་གོ་དགོས་སོ།།

གསུམ་པ་དེ་ལ་རྩོད་པ་སྤོང་བ།

ཁ་ཅིག་གིས་ཆོས་ཀྱི་བདག་མེད་གང་ཡང་རུང་བ་རྟོགས་ན་ཆོས་ཀུན་ཀྱི་རང་བཞིན་མ་གྲུབ་པར་རྟོགས་དགོས་ཏེ། གཅིག་གི་སྟོང་ཉིད་གང་ཡིན་པ་སོགས་གསུངས་པའི་ཕྱིར་ཟེར་ན། ཉན་རང་དགྲ་བཅོམ་པས་སྒྲིབ་པ་གཉིས་ཀ་སྤངས་པ་ཐལ། ཆོས་ཀུན་ཀྱི་བདག་མེད་རྟོགས་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་རགས་པ་ཙམ་རྟོགས་པའི་ཕྱིར་རོ། །འདོད་ན་དེ་དག་གིས་ཆ་མེད་གཉིས་སོགས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པར་ཐལ་ལོ། །དེ་ལྟར་ན་རྒྱ་བོད་མཁས་པའི་གཞུང་ལུགས་ཀྱི་དགོངས་དོན་རྒྱང་རིང་དུ་སྤངས་པར་ཟད་དོ། །འོ་ན་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐོང་ཞེས་གསུངས་པའི་དོན་གང་ཡིན་ཞེ་ན། དབུ་མ་རྒྱན་འགྲེལ་ལས།[15] གང་གིས་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་ན་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་མཐོང་བར་གསུངས་པ་ནི་ཉི་ཚེ་བ་མ་ཡིན་པའི་རང་བཞིན་མཉམ་པ་ཉིད་ཐམས་ཅད་ལ་འདྲ་བར་གནས་པ་ཉིད་མཐོང་ནུས་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།

བཞི་པ་དོགས་པ་བརྗོད་པ།

འཇུག་པ་རང་འགྲེལ་ལས། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང་། དབུ་མ་ལ་འཇུག་པ་ལས།[16] ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པ་ལྟར་ཇི་སྲིད་ཕུང་པོར་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་འབྱུང་བ་དང་ངར་འཛིན་ཡོད་པ་དེ་སྲིད་དུ་ཡང་ནས་ཡང་དུ། འཁོར་བར་སྐྱེ་བའི་ཚུལ་ལ་དགོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་ངར་འཛིན་སྤོང་ཕྱིར་དེའི་ཞེན་ཡུལ་བདག་ནི་སུན་འབྱིན་དགོས་པར་གསུངས་པ་ལ། ཐེག་ཆེན་རིགས་ངེས་གཞིར་བཞག དོགས་པ་འདི་འདྲ་ཞིག་བྱུང་སྟེ། ངར་འཛིན་རྒྱུད་ལྡན་གྱི་གང་ཟག་ཡིན་ན་འཁོར་བར་བཅིངས་པའམ་སླར་འཁོར་བར་དབང་མེད་དུ་སྐྱེ་དགོས་སམ་མི་དགོས། དགོས་པར་འདོད་ན་ཐེག་ཆེན་མཐོང་ལམ་པ་ཆོས་ཅན། ཁྱེད་སླར་འཁོར་བར་ལས་དབང་གིས་སྐྱེ་བར་ཐལ། ངར་འཛིན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེར་ཐལ། འཇིག་ལྟ་ལྷན་སྐྱེས་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། འཇིག་ལྟ་ལྷན་སྐྱེས་ས་བརྒྱད་པ་མི་གཡོ་བས་རྩ་བ་དྲུང་ནས་འབྱིན་པས་དེའི་མན་ཆད་ལ་ཡོད་པའི་ཕྱིར། དེ་ཡང་དབུ་མ་ལ་འཇུག་པ་ལས།[17] ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་བ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །ཞེས་ཉོན་མོངས་ཟད་པར་ས་བརྒྱད་པ་ལ་སྤོང་བར་གསུངས་པའི་ཕྱིར་མཐོང་ལམ་པའི་རྒྱུད་ལ་འཇིག་ལྟ་ལྷན་སྐྱེས་ཡོད་དེ་རང་གི་ངོ་སྐལ་གྱི་སྤང་བྱ་མ་ཡིན་པ་དང་སྒོམ་སྤང་ཡིན་པའི་ཕྱིར། དེས་ན་ཕུང་པོར་ངར་འཛིན་ཡོད་པ་ཙམ་གྱིས་དེའི་དབང་གིས་འཁོར་བར་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་མི་དགོས་སྙམ་མོ།།

