སེར་བས་བཅོམ་པའི་མེ་ཏོག

ལོ་རིམ་བདུན་པའི་སློབ་གཉེར་བ། འཇིགས་མེད་རྣམ་རྒྱལ།

གཅིག

དེ་རིང་སྟེ་རེས་གཟའ་ཉི་མ་ཡིན་པས་ང་ཚོ་ལྷོད་ལྷོད་རེད། ཞོགས་པའི་དྭངས་གཙང་གི་ཁ་རླུང་འཇམ་པོ་དང་འགྲོགས་ནས་མལ་སྟན་དྲོན་མོ་དེ་ལས་ཡར་ལངས་ཤིང་ཁ་ལག་བཀྲུས་ཏེ་འཛིན་གྲོགས་ག་གེ་མོ་ཞིག་ལ་ཁ་པར་བཏང་ནས་དེ་དང་ལྷན་དུ་དགོན་པའི་རྒྱ་སྒོའི་ཕྱི་རོལ་གྱི་སྲང་ལམ་ནར་མོའི་གཡས་གཡོན་ན་རྒྱ་གར་བ་དང་བོད་པའི་ཟ་ཁང་དང་ཚོང་ཁང་ཆེ་ཕྲ་འདྲ་མིན་སྣ་ཚོགས་གྲལ་བསྟར་ནས་ཡོད་ས་དེའི་ཕྱོགས་སུ་གོམ་ཁ་དལ་མོར་བསྒྱུར། ང་ཚོས་རྒྱ་གར་གྱི་ཟ་ཁང་ཆུང་ངུ་ཞིག་ནས་མངར་ཇ་ཕོར་བ་རེ་དང་སྣུམ་སྲེག་བག་ལེབ་སྡེར་མ་རེ་རེ་མངགས་ཤིང་།  བཟས་པའི་ཤུལ་དུ་ང་དང་ལྷན་དུ་ཡོད་པའི་གྲོགས་པོ་དེ་ཡིས་“དེ་རིང་རེས་གཟའ་ཉི་མ་ཡིན་པས་གུ་རུ་ཀུལ་[1]ཕྱོགས་སུ་འཁྱམ་འཁྱམ་འགྲོ་”ཟེར།  ངས་“ཡ་ཡ་འགྲིག་གི་རེད་”ཅེས་སྨྲས་ཏེ་རྗེས་ཐོགས་ཉིད་ལ་ང་ཚོ་དེ་ལས་ཐོན།

སྤྲིན་དཀར་གྱིས་བར་སྣང་གཡོགས་ཤིང་སྔོ་ལྗང་གིས་ས་གཞི་ཁེབས་པའི་མཛེས་ཤིང་ཡིད་དུ་འོང་བའི་ལམ་ཟུར་གཉིས་ནས་རིགས་མི་གཅིག་པའི་ལྗོན་ཤིང་ཆེ་ཆུང་སྣ་ཚོགས་ཀྱིས་ལུ་གུ་རྒྱུད་ཅིང་ཡལ་ག་ལོ་འདབ་ཕན་ཚུན་ལག་སྦྲེལ་བྱས་པ་བཞིན་གཅིག་གིས་གཞན་ལ་རེག་ཅིང་མཐུད་ནས་ཡོད་པ། དར་ཚོན་སྣ་ལྔའི་འཇའ་ཚོན་བཀྲ་ཞིང་བསིལ་རླུང་འཇམ་པོས་ལྷབ་ལྷུབ་ཏུ་གཡོ་འགུལ་ཐེབས་པའི་སྲང་ལམ་ནར་མོ་དེ་བོར་ནས་བ་ཁང་[2]འོག་གི་ཨར་འདམ་ལས་གྲུབ་པའི་ཟམ་ཆུང་རྙིང་པ་དེ་བརྒལ་མ་ཐག ངའི་སྦ་ཁུག་ནས་ཁ་པར་གྱི་སྒྲ་ཞིག་སྒྲོག་འོང་གིན་འདུག དེ་མུར་ལག་པས་མྱུལ་ཏེ་ཁ་པར་གྱི་མདུན་ཤེལ་ལ་བལྟས་པས་འདས་པའི་ལོ་ངོ་འགའ་ཞིག་སྔོན་གྱི་གཞི་རིམ་སློབ་གྲྭའི་སྐབས་ཀྱི་འཛིན་གྲོགས་རྙིང་པ་ཞིག་གིས་ངོ་དེབ་ནང་ནས་“ཧེ་ལོ། གྲོགས་པོ་བཀྲ་ཤིས་བདེ་ལེགས། མ་མཇལ་ཡུན་རིང་། བདེ་པོ་ཡིན་ནམ་”ཟེེར་ནས་དབྱིན་ཡིག་གི་ལམ་ནས་ཡིག་ཐུང་སྟབས་བདེ་ཞིག་བསྐུར་གནང་འདུག ངས་“བདེ་པོ་ཡིན་ཁྱེད་རང་”ཟེར་ནས་དྲི་ལན་མཐུད་མ་ཞིག་བཏང་མ་ཐག ཁོང་གིས་ལམ་སང་ངོ་དེབ་བརྒྱུད་ནས་ཁ་པར་བཏང་སླེབས་བྱུང་། དེ་ནས་རྐང་པས་གོམ་པ་དལ་གྱིས་སྤོ་བཞིན་ཡུན་རིང་རྗེས་སུ་ཐུག་འཕྲད་བྱུང་བའི་གྲོགས་རྙིང་དེ་དང་ཕན་ཚུན་གྱི་གནས་སྟངས་སྐོར་ལ་ཁ་བརྡ་ལྷུག་པོ་ཞིག་བྱ་འགོ་བཙུགས།

