མདོ་དགོངས་པ་འདུས་པའི་གནད་དོན་འགའ་ཞིག་ལ་དཔྱད་པ།

ལོ་རིམ་དགུ་པའི་སློབ་གཉེར་བ། ར་ཀེས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

གཅིག་ཏུ་མ་ངེས་འགྲོ་དྲུག་འདུལ་བའི་སྣང་བ་ཡབ།།
གཅིག་ཏུ་ངེས་པའི་འགྱུར་མེད་རང་བཞིན་སྟོང་པ་ཡུམ།།
སྣང་སྟོང་གཉིས་མེད་དཔལ་ཆེན་སྲས་མཆོག་སེམས་ཀྱི་གཤིས།།
གདོད་ནས་མ་བཅོས་གཉུག་མའི་དཀྱིལ་འཁོར་གསུམ་ལ་འདུད།།

ཅེས་བླ་མ་དང་གཉིས་སུ་མེད་པའི་ལྷག་པའི་ལྷ་འཇམ་པའི་དབྱངས་དང་གཉུག་མའི་དཀྱིལ་འཁོར་གསུམ་ལ་མཆོད་པར་བརྗོད་པའི་མེ་ཏོག་སྔོན་དུ་འཐོར་ཏེ། གང་ཞིག་གླེང་བར་བྱ་བའི་དམ་པའི་ཆོས་ཀྱི་རིམ་པ་ནི། ཁྱད་ཆོས་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་བ་ལ་ཡོངས་སུ་གྲགས་པའི་མདོ་སྒྱུ་སེམས་གསུམ་གྱི་ཡ་གྱལ་མདོ་དགོངས་པ་འདུས་པ་སྟེ། དེ་ཡང་མཁན་ཆེན་ནུས་ལྡན་གྱི་ཞལ་སྔ་ནས།[1] དེ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། རྣལ་འབྱོར་གྲུབ་པའི་ལུང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ། དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུག་ས། རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། མ་འᨖངས་པ་དང་ད་ལྟར་གྱི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཆེན་པོ། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བའི་བཀའ་ཁྱད་པར་ཅན། མདོ་རྒྱུད་ཆེན་པོ་ཆོས་ཀྱི་མེ་ལོང་། ཞེས་གསུངས་པ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ་བསྟན་པའི་བཀའ་དྲི་མ་མེད་པ་འདི་ལ་རྒོལ་བ་ཁ་ཅིག་གིས་མདོ་དགོངས་པ་འདུས་པ་ནི་བོད་རྩོམ་ཡིན་པ་དང་། མདོ་འདིར་གླེང་གཞི་དྲུག་བྱུང་བས་ཟློས་སྐྱོན་ཡོད་པ་དང་། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་རུ་ཏྲ་འདུལ་མི་ཐུབ་པར་བསྟན་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་དང་རྒྱུད་ཡང་དག་མ་ཡིན་པར་སྙམ་ཞིང་སྨྲ་བ་རྣམས་ལ་སྔོན་བྱུང་མཁས་གྲུབ་རྣམས་ཀྱིས་བརྒལ་ལན་གནང་བ་དག་ལ་དཔེ་ལྟོས་བྱས་ནས་ལན་འདེབས་པའི་ཚུལ་ཙམ་བྱས་ན།

ཁོང་རྣམ་པས་མདོ་དགོངས་པ་འདུས་པ་བཀའ་མ་ཡིན་པའི་སྒྲུབ་བྱེད་དུ་འཕེན་པའི་རྟགས་རྣམས་ས་བཅད་ཀྱི་ཚུལ་དུ་བྱས་ནས་བརྗོད་ན་དེ་ལ་གསུམ་སྟེ། མདོ་དགོངས་པ་འདུས་པ་བོད་རྩོམ་ཡིན་མིན་ལ་དཔྱད་པ། མདོ་འདིར་གླེང་གཞི་དྲུག་ཡོད་ཀྱང་ཟློས་སྐྱོན་མེད་ཚུལ། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་རུ་ཏྲ་མ་ཐུལ་བའི་རྒྱུ་མཚན་བཤད་པ་དང་གསུམ་ཡོད་པ་ལས།