ཁ་ཅིག་གིས། མཐོང་ལམ་པའི་རྒྱུད་ལ་ངར་འཛིན་ལྷན་སྐྱེས་ཡོད་ཀྱང་དེས་འཁོར་བའི་ལས་འགྲུབ་པར་མི་བྱེད་དེ། མགོ་གནོན་གཉེན་པོ་ཐོབ་ཟིན་པའི་ཕྱིར་ཟེར། དེ་ལ་ཁ་ཅིག་གཞན་གྱིས་ཁྱབ་པ་མ་གྲུབ་སྟེ། དེ་ལྟར་ཡིན་དུ་ཆུག་ནའང་འཕགས་པས་ངར་འཛིན་པ་ལས་རྣམ་སྨིན་མྱོང་མི་དགོས་ན་ལས་འབྲས་འཆོལ་བའི་ཐལ་བ་འབབ་སྟེ། སྤངས་ཟིན་ན་དེས་རྣམ་སྨིན་འབྱིན་མི་འབྱིན་རྣམ་གཞག་མེད་ཀྱང་མ་སྤངས་ན་དེས་རྣམ་སྨིན་འབྱིན་ངེས་པར་གཞུང་ལུགས་རྣམས་ནས་དཔོག་ཐུབ་སྟེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[18] གང་བདག་མེད་པར་མཐོང་ན་དེར་འཛིན་པའི་དབང་གིས་ཆགས་པ་དང་སྡང་བ་ང་རྒྱལ་ལ་སོགས་པ་མི་སྲིད་ལ་བདག་འཛིན་ཡོད་ན་དེ་དག་ཀྱང་ཡོད་པར་ངེས་སོ། །ཞེས་གསུངས་པ་ལྟར་བདག་འཛིན་ཡོད་ན་ཆགས་སྡང་སོགས་ཡོད་ངེས་སུ་གསུངས་པས་སོ་ཟེར། འོན་ཀྱང་ཐེག་ཆེན་རིགས་ངེས་མཐོང་ལམ་པའི་རྒྱུད་ལ་གང་ཟག་དང་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཡོད་པས་དེའི་དབང་གིས་འཁོར་བར་སྐྱེད་བྱེད་ཀྱི་ལས་གསར་དུ་འགྲུབ་པར་བྱེད་མི་བྱེད་དཔྱད་དགོས་སེམས་སོ།།

ཡང་ཁ་ཅིག་གིས། མཐོང་ལམ་པས་ངར་འཛིན་ལྷན་སྐྱེས་སྤངས་ཏེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ཕྱིར་ཞེས་སྨྲ་མཁན་ཡང་ཆོས་ར་ཆེན་མོ་འདིར་མེད་པ་ག་ལ་ཡིན། དེ་ནི་རྨོངས་ཚོད་བླུན་པོའི་རློམ་ཚིག་ཅིག་ལས་གཞུང་ལུགས་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་ངང་མོས་ཆུ་ལས་འོ་མ་འབྱེད་པའི་རྣམ་དཔྱོད་ཅན་ངོར་བཞད་གད་ཀྱི་གནས་ལས་མ་འདས། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཉིད་ཀྱིས་ངར་འཛིན་ལྷན་སྐྱེས་སོགས་སྤངས་པས་ཁྱབ་ན། སྤྲོས་བྲལ་མངོན་སུམ་དུ་རྟོགས་པས་སྒྲིབ་གཉིས་རེ་རེ་ནས་སྤངས་པས་ཁྱབ་པ་ཁྱོད་ལ་གྲུབ་པར་ཐལ། རིགས་པ་དེ་གཉིས་མགོ་སྙོམས་པའི་ཕྱིར། གཞན་ཡང་མཐོང་ལམ་པས་སྒོམ་སྤང་སྤོང་བ་ཐལ། ངར་འཛིན་ལྷན་སྐྱེས་དེ་ཉིད་སྒོམ་སྤང་ཡིན་པ་གང་ཞིག་དེས་སྤངས་པའི་ཕྱིར་རོ།།