བལ་ཡུལ་གྱི་གྲོང་གསེབ་ག་གེ་མོ་ཞིག་ནས་ཡིན་པའི་འཛིན་གྲོགས་ཁོང་ནི་འདས་པའི་མི་ལོ་བཅུ་ཕྲག་ཅིག་གི་སྔོན་རོལ་དུ་གཞི་རིམ་སློབ་གྲྭའི་འཛིན་རིམ་དྲུག་པའི་སྐབས་ནས་ངོ་ཤེས་བྱུང་ཞིང་བདེ་བླག་ཏུ་སེམས་མཐུན་གྱི་གྲོགས་པོར་གྱུར། ཁོང་ནི་དེའི་ཚེ་དེའི་དུས་འཛིན་གྲྭའི་ནང་གི་གཤིས་རྒྱུད་འཇམ་ལ་སྨྲ་བ་ཉུང་བ། ཀུན་དང་མཐུན་ཞིང་ཚོད་འཛིན་མཁས་པ། བློ་རིག་རྣོ་ལ་ཅི་སྦྱངས་ཤེས་སླ་བ། སློབ་སྦྱོང་ལ་དོ་དབྱིངས་ཆེ་ཞིང་ཧུར་བརྩོན་ལྡན་པ། དུས་ཚོད་ཕལ་ཆེར་བློ་འཛིན་དང་དཔེ་ཀློག ནང་སྦྱོང་དང་ལས་བྱ་ཁོ་ནས་འདའ་བར་བྱེད་པའི་སློབ་ཕྲུག་གཤིས་བཟང་ཅན་ཞིག་རེད། དེ་ནི་དག་ཡིག་སུམ་རྟགས་སོགས་ཐུན་མོང་གི་རིག་གནས་སྤྱི་དང་ཁྱད་པར་དུ་དབྱིན་ཇི་དང་བོད་ཡིག་འབྲི་ཀློག་ནས་བཟུང་སྟེ་འབུད་བརྡུང་དཀྲོལ་གསུམ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་དག་ལའང་མཁས་པ་རེད། འཛིན་གྲོགས་ཁོང་ལ་དགེ་རྒན་ཀུན་ཀྱིས་སློབ་ཕྲུག་འདི་མ་འོངས་པར་མཁས་པ་ཆེན་པོ་ཞིག་ཆགས་ངེས་རེད་ཅེས་ཡང་ཡང་གསུངས་གནང་ཞིང་ལྷག་པར་དུ་ང་ཚོའི་འཛིན་གྲྭའི་རྒན་ལགས་ཀྱིས་རྒྱུན་པར་འཛིན་གྲྭའི་ནང་བཀའ་སློབ་ལམ་སྟོན་གནང་སྐབས་ཁྱེད་ཚོ་ཁོ་ལ་དཔེ་བལྟས་ཏེ་རང་དོན་རང་གཅེས་ཀྱིས་སློབ་སྦྱོང་བྱོས་དང་ཟེར་ནས་ཕྱག་མཛུབ་ཀྱིས་ལན་གྲངས་མང་པོ་ཁོང་ལ་སྟོན་མྱོང་ཡོད་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་གཏོར་མྱོང་ཡོད། མདོར་ན་འཛིན་གྲོགས་དེ་ནི་ནང་གི་ཡོན་ཏན་ཙམ་མིན་པར་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཕྱིའི་ཤེས་འཇོན་དང་། ཀུན་སྤྱོད་ཀྱིས་སྒོ་གསུམ་རབ་ཏུ་མཛེས་པར་བརྒྱན་པའི་འདབ་ཤོག་གཉིས་ལྡན་གྱི་མིག་དཔེར་འོས་པའི་སློབ་ཕྲུག་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན། སློབ་སྦྱོང་ལ་ཆོག་ཤེས་མེད་པའི་གྲོགས་པོ་དེ་ནི་ཟླ་རྒྱུགས་དང་ལོ་འཁོར་ཡིག་རྒྱུགས་ཆེན་མོར་རྒྱུན་པར་ཨང་རིམ་དང་པོ་དང་གཉིས་པ་གང་རུང་ལོན་ངེས་པ་རེད་ལ། དེ་ཡང་གློ་བུར་དུ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་པར་ཤེས་རབ་དང་བརྩོན་འགྲུས་ཟུང་འབྲེལ་ཐོག་རྒྱུན་དུ་སློབ་ཕྲུག་གཞན་དང་མི་འདྲ་བར་ཞོགས་སྔ་ལངས་དང་། མཚན་ཕྱི་ཉལ་བྱས་ཏེ་ཧུར་བརྩོན་མུ་མཐུད་ནས་གནང་བའི་ལག་རྗེས་སམ་འབྲས་བུ་གཡུར་དུ་ཟ་བ་ཡིན་པ་སྨོས་ཅི་དགོས། དྲང་པོ་བཤད་ན་སྔར་ང་རང་སློབ་གྲྭར་ཡོད་དུས་ཟླ་རྒྱུགས་དང་ལོ་འཁོར་ཡིག་རྒྱུགས་སྐབས་སུ་སློབ་ཚན་སྤྱི་དང་ཁྱད་པར་དུ་དབྱིན་ཇིའི་དྲི་བ་དྲི་ལན་མང་པོ་ཞིག་ཁོང་གི་རྩ་ནས་སྦྱངས་མྱོང་ཡོད་ལ་དེ་དང་བགྲོ་གླེང་ཡང་ལན་གྲངས་དུ་མ་བྱས་མྱོང་ཡོད། རིམ་བཞིན་རང་ཉིད་གཞི་རིམ་སློབ་གྲྭའི་འཛིན་རིམ་བརྒྱད་པ་མཐར་སོན་ཐུབ་པ་དེ་ཡང་ཁོང་གི་བདག་རྐྱེན་ལས་བྱུང་བ་ཡིན་པ་ཞེ་ཕུག་ནས་དུས་ནམ་ཡང་བརྗེད་མི་སྲིད།