དང་པོ། མདོ་དགོངས་པ་འདུས་པ་བོད་རྩོམ་ཡིན་མིན་ལ་དཔྱད་པ།

མདོ་དགོངས་པ་འདུས་པ་བོད་རྩོམ་ཡིན་མིན་ལ་དཔྱད་པ་འདི་ལ་གཉིས་ཏེ། ཕ་རོལ་པོའི་འདོད་པ་བརྗོད་པ་དང་། དེ་མི་འཐད་པར་བསྟན་པ་གཉིས་ལས།དང་པོ། ཕ་རོལ་པོའི་འདོད་པ་བརྗོད་པ་ནི། ངེས་པ་དོན་གྱི་འབྲུག་སྒྲ་ལས།[2] དར་རྗེ་དཔལ་གྱི་གྲགས་པ་ཡིས། །ཀུན་འདུས་རིག་པའི་མདོ་དང་ནི། །དགོངས་འདུས་ཡེ་ཤེས་རྔམས་པ་གློག །དུར་ཁྲོད་ཁུ་བྱུག་རོལ་པ་དང་། །སེམས་ལུང་ཆེན་པོ་ལྔ་རུ་བྱས། །ཞེས་སྨྲས་པ་ལྟར་དེ་ལ་ཆགས་སྡང་གི་རྟོག་པ་མངོན་དུ་གྱུར་ནས་རེ་ཞིག་ཟབ་མོའི་དོན་གྱི་སྙིང་པོ་ལ་བློ་ཁ་མ་ཕྱོགས་པའི་རྒོལ་བ་ཁ་ཅིག་གིས་ཀུན་འདུས་རིག་པའི་མདོ་དང་མདོ་དགོངས་པ་འདུས་པ་སོགས་ལྔ་ནི་ཞང་ཛྙཱ་ནའི་སློབ་མ་དཔལ་གྱི་གྲགས་པ་དགུ་ཡོད་པའི་ནང་གསེས་དར་རྗེ་དཔལ་གྱི་གྲགས་པས་མཛད་པ་ལས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཟེར་ཏེ། མདོ་དགོངས་པ་འདུས་པ་སོགས་ཆོས་ཅན། བོད་རྩོམ་ཡིན་ཏེ། དར་རྗེ་དཔལ་གྱི་གྲགས་པས་མཛད་པའི་ཕྱིར་རོ། །ཞེས་སྨྲའོ།།