ཡང་ཆོས་རའི་རྩོད་ཟླ་འགས་ནི། ཐེག་ཆེན་འཕགས་པ་ཡིན་ན་འཁོར་བ་ལས་ཐར་བས་མ་ཁྱབ། མཐོང་ལམ་པ་ཆོས་ཅན་དུ་འདོད། རྒྱུ་མཚན་དེས་ངར་འཛིན་ལྷན་སྐྱེས་འཇིག་ཚོགས་ལྟ་བ་མ་སྤངས་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་ཀྱང་། དེ་ནི་མཐོང་ཐོས་ཉུང་བའི་རང་མཚང་ངོམ་བྱེད་ལས་མ་མཐོང་། དབུ་མ་རྒྱན་འགྲེལ་ལས།[19] དེར་མ་ཟད་སྤང་བྱའི་ས་བོན་མ་ཟད་ཀྱང་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བ་སོགས་ཀྱང་དེ་ལྟར་འཐད་པ་ཡིན་ནོ། །ཞེས་དང་། དེ་ཉིད་ལས།[20] དེས་ན་འཕགས་ས་ཐོབ་ནས་ལས་ཉོན་གྱི་གཞན་དབང་གིས་མ་དག་པའི་འཇིག་རྟེན་དུ་སྐྱེ་བ་སོགས་ལེན་དགོས་པ་མ་ཡིན་ཀྱང་། ཞེས་དང་། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་མཁས་འཇུག་ཏུ་ཡང་བཟོད་པ་ཐོབ་ཕན་ཆད་སླར་འཁོར་བར་ལས་ཀྱིས་མི་སྐྱེ་བར་གསུངས་ཤིང་དེ་བཞིན། དབུ་མ་ལ་འཇུག་པ་ལས་ཀྱང་།[21] དེ་ཚེ་འདི་ཡི་ངན་འགྲོའི་ལམ་རྣམས་མཐའ་དག་འགགས་པར་འགྱུར། །དེ་ཚེ་འདི་ཡི་སོ་སོའི་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །ཅེས་ས་དང་པོར་ངན་སོང་སོགས་སྦྱང་བྱ་འགགས་པའི་ཡོན་ཏན་དང་ལྡན་པར་གསུངས་པའི་ཕྱིར་ན་མཐོང་ལམ་པ་སླར་ལས་དབང་གིས་མི་འཁོར་བས་ཁྱབ་པ་ཅིས་མི་ངེས།