གཉིས།

དེ་ལྟར་རྟག་བརྟན་མེད་པའི་དུས་ཚོད་ནི་རིམ་བཞིན་ལོ་དང་ཟླ་བ། ཞག་དང་ཆུ་ཚོད་བྱས་ཏེ་སུ་ཞིག་གིས་རྒྱབ་ནས་བདས་པ་ལྟ་བུ་སྒུག་ལོང་མེད་པར་བྲེལ་ཟིང་ངང་ཡོལ་དུས་ང་ཚོས་དེ་དང་འགྲན་གྱིན་ཁོ་དང་ལྷན་དུ་འཛིན་རིམ་བརྒྱད་པ་མཐར་ཕྱིན་པར་བྱས་ཏེ་གནམ་ཆོས་སྔོན་འགྲོའི་འབུམ་ལྔ་བསགས་སྦྱང་བྱས་ཤིང་དེའི་རྗེས་ཐོགས་ཉིད་ལ་སྔ་འགྱུར་མཐོ་སློབ་ཆེན་མོའི་སྔོན་འགྲོ་འཛིན་གྲྭར་འཛུལ་ནས་རབ་བྱུང་གི་སྡོམ་པ་ཡང་མཉམ་དུ་མནོས་ཏེ་སྡོམ་གྲོགས་སུ་གྱུར། དེ་ནས་རིམ་བཞིན་སྔོན་འགྲོ་འཛིན་གྲྭ་དང་། ལོ་རིམ་དང་པོ། གཉིས་པ་རྣམས་ཁ་དགེ་བཀྲ་ཤིས་ངང་ཡོལ་ནས་ལོ་རིམ་གསུམ་པའི་ལོ་མཇུག་ཏུ་ཉིན་ཞིག་ཁོང་གི་པ་ཕས་ཕ་ཡུལ་ནས་ཁ་པར་འབྱོར་ཏེ་སྐད་ངག་འཇམ་པོའི་ངང་། ཁྱོད་ཀྱི་གཅེན་པོ་ལྷག་པས་ན་ནིང་རང་མོས་ཀྱི་གནའ་མ་བསུས་ནས་བཟུང་ཨ་མ་ངེད་གཉིས་དང་ས་ཞིང་རྒྱུ་ནོར་ཡོངས་རྫོགས་བགོས་ཏེ་ལོགས་སུ་བསྡད་ཡོད་ཅིང་། ཁྱོད་ཀྱི་སྐལ་བར་ཐོབ་པའི་ཁང་མིག་གཉིས་དང་ས་ཞིང་རྒྱུ་ནོར་ཕྱེད་ཀ་དེ་གནས་སྐབས་རིང་ཨ་མ་ངེད་གཉིས་ཀྱི་མིང་ལ་བཞག་ཡོད། ད་ནི་ཁྱོད་ཀྱིས་སློབ་སྦྱོང་མཚམས་འཇོག་བྱས་ཏེ་ནང་དུ་ལོག་ནས་ངེད་རྒན་རྒོན་གཉིས་པོ་ལྟ་རྟོག་གམ་གསོ་སྐྱོང་བྱ་དགོས་རེད་ལ་ང་ཚོའི་བློ་གཏད་འགེལ་སའང་ཁྱོད་ལས་མེད། ཨ་མས་རྒྱུན་དུ་ཁྱོད་འགྲོ་སའི་ཀྱག་ཀྱོག་གི་ལམ་ཁར་བལྟས་ནས་ཚུར་འོང་བའི་རེ་སྒུག་ངང་ཉིན་ཞག་གི་ཕྲེང་རྡོག་རེ་རེ་བརྩི་བཞིན་ཁྱོད་ཉིད་འབོད་ཀྱིན་འདུག་ཟེར། ངེད་རྒན་རྒོན་གཉིས་པོ་ནི་ལོ་ན་ཆེ་དྲགས་ཤིང་དེའི་སྟེང་གྲོང་གསེབ་འདི་ན་འཕྲོད་བསྟེན་ཡག་པོ་མེད་པས་འབྱུང་བཞི་འཁྲུགས་པའི་རིམས་ནད་འདྲ་མིན་གྱིས་མནར་ནས་ཡུལ་མི་ཁྱིམ་མཚེས་གཞན་དང་མི་ལག་བཅུག་སྟེ་དཔུང་པ་མཉམ་གཤིབས་བྱས་ནས་ས་རྐོ་རྡོ་སློག་གི་ཞིང་ལས་ལ་སོགས་ལས་ཐུབ་ཀྱི་མི་འདུག་ཟེར། ཁྱོད་ཀྱིས་ཤེས་གསལ་ལྟར་ང་ཚོ་སོ་ནམ་པའི་འཚོ་བ་ནི་ཞིང་ཁར་བརྟེན་དགོས་པས་དེ་མེད་ན་ལྟོ་གོས་གློ་བུར་དུ་མཁའ་ནས་འབབ་རྒྱུ་ནི་མེད། ས་ལས་སྐྱེ་རྒྱུ་ནི་དེ་བས་ཀྱང་མེད། ཟས་མེད་ལྟོགས་པས་ནི་འཚོ་མི་ཐུབ། ཞིང་ལས་བྱེད་འདོད་ཡོད་ཀྱང་སྟོབས་དང་ནུས་ཤུགས་ཀྱིས་འཕོངས། ཨ་ཇོ་དང་སྲུ་མོ་ནི་ན་ནིང་ནས་ང་ཚོ་དང་ཁ་བྲལ་ཟིན། ཨ་མ་ངེད་གཉིས་ནི་ན་སོ་ཡོལ་ཞིང་གཟུགས་སྟོབས་ཉམས་ཏེ་མེ་ཏོག་འབྲས་བུས་སྟོངས་པའི་བེད་མེད་ལམ་ཟུར་གྱི་སྡོང་རྒན་ལྟ་བུར་གྱུར། ད་ནས་དུས་ཡུན་མི་རིང་བར་ཁྱོད་ཀྱི་སྐལ་བར་ཐོབ་པའི་ས་ཞིང་ཆུང་ངུ་དེ་ཡང་རྒོད་ལ་འཆོར་ཉེན་འདུག་པས། འ་ཆད་འུ་ཐུག་པའི་སྨྲེ་ངག་འདི་ཉིད་མི་འདོད་བཞིན་དུ་ཁྱོད་ཀྱི་རྣ་བའི་བུ་གར་ཤོར་ནས་ཐལ། ཁྱོད་རང་མནོ་བསམ་དྲུག་གསུམ་བཅོ་བརྒྱད་མི་གཏོང་བར་མགྱོགས་ནས་མྱུར་དུ་རང་ཡུལ་ལོག་སྟེ་ཅི་ནས་ཀྱང་ཁྱིམ་ཐབ་སྐྱོང་དགོས་རེད་ཅེས་སྨྲས་འདུག