གཉིས་པ་དེ་མི་འཐད་པར་བསྟན་པ་ནི། མདོ་དགོངས་པ་འདུས་པ་སོགས་ལྔ་པོ་ནི་བོད་རྩོམ་མ་ཡིན་པར་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ཡིན་པ་དེ་ཉིད་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་སོག་ཟློག་བློ་གྲོས་རྒྱལ་མཚན་གྱིས་(༡༥༥༢­-༡༦༢༤) འཕགས་ཡུལ་གྱི་པཎ་ཆེན་རྣམས་ཀྱིས་དེ་དག་གི་བསྟན་བཅོས་སུ་ཀུན་འདུས་རིག་པའི་མདོ་སོགས་ཀྱི་ལུང་མང་པོ་དྲངས་ཡོད་པ་དང་། དཔེར་ན་མཚན་གཞི་ཙམ་ཞིག་བརྗོད་ན། པཎ་ཆེན་བི་མ་ལས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པར་ཀུན་འདུས་རིག་པའི་མདོ་ལུང་དྲངས་པ་བཞིན་ནོ་ཞེས་སོགས་ཀྱི་རྒྱུ་མཚན་དྲངས་པའི་སྒོ་ནས་བསྒྲུབས་ཡོད་དེ། ངེས་པ་དོན་གྱི་འབྲུག་སྒྲ་ལས།[3] ཀུན་འདུས་ལ་སོགས་མདོ་ལྔ་པོའི། །ལུང་འདྲེན་རྒྱ་འགྲེལ་ཁུངས་མར་མང་། །མཚན་བརྗོད་འགྲེལ་པར་བི་མ་ལས། །ཀུན་འདུས་རིག་པའི་ལུང་མང་དྲངས། །ཀུན་བྱེད་སེམས་ཕྱོགས་ཡིན་མོད་ཀྱི། །སེམས་སྡེ་བཅོ་བརྒྱད་ནང་ཚན་མིན། །དགོངས་པ་འདུས་པའི་མདོ་བཤད་པ། །མདོ་སྡེ་གདམས་ངག་འབོགས་པའི་རྒྱལ། །ཡིན་པར་སྒྲ་ཡིས་སྒྲུབ་པ་ཡིས། །འགོས་ལོ་ཡིད་བཟང་རྩེ་བས་བསྒྲུབས། །ཞེས་གསུངས་པ་ལྟར། འགྲོ་མགོན་བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཀྱང་ (༡༣༩༢-༡༤༨༡) བུ་སྟོན་རིན་པོ་ཆེས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག་ཏུ་མདོ་སྡེ་གདམས་ངག་འབོགས་པའི་རྣམ་གཞག་གི་ལུང་དྲངས་པ་དེ་ནི་མདོ་དགོངས་པ་འདུས་པའི་ལེའུ་གསུམ་པར་གསལ་བའི་འདྲེན་པའི་ཐེག་པ་རྣམ་གསུམ་ལ། ཞེས་སོགས་ནས། ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་པ་དེ་ཉིད་ཡིན་པར་ཞལ་གྱིས་བཞེས་ཏེ། དེབ་ཐེར་སྔོན་པོ་ལས།[4] དེ་ལ་འདུས་པ་མདོ་ཞེས་གྲགས་པ་ལ། རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་། བཤད་པའི་རྒྱུད་མདོ་དགོངས་པ་འདུས་པ་གཉིས་ཡོད་དེ། བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱིའི་རྣམ་གཞག་ཏུ་མདོ་སྡེ་གདམས་ངག་འབོགས་པའི་རྣམ་གཞག་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང་། རྒྱུ་ལ་མོས་པའི་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དྲངས་པ་དེ་ཡང་། མདོ་དགོངས་པ་འདུས་པ་ཉིད་ན། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བའི། །ངེས་པའི་ཐེག་པ་ཡོད་མ་གསུངས། །ཞེས་འབྱུང་བ་དེ་ཡིན་པར་སྣང་སྟེ། ཞེས་གསུངས་པ་དང་། ཡང་དམ་པ་འདི་ཉིད་ཀྱིས་མདོ་དགོངས་པ་འདུས་པ་མི་དང་མི་མ་ཡིན་པ་ལ་བརྒྱུད་ཚུལ་དང་གང་ཟག་རྣ་བ་ནས་རྣ་བར་བརྒྱུད་ཚུལ་སོགས་ལྷ་རྗེ་སྒྲོ་ཕུག་པའི་དགོངས་བཞེད་ལྟར་བསྒྲུབས་ཡོད་དེ། དེབ་ཐེར་སྔོན་པོ་ལས།[5] མདོ་འདིའི་བརྒྱུད་པའི་རིམ་པ་ནི། རྗེ་སྒྲོ་སྦུག་པས་མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། གསང་བདག་གིས་རི་མ་ལ་ཡའི་རྩེ་མོར་དམ་པའི་རིགས་ཅན་ལྔ་ལ་སོགས་པའི་རིག་པ་འཛིན་པ་འདུས་པ་ཕལ་མོ་ཆེ་ལ་བརྒྱུད་པའོ། །གང་ཟག་རྣ་བ་ནས་རྣ་བར་བརྒྱུད་པ་ནི། གསང་བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་རླབས་ཀྱིས་དང་པོ་སྐལ་ལྡན་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་པོ་འདི་ལྟར་སྣང་བར་མཛད་དེ། གསང་བདག་གིས་དབང་བསྐུར་ཏེ་བྱིན་རླབས་ཀྱི་པོ་ཏི་དང་གླེགས་བམ་གྱི་སྣང་བར་མཛད། དེས་སྲས་ཨིནྡྲ་བོ་དྷི་དང་། ནཱ་ག་བོ་དྷི། གུ་ཡ་བོ་དྷི་ལ། ནཱ་ག་བོ་དྷི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུར་ཤོད་དུ་མ་སྟེར། ཨིནཱ་དྲས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་རོ་ལངས་དེ་བ་ལ། ཞེས་སོགས་ནས། དེས་དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བརྒྱུད་པའམ། ཞེས་དང་། ཡང་བལ་ཡུལ་དང་བོད་གངས་ཅན་ལྗོངས་སུ་བརྒྱུད་ཚུལ་དེ་ཡང་། དེ་ཉིད་ལས། ཡང་རྣམ་པ་གཅིག་ཏུ་དྷ་ན་རཀྵི་ཏ་བྲུ་ཞའི་རུ་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས། བྲུ་ཞའི་ཡུལ་ཁྲོམ་དུ་བསྒྱུར་བར་བྱས་པས། མོས་པ་ཆུང་ནས་མ་འགྱུར་བར་བལ་ཡུལ་དུ་བྱོན་ནས། དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བཤད། དེ་ནས་ཕྱིས་བྲུ་ཞའི་ཁྲོམ་དུ་བསྒྱུར། རུ་དྷརྨ་བོ་དྷི་དང་བ་སུ་དྷ་ར་དང་བྲུ་ཞའི་མཁན་པོས་ཟོ་བོ་སྣུབས་སངས་རྒྱས་ལ་བཤད། དེས་ཇོ་བོ་ཡོན་ཏན་རྒྱ་མཚོ་ལ། ཞེས་སོགས་ནས། ལྷ་རྗེ་ཤངས་པ་བདག་གིས་སྤྱན་དྲངས་ནས་ཚུལ་བཞིན་དུ་ཞུས་པས་བདག་ལ་གནང་བའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་མཁས་གྲུབ་ཆེན་པོ་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། ལུང་གི་མདོ་ལྔའི་ཁུངས་ནི། ཞེས་སོགས་ནས། བོད་དུ་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་མདོ་ཁམས་མཁས་པ་བཞི་ལ་གཏུགས་ནས་བསྒྱུར་རོ། །དེ་རྗེས་ནས་དྷརྨ་རཀྵི་ཏ་དང་དྷརྨ་བོ་དྷི་གཉིས་ལ་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཞུས་ཏེ་གཏན་ལ་ཕབ། དེས་ཐུགས་སྲས་བཞི་ལ། ཞེས་སོགས་གསུངས་སོ། །མདོར་ན་ཁོང་རྣམ་པས་སྐྱོན་བརྗོད་བྱས་པ་དེ་ནི་སྔ་འགྱུར་རྙིང་མའི་ལོ་རྒྱུས་དག་ལ་ཞིབ་ཏུ་མ་གཟིགས་པ་ཙམ་ལས་མདོ་དགོངས་པ་འདུས་པ་བོད་རྩོམ་ཡིན་པའི་རྒྱུ་མཚན་ཡང་དག་ནི་རི་བོང་གི་རྭ་ལྟར་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དུ་ཇི་ཙམ་བཙལ་ཀྱང་མི་རྙེད་པ་ཉག་གཅིག་གོ།