ཡང་ངར་འཛིན་རྒྱུད་ལྡན་གྱི་གང་ཟག་ཡིན་ན་འཁོར་བར་དབང་མེད་དུ་སྐྱེ་མི་དགོས་ཟེར་ན་ཡང་། ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང་། ཚད་མ་རྣམ་འགྲེལ་ལས། དེས་ན་བདག་མེད་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་པ་ལྟར་ངར་འཛིན་ཡོད་ཕྱིན་འཁོར་བ་ལ་རང་དབང་མེད་པར་སྐྱེ་དགོས་པར་གསུངས་པ་དང་འགལ་ཏེ། དེ་ཡང་འཇུག་པ་རང་འགྲེལ་ལས།[22] རྟག་པ་དང་མི་རྟག་པ་ཉིད་དུ་མི་སྲིད་ཅིང་གང་ཞིག་གི་མེད་པ་ཉིད་མ་མཐོང་ཞིང་མ་རིག་པའི་དབང་གིས་ཡོད་པ་ཉིད་དུ་ཞེན་པར་བྱས་ནས་འཇིག་ཚོགས་ལ་ལྟ་བས་འདི་ནི་བདག་གོ་སྙམ་དུ་མངོན་པར་ཞེན་པ་རྣམས་འཁོར་བར་འགྱུར་ལ། ཞེས་དང་། དབུ་མ་ལ་འཇུག་པ་ལས། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡི་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པ་ལྟར། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[23] གང་བདག་མེད་པར་མཐོང་ན་དེར་འཛིན་པའི་དབང་གིས་ཆགས་པ་དང་སྡང་བ་ང་རྒྱལ་ལ་སོགས་པ་མི་སྲིད་ལ་བདག་འཛིན་ཡོད་ན་དེ་དག་ཀྱང་ཡོད་པར་ངེས་སོ། །ཞེས་དང་། བརྒལ་ལན་ཉིན་བྱེད་སྣང་བ་ལས།[24] དེ་ལ་ཁོ་བོས་ལན་བརྗོད་པར་བྱ་སྟེ། སྤྱི་ཙམ་དུ་ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ལྷན་སྐྱེས་འབྱུང་བ་དང་། འཇིག་ལྟ་ལྷན་སྐྱེས་སྤོང་བ་ལ་ཕུང་པོ་བདེན་འཛིན་སྤང་དགོས་པ་དང་། འཇིག་ལྟ་ལྷན་སྐྱེས་མ་སྤངས་ན་འཁོར་བར་སྐྱེ་བའི་ལས་འགྲུབ་པ་ལུང་དེའི་དོན་ཡིན་ཡང་། ཞེས་སོགས་གསུངས་པ་དང་མི་འགལ་ལམ། ཡང་དེ་ཉིད་ལས།[25] ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མ་ཁེགས་བར་དུ་བདག་འཛིན་ལྡོག་མི་སྲིད་པས་འཁོར་བ་ལས་ཐར་བའི་ཐབས་མེད་ལ། གལ་ཏེ་འཁོར་བ་ལས་ཐར་ན་ཞེན་ཡུལ་དེ་ཁེགས་ནས་བདག་མེད་རྟོགས་པའི་ཁྱབ་པ་ངེས་པར་འགྲུབ་ཅིང་། ཞེས་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་ན་བདག་མེད་རྟོགས་པས་ཁྱབ་པར་གསུངས་ན། ཐེག་ཆེན་མཐོང་ལམ་པས་ངར་འཛིན་ལྷན་སྐྱེས་དེའི་ཞེན་ཡུལ་ཁེགས་ཏེ། བདག་མེད་གཉིས་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་ཟེར་ན། དེའི་