ཡེ་ནས་ཉན་མི་འདོད་པའི་གནས་ཚུལ་དེ་ཉིད་ལག་ཐོག་ཁ་པར་བརྒྱུད་ནས་ཐད་ཀ་གྲོགས་རྙིང་ཁོའི་ཉན་བྱེད་དབང་པོའི་སྒོར་འཛུལ་མ་ཐག་ཤ་ཁྲག་ལས་གྲུབ་པའི་སྙིང་ཆུང་དམར་པོར་ཤིན་ཏུ་རྣོ་ངར་ཅན་གྱི་ལྕགས་ཕུར་ཟུར་གསུམ་གྱིས་བཙུགས་པ་ལྟ་བུ་བཟོད་དཀའ་བའི་ཟུག་རྔུའི་ཚོར་སྣང་སྐྱེན་པོ་ཞིག་སྟེར་བ་དང་ལྷན་དུ། ཤེས་བྱའི་སྤང་ཐང་ནས་སྣ་མང་དྲི་ཞིམ་གྱི་མེ་ཏོག་འཐུ་རྒྱུའི་དམིགས་ཡུལ་ཡང་དེ་མ་ཐག་ས་ཆེན་པོའི་རྡུལ་དང་ངོ་བོ་དབྱེར་མེད་དུ་གྱུར་ལ། མ་འོངས་ཕུགས་བསམ་གྱི་དབྱར་མཚོ་རྒྱས་བཞིན་པ་ཡང་གློ་བུར་དུ་ཤུལ་རྗེས་མེད་པར་གཏིང་ནས་སྐམ་ཞིང་ཅི་ཡང་བརྗོད་མི་ཤེས་པའི་བྱིས་པའི་ངག་ལྟར་ལྡབ་ལྡིབ་ཅན་དུ་གྱུར་སྐད་འདུག པ་ཕས་གོང་དུ་བཤད་མ་ཐག་པའི་སྐད་ཆ་དེ་དག་གནས་སྐབས་རིང་ཡལ་བར་དོར་ནས་དགོན་པར་རྒྱུན་ལྡན་གྱི་སློབ་སྦྱོང་ལ་འབད་པར་འདོད་མོད། ཁ་ཆེ་ཕ་ལུའི་བསླབ་བྱ་ལས།[3] གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས། །དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །ཉིན་མཚན་མེད་པར་ཕ་མའི་བཀའ་དང་བསྟུན། །སྔ་དགོང་མེད་པར་ཕ་མའི་ཞབས་ལ་བཏུད། །ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས། །སྙན་པོ་ཞུས་ནས་ཐུགས་སེམས་ཨེ་འགྲོ་ལྟོས། །ཡག་པོ་ཞུས་ནས་དགོངས་པ་ཨེ་སྤྲོ་ལྟོས། །ཕ་མ་མཉེས་ན་འདི་ཕྱི་གཉིས་ཡོད་རེད། །ཕ་མ་མ་མཉེས་འདི་ཕྱི་གཉིས་མེད་རེད། །ཕ་མ་ཡོད་དུས་བཀའ་དྲིན་མ་བསམ་པར། །མེད་དུས་འགྱོད་པ་སྐྱེས་པ་ཐ་མའི་ཐ། །འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། །ད་ལྟ་ས་སྟེང་འགྱོད་པ་དེ་ལས་མེད། །ད་ལྟར་ཕ་མ་འཛོམས་པའི་ཕྲུ་གུ་ཚོ། །གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཚུད། །ཅེས་གསུངས་པའི་དོན་རྣམས་ཉིན་མཚན་ཀུན་ཏུ་གཟུགས་མེད་ཀྱི་སེམས་ངོར་ཟོ་ཆུན་གྱི་འཁྱུད་མོ་བཞིན་ཡང་ནས་བསྐྱར་དུ་འཁོར་འོང་བས་ནུབ་ལ་ཉེ་བའི་ལ་ཁའི་ཉི་མ་དང་། རྟག་བརྟན་མེད་པའི་གཡང་ཁའི་རྐང་འཐུང་དང་མཚུངས་པའི་དྲིན་ཆེན་ཕ་མ་རྒན་རྒོན་གཉིས་པོའི་ཡ་ཐོད་གཉེར་མས་ཁེངས་པའི་བཞིན་རས་སྒོར་མོ་དེ་དངོས་ཤུགས་བརྒྱུད་གསུམ་ནས་བློ་ངོར་འཆར་བས། ཟླ་དགུ་མངལ་དུ་འཁུར། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཉིན་གྱི་བྱ་ར་བྱས། མཚན་གྱི་མེལ་ཚེ་བྱས། དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་རང་ཉིད་འཁྱགས་ལྟོགས་སྐོམ་གསུམ་ལ་མ་འཛེམས་པར་ཡོད་ཚད་ཕྲུ་གུའི་དོན་དུ་བློས་བཏང་ནས་ཉིན་མཚན་དུས་དྲུག་ཏུ་གསོ་སྐྱོང་གནང་བའི་བཀའ་དྲིན་དེ་དག་ལ་བསམ་གཞིག་བྱས་ཏེ་མི་འདོད་བཞིན་དུ་དཔལ་ན་ལེནྡྲ་གཉིས་པ་ལྟ་བུའི་མཐོ་སློབ་ཆེན་མོ་འདི་ནས་གྱེས་ཕྱག་འབུལ་དགོས་ཐུག་པ་དང་། དེ་དང་ལྷན་དུ་ལུས་ལས་རིན་ཆེན་དམར་སེར་གྱི་ན་བཟའ་ཡང་མི་འབུད་ཀ་མེད་བྱུང་བ་རེད།