གཉིས་པ། མདོ་འདིར་གླེང་གཞི་དྲུག་ཡོད་ཀྱང་ཟློས་སྐྱོན་མེད་ཚུལ།

མདོ་འདིར་གླེང་གཞི་དྲུག་ཡོད་ཀྱང་ཟློས་སྐྱོན་མེད་ཚུལ་འདི་ལ་གཉིས་ཏེ། མདོ་ནས་གླེང་གཞི་དྲུག་བསྟན་ཚུལ་དང་། ལན་དངོས་གཉིས་ལས། དང་པོ་ནི། ལེའུ་དང་པོར།[6] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་ནས་བསྟན་པའི་སྐུ་གསུམ་གྱི་གླེང་གཞི་དང་། ལེའུ་ལྔ་པར།[7] དེ་ནས་དེའི་ཚེ་དེ་ཉིད་དུ། །གནོད་འདུལ་རྒྱལ་པོས་དེ་གསུངས་ནས། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཐུགས་རྗེ་ས་ལ་མངོན་སྤྲུལ་གཤེགས། །ས་རྣམས་ཡོངས་སུ་གཡོས་འགྱུར་ཏེ། །རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས། །ཐམས་ཅད་སྦྱངས་ཏེ་བདེ་བར་སྣང་། །ཞེས་པའི་བར་གྱིས་བསྟན་པའི་གསང་སྔགས་འབྱུང་བའི་གླེང་གཞིའམ་ལུང་བསྟན་འབྱུང་བའི་གླེང་གཞི་དང་། ལེའུ་སོ་གསུམ་པར།[8] གསང་བ་པའི་བདག་པོས་སྨྲས་པ། གང་ངོ་བོ་ཉིད་མེད་པ་དེའི་ཞིང་ཁམས་ནི་བསྐྱེད་དུ་མེད་པའོ། །འཁོར་ནི་སངས་རྒྱས་པ་མེད་པའོ། །བསྟན་པ་ནི་བསམ་དུ་མེད་པའོ། །དུས་ནི་ཚད་ལས་འདས་པའོ། །མཛད་པ་ནི་ཅིར་ཡང་མཛད་པའོ་ཞེས་སོགས་ནས་མཛད་པ་ནི་གང་གི་མུན་པ་སེལ་བར་མཛད་པའོ་ཞེས་པའི་བར་གྱིས་བསྟན་པའི་སྐུ་ལྔའི་གླེང་གཞི་དང་། ལེའུ་ཞེ་བདུན་པར།[9] ལངྐའི་བདག་པོ་དེ་ཡང་འདི་ལྟར་འདི་སྐད་བདག་གིས་ཐོས་པ། དེ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། ཞེས་པ་ནས་བསྟན་པའི་སྐུ་བཞིའི་གླེང་གཞི་དང་། ལེའུ་ལྔ་བཅུ་ང་ལྔ་པར།[10] ལངྐའི་བདག་པོ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ། གསང་བའི་གནས་པདྨ་ཅན་ཞེས་བྱ་བ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྒྱུ་མའི་ལྷུམས་གསང་བ་མཆོག་གི་ཕོ་བྲང་ན། ཞེས་སོགས་ནས། ཐེ་ཚོམ་ཆད་ནས་སླར་དོང་བ་ན། ཞེས་པའི་བར་གྱིས་བསྟན་པའི་གསང་བ་སྐུའི་གླེང་གཞི་དང་། ལེའུ་ལྔ་བཅུ་ང་དྲུག་པར།[11] ལངྐའི་བདག་པོ་དེ་ཡང་འདི་ལྟར་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་དེ། ཡོངས་སུ་དག་པ་ཞེས་བྱ་བའི་ཞིང་ཁམས་ན་ངང་གིས་བཞུགས་པ་དེའི་ཚེ་དེའི་དུས་ན། ཞེས་སོགས་ནས། ཡོངས་སུ་བགྲོ་བར་བྱའོ། །ཞེས་པའི་བར་གྱིས་བསྟན་པའི་ངོ་བོ་ཉིད་སྐུའི་གླེང་གཞི་བཅས་མདོ་ནས་བསྟན་པའི་གླེང་གཞི་དྲུག་གོ།