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་ཀྱང་ཁེགས་པ་ཐལ། དེའི་ཞེན་ཡུལ་ཁེགས་ཟིན་པའི་ཕྱིར། མ་ཁྱབ་ཟེར་ན། འཛིན་པ་དེའི་ཞེན་ཡུལ་ཁེགས་ཀྱང་འཛིན་པ་དེ་མ་ཁེགས་པར་འདོད་ན་ཧ་ཅང་ཐལ་བར་སྙམ་སྟེ། དེ་ལྟར་ཁེགས་ཚུལ་ཡང་། དབུ་མ་རྒྱན་འགྲེལ་ལས།[26] གཙོ་བོར་འཁོར་བར་སྐྱེ་བའི་རྒྱུ་གང་ཟག་གི་བདག་ཏུ་འཛིན་པ་ཡིན་པས་དེ་ཁེགས་ན་ལས་ཉོན་གྱིས་སྲིད་པར་སྐྱེ་བ་ཁེགས་ཤིང་། ལམ་གང་གིས་ཁེགས་ན་གང་ཟག་དེ་སྟོང་པར་ཤེས་པས་འགོག་དགོས་ལ། ཚུལ་ཇི་ལྟར་འགོག་ན་ཕུང་པོར་འཛིན་པའམ། དམིགས་ཡུལ་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པ་དེ་བརྟེན་ནས་བཏགས་པའམ། བརྟེན་ནས་འབྱུང་བའམ། རྐྱེན་ཉིད་འདི་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཤེས་པས། ཐག་པ་ལ་སྦྲུལ་འཛིན་ལྡོག་པ་བཞིན་དུ་བདག་འཛིན་ལྡོག་སྟེ། ཞེས་གསུངས་པ་ལྟར་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པས་བདག་འཛིན་དེ་ཁེགས་པར་ལུང་རིགས་གཉིས་ཀྱིས་གྲུབ་བོ།།

དཀའ་གནད་དེ་ཇི་ལྟར་ཡིན་མིན་མདོར་བསྡུས་ན། དབུ་མ་རྒྱན་འགྲེལ་ལས།[27] དེས་ན་གང་ཟག་གི་བདག་མེད་རྟོགས་ན། བདག་འཛིན་དེ་ཡི་རྩ་བ་ཅན་གྱི་ཉོན་མོངས་པ་ཐམས་ཅད་ལྡོག་པར་རིགས་པས་འགྲུབ་སྟེ། ཞེས་གསུངས་པ་ལྟར་ཡོངས་གྲགས་སུ་བདག་མེད་གཉིས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་བདག་འཛིན་གཉིས་བློ་འགལ་ཡིན་པས་ན་དངོས་གཉེན་རང་རྒྱུད་ལ་སྐྱེས་ཟིན་ན་ངོ་སྐལ་གྱི་སྒྲིབ་པ་རང་རྒྱུད་ལ་མེད་པས་ཁྱབ་པར་གྲགས་པ་དང་། དབུ་མ་རྒྱན་འགྲེལ་ལས།[28] གོམས་པ་ལྷན་སྐྱེས་ཀྱི་སྤང་བྱ་ཕྲ་མོ་མ་སྤངས་ཀྱང་། སྦྲུལ་སྐེད་པ་བཅད་པ་ལྡང་མི་ནུས་པ་ལྟར་ལས་ཉོན་གྱིས་སྲིད་པར་སྐྱེ་བ་སོགས་རང་དབང་མེད་པ་ནམ་ཡང་མི་སྲིད་དེ། ཞེས་གསུངས་པ་དང་། ཡང་ས་བརྒྱད་པ་མན་ཆད་ཀྱི་འཕགས་རྒྱུད་ལ་ཉོན་མོངས་འཇིག་ལྟ་ལྷན་སྐྱེས་ཡོད་དེ། དེ་རྩ་བ་ནས་འཇོམས་པའི་དངོས་གཉེན་ས་བརྒྱད་པར་ཐོབ་པས་དེའི་བར་དེ་ཡོད་ཅིང་། སྤྱིར་འཇིག་ཚོགས་ལ་ལྟ་བ་ནི་ལས་ཉོན་འབྱུང་སའི་རྩ་བ་ལྟ་བུ་ཡིན་པས་ན་རྣལ་འབྱོར་བ་རྣམས་ཀྱིས་དེ་སྤོང་བ་ལ་དེའི་ཞེན་ཡུལ་སུན་འབྱིན་དགོས་པར་གསུངས་པ་ལྟར་ཡིན་པར་སྣང་།