གསུམ།

སྤྱིར་གྲོགས་རྙིང་ཁོའི་དམིགས་ཡུལ་ནི་ཁྱིམ་ཐབ་བྱ་རྒྱུ་མིན་པར་བཤད་གྲྭར་འཛུལ་ནས་རིམ་བཞིན་མཁན་པོ་ཐོན་ཏེ་རང་ཡུལ་ན་རྙེད་དཀའ་བའི་དམ་ཆོས་རིན་པོ་ཆེ་དེ་ཉིད་འཆད་ཉན་གྱི་ལམ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་སུ་གསང་སྔགས་སྔ་འགྱུར་བའི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་འདོད་ཡོད་པ་དང་། ཁྱད་པར་དུ་སྤྱོད་འཇུག་ལས།[4] སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་དམ་ཆོས་ཀྱི་བསིལ་བས་སྟོང་ཞིང་སྡུག་གསུམ་གྱི་ཚ་བས་མནར་བའི་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་ཡུལ་མི་ཉམ་ཐག་པ་རྣམས་ལ་དམ་ཆོས་ཀྱིས་མིག་དབང་འབྱེད་ཅིང་བླང་དོར་གྱི་ལམ་བཟང་ལ་བཀྲི་བར་འདོད་པ་ཡིན་འདུག་མོད། འོན་ཀྱང་འདོད་པ་ཐོག་ཏུ་མི་འབབ། མི་འདོད་ཐོག་ཏུ་འབབ་ཅེས་པ་ལྟར། སྟབས་མ་ལེགས་པ་ཞིག་ལ་གོང་དུ་ཨ་ཕས་སྨྲས་མ་ཐག་པའི་གཏམ་དེ་ཡིས་རང་གི་དམིགས་ཡུལ་ལམ་འཆར་གཞི་དེ་དག་གློ་བུར་དུ་རླུང་འཚུབ་དྲག་པོས་ཕྱོགས་ཀུན་ནས་བུས་པའི་ཤོག་ཧྲུལ་ལྟར་སྐད་ཅིག་དེ་ཉིད་ལ་རང་དབང་མེད་པར་གར་སོང་ཆ་མེད་དུ་གཏོར་བ་དང་ལྷན། སྙིང་རྗེ་མེད་པའི་གཟུགས་མེད་ཀྱི་ལས་དབང་བཙན་པོས་འཁོར་ལོ་གསུམ་གྱིས་དུས་འདའ་བར་བྱེད་པའི་ཉམ་ཆུང་གྲྭ་རྐྱང་གི་ལུས་ལས་རིན་ཆེན་དམར་སེར་གྱི་ན་བཟའ་བཤུས་ཤིང་། ལྷ་ཡུལ་ས་ལ་འཕོས་འདྲའི་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་འདི་ནས་མི་འདོད་བཞིན་དུ་མར་ལས་སྤུ་བཏོན་པ་ལྟར་ཁེར་རྐྱང་ལྟེ་ཁྲག་ཐོག་མར་འཐོར་ས་རང་ཡུལ་དུ་སློག་སྟངས་ནི། གསར་དུ་འབུས་བཞིན་པའི་མེ་ཏོག་སོ་མ་ཞིག་སད་དང་སེར་བ་འདྲེས་པའི་ཆར་རླུང་དྲག་པོས་རྨང་མེད་དུ་བཅོམ་པ་དང་གཉིས་སུ་མ་མཆིས།  ཀྱེ་མ། ཉམ་ཐག་པའི་སྦྲང་འབུ་ཞིག་ཉི་ཆར་རླུང་གསུམ་ལ་མ་འཛེམས་པར་རི་ཆུ་ལུང་གསུམ་བརྒལ་ནས་མེ་ཏོག་གི་ཐང་དཀྱིལ་དུ་འབྱོར་ཡང་ལས་ཀྱི་དབང་གིས་སྦྲང་རྩི་ལེན་པའི་སྐལ་བ་མེད་པར་ལག་སྟོང་རང་ཚང་དུ་ལོག་དགོས་བྱུང་བ་ནི་ཅི་འདྲའི་ཕངས་པ་ལ་ཨང་། བཅོ་ཐབས་བྲལ་བའི་ཁོང་ཚོའི་ཕ་ཡུལ་གྱི་ལུགས་སྲོལ་ལ་བུ་སྤུན་ཆེ་བ་རྣམས་ཀྱིས་བག་མ་བསུས་ནས་བཟུང་ནང་མི་གཞན་དང་རྒྱུ་ནོར་ས་ཞིང་ཡོད་དོ་ཅོག་སོ་སོར་བགོས་ཏེ་ཁྱིམ་ཐབ་ལོགས་སུ་སྐྱོང་སྲོལ་ཡོད་པ་དང་། མཐར་ཤུལ་དུ་ལུས་པའི་ཕ་མ་རྒན་རྒོན་གཉིས་པོ་ཅི་ནས་ཀྱང་སྤུན་ཆུང་དེས་གསོ་སྐྱོང་བྱེད་དགོས་ཡོད་པ་ཡོངས་གྲགས་ཡིན་པ་ལྟར་གྲོགས་རྙིང་དེ་ནི་ཁྱིམ་ཚང་དེའི་བུ་ཆུང་ཤོས་ཡིན་པས་རེད། གལ་ཏེ་ཁོས་ཕ་མ་གཉིས་པོ་གསོ་སྐྱོང་མ་བྱས་ན་ཡུལ་ལུང་དེར། ཧ་ཅང་ཐབས་སྐྱོ་པོ་དང་། འཇོན་ཐང་མེད་མཁན། ཕ་མར་བརྩི་བཀུར་མེད་པའི་ཕྲུ་གུ་ཐ་ཤལ་བའི་གྲལ་དུ་འཇོག་སྐད་འདུག་ལ། དེ་བཞིན་དུ་ཕ་མས་ཀྱང་རང་གི་བུ་ཕྲུག་དག་གི་སླད་དུ་རིགས་རུས་བཟང་བའི་ན་ཆུང་བརྟགས་ཤིང་དཔྱད་ནས་མནའ་མར་ལེན་དགོས་ཡོད་པ་ནི། ཉིད་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཆེ་ཤོས་ཡིན་པ་སྔར་ནས་བརྩི་སྲོལ་ཡོད་པ་ལྟར། དེང་སང་གི་དུས་སུའང་རྒྱུན་སྐྱོང་མ་ཉམས་པར་བྱེད་བཞིན་པ་རེད། སྤྱིར་ཤར་ཕྱོགས་པ་དང་དེའི་ནང་ནས་ཀྱང་ཧི་མ་ལ་ཡའི་ས་ཕྱོགས་ཕལ་མོ་ཆེར་བུས་བག་མ་བསུས་པའི་རྗེས་ཤུལ་དུ་ནང་མི་གཞན་དང་ཁ་བྲལ་ཏེ་ས་ཞིང་རྒྱུ་ནོར་ཡོངས་རྫོགས་དུམ་བུར་བགོས་ནས་བཟའ་ཚང་ལོགས་ལ་སྡོད་སྲོལ་ཡོད་[5]པ་དེང་སང་གི་དུས་སུའང་མངོན་གསལ་དོད་པོ་རེད་ལ་ཕལ་ཆེར་ནུབ་ཕྱོགས་སོགས་སུའང་དེ་ལྟར་ཡོད་སྙམ།