གཉིས་པ་ལན་དངོས་ནི། ལེའུ་དང་པོའི་སྐུ་གསུམ་གྱི་གླེང་གཞི་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་རྗེས་སུ་སྟོན་པ་གསང་བའི་བདག་པོས་འཁོར་དམ་པའི་རིགས་ཅན་ལྔ་ལ་བསྟན་པ་དམ་པ་སེམས་ཀྱི་ཆོས་ཉིད་གསུངས་པས་ཡིད་མི་ཆེས་པ་རྣམས་ཐེ་ཚོམ་དང་འབྲལ་བའི་ཁུངས་སུ་བྱིན་རླབས་འབྱུང་བའི་གླེང་གཞི་དག་ལོ་རྒྱུས་སུ་སྨྲས་པ་ནི་ལེའུ་ལྔ་པའི་ལུང་བསྟན་འབྱུང་བའི་ཁུངས་སུ་བསྟན་པ་དང་། ལེའུ་ལྔ་པའི་ལུང་བསྟན་བརྒྱུད་པའི་གླེང་གཞི་ནི་འཛམ་བུ་གླིང་དུ་གསང་སྔགས་ཡོངས་གྲགས་སུ་མ་བྱུང་བ་འབྱུང་བར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས།[12] རྒྱལ་བ་རྣམས་ཀྱིས་གདུང་བ་གསན་ནས། ལྕང་ལོ་ཅན་གྱི་ཕོ་བྲང་དུ་འདུས་ཏེ། ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་བར་བསྐུལ་བས། ཕྱག་ན་རྡོ་རྗེས་ཀྱང་ཞལ་གྱིས་བཞེས་པའོ། །ཞེས་དང་། ལེའུ་སོ་གསུམ་པའི་སྐུ་ལྔའི་གླེང་གཞི་ནི་ལངྐའི་བདག་པོས་གསང་བདག་ལ་རྩ་བའི་དྲི་བ་བཞི་བཀོད་པའི་ནང་ནས་དྲི་བ་བཞི་པ་སྟེ་སྐུ་ཞེས་གང་ལ་བགྱི་ཞེས་པའི་ལན་དུ་སྨྲས་པ་སྟེ། མཁན་ཆེན་ནུས་ལྡན་གྱིས་སྔར་སྟོན་པ་གཞན་ལས་ཐོས་པའི་དོན་ལོ་རྒྱུས་སུ་བརྗོད་པ་ལན་དུ་བཀའ་སྩལ་བར་མཛད་དེ། ཞེས་དང་། ལེའུ་ཞེ་བདུན་པའི་སྐུ་བཞིའི་གླེང་གཞི་ནི་ངེས་པའི་གསང་སྒོར་ལྡེ་མིག་གསུམ་དུ་གནས་པ་ལས་འབྱེད་པར་བྱེད་པའི་ལྡེ་མིག་གི་རྒྱུའི་ཡན་ལག་ཏུ་སྨྲས་པ་ཡིན་ཏེ། དགོངས་པ་འདུས་པ་ལས། གླེང་གཞི་གང་འབྱུང་ཆེད་ཕྱིར་ནི། །རྒྱུ་ཡི་ངོ་བོ་བྱིན་གྱིས་བརླབས། །ཞེས་དང་། ལེའུ་ལྔ་བཅུ་ང་ལྔ་པའི་གསང་བ་སྐུའི་གླེང་གཞི་ནི་ལངྐའི་བདག་པོས་གསང་བདག་ལ་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་བ་གང་ལགས་ཞེས་པའི་ལན་དུ་སྨྲས་པ་ཡིན་ལགས། ལེའུ་ལྔ་བཅུ་ང་དྲུག་པའི་ངོ་བོ་ཉིད་སྐུའི་གླེང་གཞི་ནི་ལངྐའི་བདག་པོས་གསང་བདག་ལ་ཆོས་ཐམས་ཅད་ཀྱི་རྩ་བ་གང་ལ་གང་གིས་སྣང་བ་ཡོངས་སུ་དག་པའི་སྤྱོད་ཡུལ་གང་ལགས་ཞེས་པའི་ལན་དུ་སྨྲས་པ་ཡིན་པ་དང་། མདོར་ན་སྐུ་གསུམ་གྱི་གླེང་གཞི་ནི་ཐེག་པ་ཐུན་མོང་བའི་གླེང་གཞི་དང་མཐུན་ལ། གསང་བ་སྐུའི་གླེང་གཞི་ནི་གདུལ་བྱ་འདོད་ཆགས་ཅན་ལ་དེ་ཉིད་མ་སྤངས་པར་རང་བྱུང་ཡེ་ཤེས་སུ་གསལ་བར་བསྟན་པ་དང་། འདོད་ཆགས་དེ་ཉིད་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་ཐབས་སུ་བྱས་ནས་དོན་ལ་དྲང་བར་བྱ་བའི་ཕྱིར་དང་། ངོ་བོ་ཉིད་སྐུའི་གླེང་གཞི་ནི་མདོ་དགོངས་པ་འདུས་པའི་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ཏེ། རིན་པོ་ཆེ་རྒྱན་ལས། དང་པོ་གསུམ་ནི་སྤྱི་གཞུང་ལ། །གཅིག་ནི་གདུལ་བྱ་མཐུན་པར་དྲངས། །མཐར་ཐུག་ཐ་མ་ཐུན་མོང་མིན། །ཀུན་གྱི་གནས་ཡིན་ཀུན་གྱི་གཙོ། །ཀུན་གྲོལ་ཆེན་པོའི་རྒྱུད་ལས་གྲགས། །ཞེས་གསུངས་པ་དང་། ལུང་བསྟན་འབྱུང་ཁུངས་ཀྱི་གླེང་གཞི་ནི་མི་ཡུལ་དུ་རྒྱུད་ཀྱི་དངོས་པོ་འབྱུང་བའི་རྒྱུའི་གཙོ་བོར་ཡིན་པས་ཟློས་སྐྱོན་ནམ་ལྡབ་སྐྱོན་ལས་གྲོལ་བ་ཡིན་སྙམ་མོ། །ཡང་གཅིག་ན་གླེང་གཞི་དྲུག་པོ་དེ་བསྡུས་ན་བྱིན་རླབས་འབྱུང་བའི་གླེང་གཞི་དང་ལུང་བསྟན་བརྒྱུད་པའི་གླེང་གཞིར་འདུས་ཏེ། སྐུ་གསུམ་གྱི་གླེང་གཞི་དང་། སྐུ་ལྔའི་གླེང་གཞི། དེ་བཞིན་དུ་སྐུ་བཞིའི་གླེང་གཞི། གསང་བ་སྐུའི་གླེང་གཞི། ངོ་བོ་ཉིད་སྐུའི་གླེང་གཞི་ལྔ་ནི་བྱིན་རླབས་འབྱུང་བའི་གླེང་གཞི་དང་། ལེའུ་ལྔ་པའི་གླེང་བཞི་ནི་ལུང་བསྟན་བརྒྱུད་པའི་གླེང་གཞི་ཡིན་ཏེ། མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་ལས།[13] ལྔ་ནི་བྱིན་རླབས་འབྱུང་བའི་གླེང་གཞི་ཡིན་པས། ལེའུ་དང་པོ་སྐུ་གསུམ་གྱིའོ། །སོ་གསུམ་པའི་སྐུ་ལྔ་གླེང་གཞིའོ། །ཞེ་བདུན་པའི་འདིར་སྐུ་བཞིའོ། །ང་ལྔ་པའི་ནི་གསང་བའི་སྐུའི་གླེང་གཞིའོ། །ང་དྲུག་པའི་ནི་ངོ་བོ་ཉིད་སྐུའི་གླེང་གཞིའོ། །ཞེས་སོགས་ནས་ལྔ་པའི་སྟོད་ནི་ལུང་བསྟན་བརྒྱུད་པའི་གླེང་གཞིའོ། །ཞེས་གསུངས་སོ། །འོ་ན་དེ་གཉིས་སུ་བསྡུ་དགོས་པའམ་བསྟན་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཅེ་ན། གདུལ་བྱ་རྣམས་སྨིན་པར་བྱ་བ་དང་འཁོར་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས།[14] འཁོར་སྤྲོ་བ་བསྐྱེད་པའི་ཕྱིར། གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞི་བརྗོད་དོ། །མི་ཡུལ་དུ་གདུལ་བྱ་སྨིན་པར་བྱ་བའི་ཕྱིར། བྱིན་རླབས་བརྒྱུད་པའི་གླེང་གཞི་བསྟན་ཏེ། ལྷན་ཅིག་པ་དང་བརྒྱུད་པའི་འཁོར་གྱི་དབང་དུའོ། །ཞེས་གསུངས་སོ།།