རྩ་བའི་ས་བཅད་གཉིས་པ། དཔལ་ལྡན་ཟླ་བའི་དགོངས་པ་དང་མཐུན་པར་སྔ་འགྱུར་རང་ལུགས་ལ་ལུང་བདུན་དང་རིགས་པ་གསུམ་གྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་ཚུལ།

སྔ་འགྱུར་རང་ལུགས་ལ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རགས་པ་གང་ཟག་གི་བདག་མེད་རྟོགས་པར་བཞེད་པ་སྟེ། འཇམ་མགོན་བླ་མ་མི་ཕམ་པས་བརྒལ་ལན་ཉིན་བྱེད་སྣང་བ་ལས།[29] སྤྱིར་སྟོང་ཉིད་མ་རྟོགས་ན་འཁོར་བ་ལས་གྲོལ་བ་མི་སྲིད་པར་ཟླ་བས་བཞེད་ཀྱི་ཆ་མེད་གཉིས་སོགས་ཆོས་ཐམས་ཅད་སྟོང་པར་ཤེས་པའི་ཆོས་བདག་མེད་ཕྲ་མོ་ཡོངས་སུ་རྫོགས་པར་ཉན་རང་དགྲ་བཅོམ་པས་རྟོགས་དགོས་པར་མི་བཞེད་དེ། ཞེས་དང་། དེ་ཉིད་ལས།[30] དེས་ན་ཕུང་པོ་ལ་བཏགས་ཙམ་གྱི་བདག་དེ་བརྟེན་ནས་འབྱུང་བར་ཤེས་པའི་སྟོང་ཉིད་འདི་ཙམ་ཉན་རང་ལ་ཡོད་པར་བསྒྲུབས་ཤིང་། དེ་མེད་ན་ཕྱི་རོལ་པའི་ཆགས་བྲལ་བཞིན་དུ་འཁོར་བ་ལས་ཀྱང་ཐར་བར་མི་འགྱུར་ཞེས་རྒྱ་ཆེར་བསྒྲུབས་པ་དེ་ཁོ་ན་ལྟར་ཤེས་པར་བྱ་བ་གལ་ཆེ་སྟེ་རེ་ཞིག་ཅུང་ཟད་བརྗོད་པའོ། །ཞེས་དང་། དེ་བཞིན་དུ་དབུ་མ་རྒྱན་འགྲེལ་ལས།[31] དེས་ན་ཉན་རང་གིས་ཉོན་སྒྲིབ་ཀྱི་གཉེན་པོ་གང་ཟག་གི་བདག་མེད་འབའ་ཞིག་བསྒོམས་པས་ཉོན་མོངས་ཐམས་ཅད་ཟད་ནུས་ཏེ་བུད་ཤིང་ཟད་པའི་མེ་བཞིན་སྲིད་པའི་རྒྱུ་མེད་པས་འཁོར་བར་སླར་ལྡོག་པ་ནམ་ཡང་མི་སྲིད་ཀྱང་། ཆོས་ཀྱི་བདག་མེད་བསྒོམ་པ་མ་རྫོགས་པས་ཤེས་སྒྲིབ་སྤོང་བར་མི་འགྱུར་རོ། །ཆོས་ཀྱི་བདག་མེད་བསྒོམ་པ་མ་རྫོགས་པས་ཞེས་གསུངས་པའི་དོན་ལ་གཞིགས་ན་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་སྒོམ་པ་ཡོད་པར་དངོས་སུ་བསྟན། ངེས་ཤེས་སྒྲོན་མེ་ལས་ཀྱང་།[32] ཉན་རང་དེ་དག་ཀུན་ཉོན་ཙམ། །སྤང་ཕྱིར་གང་ཟག་མེད་སྒོམ་གྱི། །ཆོས་ཀྱི་བདག་མེད་རྫོགས་པར་ནི། །སྒོམ་པ་མེད་ཅེས་གསུངས་པ་བཞིན། །ཞེས་དང་། ཀུན་མཁྱེན་རོང་ཟོམ་པའི་མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས།[33] རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཟབ་མོའི་ཆོས་ནི། ཉན་ཐོས་ཀྱིས་ཀྱང་རྟོགས། རང་སངས་རྒྱས་ཀྱིས་ཀྱང་རྟོགས། རྣལ་འབྱོར་སྤྱོད་པ་པས་ཀྱང་རྟོགས། དབུ་མ་པས་ཀྱང་རྟོགས་མོད་ཀྱི། ཚུལ་དེ་རྣམས་ཀུན་ཁྱད་པར་ཅུང་ཟད་ཀྱང་མེད་པར་མཐར་ཕྱིན་པར་རྟོགས་པར་མཚུངས་པ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་ཀྱིས་ནི་རྟེན་འབྲེལ་རྟོགས་ཀྱང་། དེའི་མཐུས་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བསལ་བར་ཟད་དེ། རྒྱུ་དང་འབྲས་བུའི་དངོས་པོ་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་མ་སྤངས་སོ། །ཞེས་དང་། ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་ལས།[34] ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་སྔོན་གྱི་སློབ་དཔོན་རྣམས་རྩོད་པར་གྱུར་ནའང་། ཞེས་པ་ནས། འོན་ཀྱང་དེ་དག་གི་བདག་མེད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་བཞིན་དུ་རྒྱ་ཆུང་བར་མདོ་སྡེ་རྣམས་ནས་གསུངས་པ་ལྟར་བདག་མེད་རྫོགས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རང་ལུགས་དྲི་མ་མེད་པ་དེ་ལྟར་ཡིན་ནོ།།