བཞི།

འཇམ་མགོན་བླ་མ་མི་ཕམ་པའི་བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་ལས།[6] ཅིས་ཀྱང་འདོད་པའི་ལྕགས་ཀྱུའི་དབང་སོང་ན། །བདེ་གཤེགས་བསླབ་པ་ཁྱད་དུ་མི་གསོད་པར། །ལེགས་པར་ཕུལ་ནས་རྫུན་མེད་དྲང་པོ་ཡིས། །དམན་ས་ཟུང་ལ་ཆོས་ལམ་མ་འགལ་ཅིག །ཅེས་གསུངས་པ་ལྟར། མཐར་གྲོགས་རྙིང་དེས་སྔར་མནོས་ཟིན་པའི་རབ་བྱུང་ངམ་དགེ་ཚུལ་གྱི་སྡོམ་པ་དེ་ཉིད་མ་ཉམས་མ་སྟོངས་པའི་སྔ་རོལ་དུ་བསྙེན་པར་རྫོགས་པའི་དགེ་སློང་ཡང་དག་པ་ཞིག་གི་མདུན་དུ་རྫུན་མེད་དྲང་པོས་ལེགས་པར་ཕུལ་ཅིང་བཤགས་པ་བྱས་པའི་ཤུལ་དུ། ལུས་ལས་དམར་སེར་གྱི་གྲྭ་ཆས་ཕུད་ནས་རང་དང་ན་ཚོད་མཉམ་པའི་ཆོས་སེམས་ཅན་གྱི་བློ་མཐུན་གྱི་མཛའ་གྲོགས་ཤིག་མནའ་མར་བསུས་ཏེ་ཁྱིམ་ཐབ་ཀྱི་འཚོ་བ་གསར་པ་ཞིག་སྐྱོང་འགོ་བཙུགས་ཡོད་པ་དང་། དེའི་ལོ་མཇུག་ཏུ་སླར་ཡང་བླ་མ་ཆེ་གེ་མོ་ཞིག་གི་མདུན་ནས་བར་མ་རབ་བྱུང་གི་སྡོམ་པ་མནོས་ཏེ་བསྲུང་བྱ་རྣམས་ཚུལ་བཞིན་དུ་སྲུང་བཞིན་རྒྱུན་པར་ཞོགས་པ་སྔ་མོར་ལངས་ནས་སྔར་གྱི་གཟན་ཤམ་གྱོན་ཏེ། མཆོད་གཤོམ་ལ་ཕྱག་གསུམ་བཙལ་ནས་བསང་སྤོས་བདུག་ཅིང་མཆོད་པ་ཕུལ་ཏེ་ཁ་འདོན་རྣམས་ཁམས་གཙང་གྲུབ་པའི་རྗེས་སུ་གྲྭ་ཆས་སླར་ཕུད་དེ་ལྟེབ་ཚིགས་ལེགས་པར་བརྒྱབས་ཤིང་སྔས་མགོར་བཞག་ནས་དུས་རྒྱུན་གྱི་ལས་ཀར་ཆས་ཀྱིན་ཡོད་ཟེར། དེ་འདྲ་བྱས་ན་གནས་སྐབས་ཚེ་འདི་ལ་ནད་མི་ཡོང་བ་དང་བསམ་དོན་མྱུར་དུ་གྲུབ་ཅིང་བྱ་བ་ལམ་འགྲོ་འོང་བ་སོགས་ཕན་རླབས་ཆེན་པོ་ཡོད་པའི་ཚོར་སྣང་ཡོང་གི་འདུག་ཟེར། ད་དུང་རྒྱུན་དུ་ཚེས་བཅུ་ཉེར་ལྔ་སོགས་དུས་བཟང་ཁྱད་པར་ཅན་དག་ལ་ཡུལ་སྤྱིའི་དགོན་པར་གྲོང་པའི་བླ་རྒན་རྣམས་དང་ལྷན་དུ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་བསྲངས་ཏེ་ཚོགས་འཁོར་འབུལ་བ་དང་ཞར་དང་ཞོར་ལ་ཡུལ་མིའི་སླད་དུ་བཀའ་སྐུ་རིམ་སོགས་ཀྱང་བྱེད་ཀྱི་ཡོད་ཟེར། མདོར་ན་གྲོགས་རྙིང་ཁོང་ནིི་གྲོང་མི་ཁྱིམ་མཚེས་རྣམས་དང་ཆེས་མཐུན་སླ་ཞིང་སྐྱ་སར་བབས་ནའང་ཀུན་སློང་དང་ཀུན་སྤྱོད་དག་སྔར་ལས་མ་འདས་པ་རེད་ལ། དཔེར་ན་དབྱིབས་གཟུགས་གྲུ་བཞི་མ་ཞིག་ས་ཆ་གང་དུ་བཞག་ཀྱང་ཆགས་སླ་བ་ལྟར་གྲྭ་ཟུར་ཁོང་ཡང་ས་ཕྱོགས་གང་དུ་བུད་ནའང་ས་གནས་དེའི་འགྲོ་ལུགས་དང་མཐུན་པ་ལས་དེ་དང་རྒྱབ་འགལ་གྱི་བྱ་བ་ཕལ་ཆེར་མི་བྱེད་མཁན་ཞིག་རེད། དྲང་པོ་བཤད་ན་དེང་སང་གི་དུས་སུ་རྐང་གཉིས་ཕལ་ཆེར་དགྲ་འདུལ་གཉེན་སྐྱོང་། རྒྱུ་ནོར་གསོག་འཇོག གཏམ་སྙན་གྲགས། ཐོབ་གོ་ས། ཕྱོགས་རིས་ཆགས་སྡང་། རང་རྒྱལ་གཞན་ཕམ་སོགས་ཀྱི་ལས་ལ་འབུངས་པ་ཤ་སྟག་ལས་གྲོགས་རྙིང་དེ་དང་མཚུངས་པ་ཕལ་ཆེར་དཀོན་པོ་རེད་བཤད་ཀྱང་མི་ཆོག་པ་མེད་སྙམ།