གསུམ་པ། སྟོན་པ་ཤཱཀྱ་ཐུབ་པས་རུ་ཏྲ་མ་ཐུལ་བའི་རྒྱུ་མཚན་བཤད་པ།

སྟོན་པ་ཤཱཀྱ་ཐུབ་པས་རུ་ཏྲ་མ་ཐུལ་བའི་རྒྱུ་མཚན་བཤད་པ་འདི་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། ལན་དངོས་གཉིས་ལས། དང་པོ་ནི། གདུལ་བྱ་མཐུན་འཇུག་དང་གང་ལ་གང་འདུལ་གྱི་ཕྲིན་ལས་ལ་བསམ་བཞིན་དུ་བློ་ཁ་མ་ཕྱོགས་པ་ལྟར་བྱེད་པའི་གང་ཟག་འགའ་ཞིག་ན་རེ། མདོ་དགོངས་པ་འདུས་པར་སངས་རྒྱས་ཐམས་ཅད་བཀའ་བགྲོས་མཛད་ནས་བདུད་ཀྱི་རྒྱལ་པོ་རུ་ཏྲ་འདུལ་བ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངགས་པས་དེས་རུ་ཏྲ་ནག་པོ་མ་ཐུལ་བ་ལ་ལོག་པའི་རྒྱུ་མཚན་དུ་བཟུང་ནས་བདུད་མ་ཐུལ་བའི་སངས་རྒྱས་ག་ལ་ཡིན་སོགས་ཀྱིས་སྐྱོན་བརྗོད་བྱས་ཏེ། ངེས་པ་དོན་གྱི་འབྲུག་སྒྲ་ལས།[15] རུ་ཏྲ་ནག་པོ་འདུལ་བ་ལ། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་མངགས། །བདུད་ཀྱིས་བསྟིམས་པའི་ཚིག་ཙམ་གྱིས། །ཐུབ་དབང་ཞུམ་ཞིང་སྐྱེངས་པར་གྱུར། །མཐུ་མེད་རང་གནས་ལོག་གོ་ལོ། །གང་གིས་བདུད་སྡེ་མ་ཐུལ་བ། །དེ་དག་སངས་རྒྱས་ག་ལ་ཡིན། །ཞེས་སྨྲས་སོ།།