རྩ་བའི་ས་བཅད་གསུམ་པ། ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབས་པའི་ཕྱོགས་སྔའམ་རྒོལ་བ་ངོས་བཟུང་བ་ལ། དངོས་དང་། ཞོར་འཕྲོས་ཀྱི་དོགས་སློང་། མཇུག་བསྔོ་བས་མཐའ་སྐྱོང་བ་བཅས་གསུམ་ལས།

དང་པོ་དངོས་ནི། ལུང་བདུན་དང་རིགས་པ་གསུམ་གྱི་ཕྱོགས་སྔ་སུ་ཞིག་ཡིན་ཞེ་ན། ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་དག་དང་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲངས་དང་བཅས་པའི་དབུ་མ་རང་རྒྱུད་པ་རྣམས་ཡིན་ནོ། །དང་པོ་ཉན་ཐོས་མངོན་པའི་ང་རྒྱལ་ཅན་རྣམས་ཡིན་པ་ནི། ཤེས་རབ་ལེའུ་ལས། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་འགྲེལ་པའི་ཐད་ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ་ལས།[35] ཉན་ཐོས་སྡེ་པ་དག་ན་རེ། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་དེ་ཁོ་ན་གོམས་པས་རྣམ་པར་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་འགྱུར་གྱི། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་ཐེག་པ་ཆེན་པོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ལ་སྐྲག་ཅིང་སྤངས་ནས་དེ་འདྲའི་སྟོང་ཉིད་དེ་མ་རྟོགས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ཡོད་པར་རློམ་ནས་རྩོད་པའོ། །ཞེས་གསུངས་པ་ལྟར། ཉན་ཐོས་གྲུབ་མཐའ་སྨྲ་བ་དག་གིས་ཆོས་ཀྱི་བདག་མེད་རྟོགས་པ་ལ་དགོས་པ་མེད་པར་འདོད་པའོ། །གཉིས་པ་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲངས་དང་བཅས་པ་ཡིན་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་སོགས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་རྣམ་པས་ཉན་རང་དགྲ་བཅོམ་པས་གང་ཟག་གི་བདག་མེད་ཁོ་ན་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་དེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རིང་སོང་སྐབས་ཀྱི་དཔྱད་པ་ལས།[36] ཤེས་རབ་སྒྲོན་མེ་ལས། གཞན་མ་ཡིན་པ་ན་རེ་དེ་ལ་འདིར་བདག་ཏུ་སྣང་བ་ནི་ནོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་དང་བདག་ཅེས་བྱ་བའི་སྒྲ་ཡང་བདག་གི་ཚིག་ཡིན་པའི་ཕྱིར་དེ་དག་ལ་བདག་གཞན་ཡང་མེད་ལ། རང་ཉིད་ཀྱང་བདག་མ་ཡིན་ཏེ། དབང་ཕྱུག་མ་ཡིན་པ་བཞིན་པས་ཁུངས་དེས་ནི་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་གི་བདག་མེད་པའི་སྒྲའི་དོན་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཆོས་བདག་མེད་པ་ཉིད་བསྟན་པར་མི་ནུས་སོ། །ཞེས་གསུངས་ཏེ། བདག་མེད་ཅེས་པ་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གང་ཟག་གི་བདག་མེད་པ་ཙམ་ལ་བྱེ་བྲག་ཏུ་གོ་བས་འདུ་བྱེད་ཐམས་ཅད་བདག་མེད་པ་ཞེས་པས་ཆོས་བདག་མེད་པ་བསྟན་པར་འདོད་མི་ནུས་པར་བཤད་ནས། དེའི་འོག་ཏུ་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པར་མཛད་དེ། ཡང་གོང་གི་འཕྲོས་དེ་ཉིད་ལས། ནུས་པར་གྱུར་ན་ནི་ཐེག་པ་གཞན་ཡོངས་སུ་བཟུང་བ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་ཟེར་རོ། །ཞེས་དང་། དེ་ཉིད་ལས།[37] འོན་ཀྱང་ལུགས་འདིས་ཀྱང་ཉན་རང་གིས་ཕུང་པོ་རགས་པ་ཙམ་ནི་བརྟག་མི་བཟོད་པ་དང་། སྒྲོ་བཏགས་པ་ཙམ་དང་། ངོ་བོ་ཉིད་དམིགས་སུ་མེད་པར་རྟོགས་པར་ཁས་ལེན་ཏེ། ཤེས་རབ་སྒྲོན་མེ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཡིན་ཡང་དེ་ལྟར་སྣང་བའི་ཕྱིར། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །ཞེས་གསུངས་ལ། ཞེས་པ་ལྟར་ལུང་འདིས་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་གང་ཟག་བདག་མེད་གཏན་ལ་འབེབས་པར་འགྲེལ་བའོ།།

གཉིས་པ་ཞོར་འཕྲོས་ཀྱི་དོགས་སློང་ནི།

འོ་ན་ཉན་ཐོས་པས་ཆོས་ཀྱི་བདག་མེད་རྟོགས་པ་ལ་དགོས་པ་མེད་ཅེས་པ་དང་། ལེགས་ལྡན་འབྱེད་ཀྱིས་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་པ་ལ་ཁྱད་པར་མེད་པ་ཡིན་ནམ་ཞེ་ན། ཁྱད་པར་ཡོད་དེ། ཉན་ཐོས་པའི་རང་ལུགས་སུ་ཆོས་ཀྱི་བདག་མེད་ཅེས་སྒྲ་ཡང་མ་གྲགས་པས་ཆོས་ཀྱི་བདག་མེད་ཀྱི་དོན་གང་ཡིན་པ་མ་ཤེས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི་གང་ཟག་གི་བདག་མེད་ལ་ཆོས་ཀྱི་བདག་མེད་ཅེས་བརྡ་མ་བཏགས་པའི་ཕྱིར་ན། སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པ་གང་ཡིན་པ་དེ་ལ་དཔལ་ལྡན་ཟླ་བ་གྲགས་པས་སྐྱོན་སྤོང་ཕྱིར་ལེགས་ལྡན་འབྱེད་ལ་དགག་པ་བརྗོད་པའོ།།