ལྔ།

དེ་ནས་ཁོང་གིས་སྔར་རང་ཉིད་གྲྭ་སར་ཞུགས་ཏེ་ནང་ཆོས་ལ་བསླབ་པ་སློབ་གཉེར་བ་གཤའ་མ་ཞིག་བྱ་འདོད་ཡོད་ཀྱང་ཚེ་སྔོན་ལས་མ་བསགས་པ་དང་ད་ལྟའི་བསོད་ནམས་མ་འདང་བའི་རྐྱེན་སྣ་ཚོགས་ཀྱིས་མི་རིང་བར་སྐྱ་སར་འབབ་དགོས་ཐུག་ཚུལ་སྐོར་བློ་ཕམ་ཆེན་པོས་ངང་བཤད་རྗེས་མཐར་རེ་སྐུལ་ཞིག་བྱས་བྱུང་། དེ་ནི་དེང་སང་ཁོང་ཚོའི་གྲོང་གསེབ་ན་ནང་ཆོས་སྤུས་དག་པོ་ཞིག་ངོ་སྤྲོད་གནང་མཁན་གྱི་བླ་མ་ཚད་ལྡན་ཞིག་མེད་པས་མི་རབས་གསར་པ་མང་པོ་ཞིག་གིས་རིམ་བཞིན་སྔར་གྱི་མེས་པོའི་ཆོས་ལུགས་གཡའ་མ་འགོས་པ་དེ་ཉིད་ཡ་མེད་བཏང་ནས་ཕྱི་རོལ་མུ་སྟེགས་སོགས་ཀྱི་ཆོས་སྒོར་ཞུགས་དང་འཇུག་བཞིན་པ་འདྲེན་བྱེད་དབང་པོས་མངོན་སུམ་དུ་རིག་དུས། སེམས་ཀྱིས་མ་བཟོད་དེ་ལྷག་བསམ་རྣམ་དག་གི་སྒོ་ནས་ནང་ཆོས་ཀྱི་ངོ་སྤྲོད་ཐོར་བུ་རེ་བྱེད་ཁུལ་བྱས་ཀྱང་སྐྱ་སར་བབས་པའི་མི་བུ་ཞིག་གི་སྐད་ངག་ལ་ནུས་པ་དེ་ཙམ་མེད་ཚུལ་དང་། གཞན་གྱིས་ཆ་འཇོག་ཀྱང་དེ་ཙམ་མི་བྱེད་པས་ཡང་དག་པའི་གྲུབ་འབྲས་ཐོན་དཀའ་བ་ཡིན་པ་ཤེས། ལྷག་པར་དུ་དེང་སང་གྲོང་གསེབ་སྐྱོ་པོ་དེ་དང་དེ་འདྲ་བའི་ནང་ཕྱི་རོལ་པའི་ཆོས་པ་འབྱོར་ལྡན་དག་བཙན་འཛུལ་བྱས་ཏེ་རིམ་བཞིན་སློབ་གྲྭ་བཙུགས་ནས་གཞོན་སྐྱེས་རྣམས་རིན་མེད་དུ་སློབ་གྲྭར་བཏང་སྟེ་ཤེས་ཡོན་དང་སློབ་གསོ་སྟེར་བའི་རྣམ་པས་ཆོས་ལུགས་བསྒྱུར་དང་སྒྱུར་བཞིན་པའི་རྐྱེན་གྱིས། ཕྲུ་གུ་དང་ཕ་མ་ཕན་ཚུན་ཆོས་ལུགས་མ་མཐུན་ནས་འགལ་ཟླར་གྱུར་ཏེ་འཁྲུག་ལོང་འབྱུང་བ་སོགས་ལོ་ལྟར་ཇེ་མང་ནས་ཇེ་མང་འཕེལ་བཞིན་པས། ཆུ་མ་ཡོང་སྔོན་དུ་ཆུ་རགས་དང་། ནད་མ་ཡོང་སྔོན་ལ་བཟློག་པ་ཟེར་བའི་དཔེ་ལྟར་གྲོགས་པོ་ཁོང་གི་ནང་མིར་གནས་ཚུལ་དེ་འདྲ་མི་འོང་བའི་སླད་དུ། ད་ལྟ་ཁོང་ལ་རང་གི་སྙིང་དང་མཚུངས་པའི་གཅེས་ཕྲུག་གཉིས་ཡོད་པ་དེ་གནས་སྐབས་རིང་ཕྱིའི་སློབ་གྲྭར་བཏང་ཡོད་པ་དང་། ལོ་ཤས་ཀྱི་མཇུག་ཏུ་བུ་ཆེ་བ་དོན་གྲུབ་ཟེར་བ་དེ་ནང་ཆོས་ལ་བསླབ་པ་སློབ་གཉེར་བ་ཚད་ལྡན་འོང་བའི་སླད་དུ་དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་འདིར་གཏང་རྒྱུ་ཡིན་ཟེར། མི་རིང་བར་ཕྲུ་གུ་དེ་དགོན་པར་འབྱོར་རྗེས་ང་ལ་ལྟ་སྐྱོང་ལེགས་པར་བྱ་དགོས་ཚུལ་སྐོར་རེ་བ་ནན་ཏན་བཅོལ་བྱུང་། དེ་དུས་བུ་དེར་རང་དབང་གིས་ཆོས་མགོ་ཐོན་དུ་འཇུག་རྒྱུ་ལས་ད་ལྟའི་ཁོ་བཞིན་ཕ་མ་དང་ནང་མིའི་བར་ཆད་ཀྱི་དབང་དུ་མི་གཏོང་བ་དང་། སླད་མར་བུ་དེས་ནང་ཆོས་ལ་ཐོས་བསམ་དཔྱིས་ཕྱིན་པ་ཞིག་བྱས་ནས་སླར་གྲོང་གསེབ་དེའི་གྲོང་མི་རྣམས་ལ་དམ་པའི་ཆོས་ངོ་སྤྲོད་བྱས་ཏེ་རྒྱལ་བསྟན་དགུང་དུ་བསྒྲེང་ཐུབ་ན་གྲོགས་པོ་ཁོའི་བསམ་དོན་གྲུབ་པ་ཡིན་ཟེར། ངའི་བསམ་པར་གྲོགས་པོ་དེས་དམིགས་ཡུལ་རྒྱ་ཆེ་བ་དེ་འདྲ་ཁུར་ནས་ཤེས་འཇོན་གྱི་ན་སོ་མ་སྨིན་ཞིང་ཀུན་སྤྱོད་ཀྱི་དྲི་བཟང་མ་འགོས་པའི་བླུན་རྒན་ང་ལྟ་བུ་ཞིག་ལ། ཡིད་ཆེས་ཀྱིས་བློ་གཏད་གཏིང་ནས་བཀལ་ཏེ་ཉིད་ཀྱི་སྙིང་ལས་ལྷག་པའི་གཅེས་ཕྲུག་དེ་ཉིད་མ་འོངས་པའི་མདུན་ལམ་འཚོལ་ཕྱིར་ལེ་དབར་མང་པོས་བར་ཆོད་པའི་རྒྱ་གར་རྒྱ་མཚོའི་ངོགས་སུ་གཏོང་འདོད་ཀྱི་འདུན་པ་ཡོད་ན། བླ་མའི་བཀའ་དྲིན་ལ་བརྟེན་ནས་དགོན་པ་འདིར་དགེ་རྒན་དང་སློབ་སྦྱོང་། སྡོད་གནས་དང་ཟ་འཐུང་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་གང་ལ་ཅི་མཁོ་འཛོམས་ཡོད་པས་ཞར་དང་ཞོར་ལ་ལྟ་རྟོག་དང་ཡི་གེ་འབྲི་ཀློག་སོགས་སློབ་གསོ་ཕྲན་བུ་རེ་བྱེད་མི་ཐུབ་པ་ཅི་ཡོད་སྙམ་ནས་སེམས་ཤུགས་ངང་གིས་འཕར་ཏེ་ལམ་སང་ལོས་ལོས། ཡིན་དང་ཡིན་ཟེར་ནས་ཁས་ལེན་བགྱིས་པ་ཡིན།