གཉིས་པ་ལན་དངོས་ནི། སྤྱིར་བཏང་རུ་ཏྲ་ནག་པོ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་མ་ཐུལ་བའི་རྒྱུ་མཚན་དག་སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་ཚུལ་འགའ་རེ་ཡོད་ཀྱང་འདིར་མདོ་དགོངས་པ་འདུས་པའི་དགོངས་པ་དང་མཐུན་པར་བརྗོད་ན། དེ་ཡང་མདོ་དགོངས་པ་འདུས་པ་ལས།[16] ཁྲོ་ལ་བྱམས་དང་ཁྲོ་ཚུལ་མཛོད། །ཞི་ལ་ཞི་བ་རླུང་སྦྱོར་ཉིད། །དྲག་ཤུལ་ཅན་ལ་དྲག་པོ་ཉིད། །གཡེམ་ལ་གཡེམ་དང་གཉེན་པོར་མཛོད། །ཆགས་དང་ཆགས་ལ་རྣམ་སྤོང་ཉིད། །གཡེང་ལ་སེམས་སྡུད་གཡེང་བ་ཉིད། །རྨོངས་ལ་ཁྱབ་པར་མཉམ་པ་ཉིད། །རི་ལ་ཏིང་འཛིན་རི་བོ་ཉིད། །ཕྲག་དོག་ཅན་ལ་ཕྲག་དོག་ཚུལ། །དེ་ལ་སོགས་པ་མཐའ་ཡས་རྙེད། །ཅེས་གསུངས་པ་ལྟར་ལས་རྣམ་པ་བཞི་གང་གིས་འདུལ་བའི་སྐབས་སུ་བབ་པའི་རྣམ་པར་བརྟག་པའི་ཕྱིར་གདུལ་བྱའི་ངོར་ཞི་རྒྱས་ཀྱིས་འདུལ་བའི་དུས་ལ་མ་བབས་པ་ཙམ་བསྟན་པ་ལས་སྟོན་པས་འདུལ་མ་ཐུབ་པ་ནི་མ་ཡིན་ཏེ། དཔེར་ན་ཆང་གིས་ཆང་ནད་སེལ་བ་དང་དུག་གིས་དུག་ནད་སེལ་བ་ལྟར་རུ་ཏྲ་ལྟ་བུ་གདུལ་བྱ་ཤིན་ཏུ་མ་རུངས་པ་བྱང་ཆུབ་སེམས་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་དེ་ལ་ཐུགས་རྗེའི་ཆུ་བོས་བརླན་པར་མཛད་པ་ལ་གཉེན་པོ་མི་མཐུན་པ་བདེན་ཚིག་འཇམ་པོས་བཀྲོལ་བས་ཕན་པར་མི་འགྱུར་བས་དེ་དང་ཆ་མཐུན་པའི་གཉེན་པོ་སྟོང་པ་ཤེས་རབ་དང་སྣང་བ་ཐབས་ཀྱི་ངོ་བོ་ལས་ཁྲོ་བོ་རབ་ཏུ་འཇིགས་ཤིང་རྔམ་པའི་ཆེ་མཆོག་ཧེ་རུ་ཀའི་རྣམ་པར་འབར་བའི་ཕྱག་རྒྱ་ཆེན་པོ་སྣང་བར་མཛད་ནས་རུ་ཏྲ་འདུལ་བའི་མཛད་པ་གནང་བ་ཡིན་པས་སངས་རྒྱས་མ་ཡིན་པའི་སྐྱོན་ལས་གྲོལ་བ་ཡིན་སྙམ་མོ། །ཡང་ཁོ་ན་རེ་གཞུང་དུ་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་བཏང་བས་ཐུབ་པའི་དབང་པོ་ཕྱིར་ལོག་པར་བསྟན་ཡོད་པས་གཞུང་དང་འགལ་ལོ་ཞེ་ན། དངོས་པོ་བཞིས་ཡོངས་སུ་བཏང་བས་ཕྱིར་ལོག་པ་དེ་ནི་རུ་ཏྲའི་ངོ་ལ་སྣང་བ་ལས་དོན་ལ་དེ་ལྟར་མ་ཡིན་ཏེ། མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་ལས།[17] འདིར་དངོས་པོ་བཞི་ཀུན་གྱིས་སྤང་བྱ་ཉིད་ཡིན་པས་དེ་དག་གི་སྤྱོད་པ་ཤཱཀྱ་ཐུབ་པ་ལ་བཏང་བས་རྒྱལ་བ་དྲི་མ་མེད་པ་གཙང་མ་རིགས་ཀྱི་འཕགས་པ་ཉིད་དངོས་པོ་ངན་པར་ཐུགས་རྟོག་པ་ལ་ཞུགས་པ་ལྟ་བུར་མཛད་ནས་ཕྱིར་ལོག་གོ་ཞེས་སླར་བཞུད་པ་ལྟར་རུ་ཏྲའི་ངོ་ལ་སྣང་ངོ་། །དེས་ཀྱང་ཞི་རྒྱས་ཀྱིས་མི་འདུལ་བ་མཁྱེན་ཏེ་འཆད་པའོ། །ཞེས་གསུངས་སོ། །མདོར་ན་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་འདུལ་བྱེད་དང་ཞི་དྲག་སོགས་ཀྱིས་འདུལ་བའི་ཐབས་ཀྱང་སྣ་ཚོགས་པར་འབྱུང་བ་ནི་གདུལ་བྱ་སོ་སོའི་ལས་སྨོན་ལ་དབང་བ་ཡིན་ཏེ། ཐེག་ཆེན་ཚུལ་འཇུག་ལས།[18] ལས་འཕྲོ་དང་སྐལ་བའི་དབང་གིས་སོ་སོར་སྣང་སྟེ། དེ་ལ་ཤིན་ཏུ་དག་པ་དུལ་བར་གྱུར་པ་རྣམས་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུར་སྣང་ངོ་། །སེམས་ཅན་ཁེངས་པ་ལས་དག་པར་གྱུར་པ་རྣམས་ལ་ནི། སྤྲུལ་པའི་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་སུ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཆ་ཤས་ཀྱི་ཕྱག་རྒྱ་སྣང་ངོ་། །དེའི་འོག་མ་རྣམས་ལ་ནི་ཐུན་མོང་གི་གཟུགས་ལ་རྟེན་པའི་ཕྱག་རྒྱ་སྣང་སྟེ། ཞེས་གསུངས་པ་ལྟར་རོ།།