སྤྱིར་གཞི་གྲུབ་ན་གང་ཟག་བདག་མེད་ཡིན་པས་ཁྱབ་པར་འདོད་ཚུལ་ཕྱོགས་གཉིས་ལས། སྔ་མ་ཚད་མའི་སྐབས་སུ་ཆོས་ཅན་ནུས་མེད་ཀྱི་རིགས་པ་འདྲ་སྟེ། དཔེར་ན་བུམ་པ་ཆོས་ཅན། གང་ཟག་བདག་མེད་ཡིན་ཏེ་གཞི་གྲུབ་པའི་ཕྱིར། ཁྱབ་སྟེ་གཞི་གྲུབ་ན་གང་ཟག་རང་བཞིན་མ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །ཕྱི་མ་གཞི་གྲུབ་ན་བདག་དང་བདག་གིར་གང་རུང་དུ་གྲུབ་པ་མ་ཡིན་པས་ཁྱབ་པས་ན་དེ་ལྟར་འདོད། དེ་གཉིས་ལ་ཐུན་མོང་དུ་རིགས་པའི་གནོད་བྱེད་འདི་ལྟར་འབྱུང་བར་སྙམ་སྟེ། སྟོང་ཉིད་དམ་བདག་མེད་ཕྲ་རགས་གཉིས་ལ་གཞི་མཐུན་ཡོད་པར་ཐལ། ཆོས་ཀྱི་བདག་མེད་ཡིན་ན་གང་ཟག་གི་བདག་མེད་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ཚད་གང་ཟག་གི་བདག་མེད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན་མཐར་ཐུག་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཅན། གང་ཟག་བདག་མེད་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན་མཐའ་དང་པོ་བཀག་ཙམ་གྱི་ཉན་ཐོས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གང་ཟག་བདག་མེད་དང་། མཐའ་བརྒྱད་དང་བྲལ་བའི་གནས་ལུགས་གཉིས་ལ་གཞི་མཐུན་ཡོད་པར་ཁྱེད་ཀྱིས་འདོད་ན། ཁྱེད་ཀྱི་ལུགས་ལ་རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ལའང་གཞི་མཐུན་འོས་མེད་དུ་འདོད་དགོས་པར་ཐལ་ལ། དེ་ལྟར་འཐད་ན་ཁྱོད་མཁས་པའི་ནང་གི་མི་མཛེས་པའི་མཁས་པ་ཞིག་ཡིན་པར་འདུག་གོ།

གསུམ་པ་མཇུག་བསྔོ་བས་མཐའ་སྐྱོང་བ་ནི།

དཔྱོད་ལྡན་སྔར་མེད་ལེགས་བཤད་མ་ལགས་ཀྱང་། །རང་འགན་ཕྲག་ཏུ་བསམས་ནས་གང་ལྕོགས་ཀྱིས།།
ཐོས་ཆུང་བརྗེད་པར་དོགས་ཤིང་རང་འདྲ་བའི། །བློ་རིག་གསར་དུ་འབྱེད་དམ་སྙམ་ནས་བྲིས།།

རིགས་པའི་འགྲོས་དང་བསྟུན་ནས་གང་དཔྱད་པར། །རྨོངས་པའི་དབང་གིས་འགལ་འཁྲུལ་ཅི་བྱུང་བ།།
རྩ་གསུམ་དམ་ཅན་ཚོགས་ལ་མཐོལ་བཤགས་ཤིང་། །ཅུང་ཟད་གཞོལ་བའི་དགེ་བ་གཞན་ཕྱིར་བསྔོ།།


[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༠ པར་གསལ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༣ པར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༩ པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༤ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༠ པར་གསལ།

[6] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༡ པར་གསལ།

[7] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢ པར་གསལ།

[8] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢ པར་གསལ།

[9] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༣ པར་གསལ།

[10] ཐཱའི་ཝན་པར་མ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་ ༣ ཤོག་ངོས་ ༡༣༠ པར་གསལ།

[11] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༣ པར་གསལ།

[12] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༣ པར་གསལ།

[13] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༣ པར་གསལ།

[14] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༡ ནས་ ༢༩༤ པར་གསལ།

[15] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༡༠ པར་གསལ།

[16] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢༤ པར་གསལ།

[17] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༢༨ པར་གསལ།

[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༠ པར་གསལ།

[19] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༡༠ པར་གསལ།

[20] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༡༠ པར་གསལ།

[21] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༧ པར་གསལ།

[22] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༧༥ པར་གསལ།

[23] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༠ པར་གསལ།

[24] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༠༧ པར་གསལ།

[25] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༣༦ པར་གསལ།

[26] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༡༣ པར་གསལ།

[27] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༥ པར་གསལ།

[28] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༦ པར་གསལ།

[29] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༠༨ པར་གསལ།

[30] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༠༩ པར་གསལ།

[31] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༠ པར་གསལ།

[32] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༥༢ ནས་ ༥༣ བར་གསལ།

[33] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༧ པར་གསལ།

[34] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠༨ པར་གསལ།

[35] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༢ པར་གསལ།

[36] ཕྱི་ལོ་ ༢༠༡༠ ལོའི་ཐཱའི་ཝན་པར་མ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་ ༣ ཤོག་ངོས་ ༡༣༢ པར་གསལ།

[37] ཕྱི་ལོ་ ༢༠༡༠ ལོའི་ཐཱའི་ཝན་པར་མ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་ ༣ ཤོག་ངོས་ ༡༣༣ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།