སརྦ་མངྒ་ལཾ། དགེའོ།།


[1] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་དང་པོ། ཤོག་ངོས་ ༤ པར་གསལ།

[2] མཚོ་རྒྱལ་རྩོམ་སྒྲིག་ལྷན་ཚོགས་ཀྱི་པར་མ། ཤོག་ངོས་ ༡༦ པར་གསལ།

[3] མཚོ་རྒྱལ་རྩོམ་སྒྲིག་ལྷན་ཚོགས་ཀྱི་པར་མ། ཤོག་ངོས་ ༡༦ པར་གསལ།

[4] VajraVidya Library པར་མ། ཤོག་ངོས་ ༢༠༠ པར་གསལ།

[5] VajraVidya Library པར་མ། ཤོག་ངོས་ ༢༠༠ པར་གསལ།

[6] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གཉིས་པ། ཤོག་ངོས་ ༡༡༤ པར་གསལ།

[7] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་དང་པོ། ཤོག་ངོས་ ༧༧ པར་གསལ།

[8] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གཉིས་པ། ཤོག་ངོས་ ༡༡༤ པར་གསལ།

[9] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གཉིས་པ། ཤོག་ངོས་ ༤༤༧ པར་གསལ།

[10] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གསུམ་པ། ཤོག་ངོས་ ༤ པར་གསལ།

[11] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གསུམ་པ། ཤོག་ངོས་ ༢༤༨ པར་གསལ།

[12] ནང་བསྟན་དཔེ་ཚོགས་ལྟེ་གནས། [BDRC MW19229 94FF7D] པོད་དང་པོ། ཤོག་ངོས་ ༡༣ པར་གསལ།

[13] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་གཉིས་པ། ཤོག་ངོས་ ༤༧༢ པར་གསལ།

[14] ནང་བསྟན་དཔེ་ཚོགས་ལྟེ་གནས། [BDRC MW19229 94FF7D] པོད་དང་པོ། ཤོག་ངོས་ ༡༤ པར་གསལ།

[15] མཚོ་རྒྱལ་རྩོམ་སྒྲིག་ལྷན་ཚོགས་ཀྱི་པར་མ། ཤོག་ངོས་ ༧༣ པར་གསལ།

[16] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་དང་པོ། ཤོག་ངོས་ ༥༠༧ པར་གསལ།

[17] ཕྱི་ལོ་ ༢༠༡༨ ལོའི་ལོ་རིམ་དགུ་པས་པར་སྐྲུན་ཞུས་པའི་པར་མ། པོད་དང་པོ། ཤོག་ངོས་ ༤༩༢ པར་གསལ།

[18] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། པོད་དང་པོ། ཤོག་ངོས་ ༥༥༣ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།