དྲུག

ད་དུང་སེམས་སྐྱོ་བ་ཞིག་ལ་གྲོགས་རྙིང་དེ་རང་མགོ་ཐོན་ལ་ཉེ་སྐབས་སྔར་ཁོང་གི་པ་ཕས་ཆང་རག་འཐུང་ཡ་མང་དྲགས་པའི་རྐྱེན་གྱིས་འདི་ནས་བརྩིས་ཏེ་ཟླ་བ་བརྒྱད་དགུ་ལྷག་གི་སྔོན་དུ་སླར་ཡང་གློ་བའི་ནད་གཞི་ལྕི་མོ་ཞིག་ཐེབས་ནས་སྨན་ཁང་ཁྲིད་དེ་གཤགས་བཅོས་བཏང་ཞིང་ཐབས་སྣ་ཚོགས་ཀྱིས་རིམ་གྲོ་འདྲ་མིན་བྱས་ཀྱང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའི་མགྲོན་ཤོག་ལ་ལྡོག་ཐབས་བྲལ་བས་རང་དབང་གིས་སྡོད་ལོང་མེད་པར་བྲེལ་ཟིང་ངང་ཕྱི་མའི་ལྔ་ལམ་དུ་ཕྱིན་ཡོད་པ་དང་། དེའི་རྗེས་ཐོགས་ཉིད་ནས་ནང་མིའི་འགན་འཁྲི་ཡོངས་རྫོགས་སྟབས་ཅིག་ཏུ་ཁོའི་མགོར་ཁེལ་ཡོད་པས། བསམ་ཡུལ་ལས་འདས་པའི་དཀའ་ཚེགས་མང་པོ་ཞིག་དང་དངོས་སུ་གདོང་ལེན་བྱེད་དགོས་ཐུག་སྐབས་སེམས་ཁྲལ་གང་གིས་ཀྱང་མ་བཅིངས་ཤིང་མི་ཚེ་ཆོས་ལ་བསྐུར་བའི་སྔར་གྲྭ་རྐྱང་གི་འཚོ་བ་རོལ་སྟངས་དེ་དག་དྲན་གྱིན་མིག་ཟུང་ནས་མཆི་མ་ལན་གྲངས་མི་ཉུང་བ་ཞིག་བཏང་མྱོང་ཡོད་ཟེར། ཁྱད་པར་དུ་རང་ཉིད་སྐྱ་སར་བབས་པའི་ལོ་ཤས་རིང་ཡུལ་ལུང་གི་འགྲོ་ལུགས་དང་ཞིང་ཁའི་ལས་ཀ་བྱེད་སྟངས་སོགས་ལ་ཉམས་མྱོང་གི་ན་སོ་མ་སྨིན་པས་ཕ་མ་གཉིས་ལས་བཀའ་སྐྱོན་མང་པོ་བཟེད་མྱོང་ཡོད་པ་དང་། ལས་རོགས་ཡུལ་མི་གཞན་ལས་འཕྱ་སྨོད་དང་དམའ་འབེབས་ཀྱི་ཚིག་རྩུབ་མི་ཉུང་བ་ཞིག་ཀྱང་ཉོས་མྱོང་ཡོད་སྐད་འདུག གནས་ཚུལ་དེ་དག་དང་འགྲོགས་སྐབས་མཚམས་རེར་སེམས་སྡུག་ངང་གྲོད་ཁོག་ལྟོགས་པར་ཉལ་ནས་བསྡད་མྱོང་ཡོད་ཟེར། དེ་དུས་བསབ་ཐབས་བྲལ་བའི་དགོན་པའི་བཀའ་དྲིན་དང་། འཆམ་མཐུན་གྱི་འཛིན་གྲོགས། དྲིན་ཆེ་བའི་བཤེས་གཉེན་དག་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་པའི་ཀློང་ན་ཤར་འོང་བས་སླར་ཡང་དགོན་འདིར་བྲོས་འབྱོལ་དུ་ཡོང་འདོད་ལན་གྲངས་དུ་མ་བྱས་སྐད་འདུག ཡང་གྲོགས་པོ་འགའ་ཞིག་གི་ཁ་ལ་ཉན་ཏེ་ཕྱི་རྒྱལ་ཁག་ཏུ་སྒོར་མོ་གསོག་ཕྱིར་འགྲོ་འདོད་ཀྱི་བསམ་མནོ་ཡང་འཁོར་མྱོང་ཡོད་ཟེར། འོན་ཀྱང་ཤུལ་དུ་ལུས་པའི་དབུ་སྐྲ་དུང་ལྟར་དཀར་ལ་བྱད་བཞིན་གཉེར་མས་གཡོགས་པའི་ཕ་མ་རྒན་རྒོན་གཉིས་པོ་ཡལ་བར་འདོར་མ་ཕོད་ནས་ཨུ་ཚུགས་ཀྱིས་རང་གནས་སུ་བསྡད་དེ་གང་ཐུབ་ཅི་ཐུབ་ཀྱིས་ཕ་མའི་ཞབས་ཏོག་ཞུས་པ་ཡིན་ཟེར་གྱི་འདུག

ཀྱེ་མ་ཡུན་རིང་རྗེས་སུ་ཐུག་འཕྲད་བྱུང་བའི་སེམས་མཐུན་གྱི་གྲོགས་པོ་དེ་ཉིད་དཀའ་ངལ་གྱི་དོང་རིང་ནང་ལྷུང་བ་ཐོས་མ་ཐག རང་ཡུལ་དང་ས་ཐག་རིང་མོར་གནས་པའི་གྲྭ་རྐྱང་ངས་འདི་ནས་སེམས་གསོའི་ཚུལ་དུ་གོ་རྒྱུ་མེད་པའི་ཚིག་ཉོག་འགའ་ཞིག་དེའི་རྣ་བར་བྱོ་བ་དང་། ཕྱིན་ཆད་དེ་ལྟར་མི་འོང་བའི་སླད་དུ་ལྷ་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་གདབ་རྒྱུ་ལས་གཞན་རྒྱུ་དཔལ་འབྱོར་སོགས་ཀྱིས་རམ་འདེགས་བྱེད་ཐབས་ནི་བྲལ། མདོར་ན་དེ་ལྟར་ལོ་མང་རྗེས་སུ་ཐུག་འཕྲད་བྱུང་བའི་གྲོགས་རྙིང་དེ་དང་དགའ་སྐྱོ་འདྲེས་མའི་གླེང་མོལ་བྱེད་ཀྱིན་གུ་རུ་ཀུལ་འདས་ཏེ་བཀྲ་ཤིས་ལྷུན་པོའི་སྒོ་རྩ་ནས་གཞིས་གྲོང་གཉིས་པ་དང་གསུམ་པའི་དབར་གྱི་གཞུང་ལམ་གསུམ་མདོ་རུ་སླེབས་སྐབས། ལག་ཐོག་ཁ་པར་གྱི་གློག་རྫས་རྫོགས་ཏེ་རེ་ཞིག་ཁ་བརྡ་མཚམས་འཇོག་བྱ་དགོས་ཐུག དེ་ནི་ཁ་རྩང་རེས་གཟའ་སྤེན་པའི་དགོང་མོར་མཚན་ཕྱི་བོ་བར་ཁ་པར་བཀོལ་སྤྱོད་བཏང་ཞིང་མཐར་གློག་རྫས་བསག་རྒྱུ་བརྗེད་ནས་ལམ་སང་གཉིད་དུ་ཡུར་བའི་ལག་རྗེས་རེད། ང་དང་ལྷན་དུ་ཡོད་པའི་འཛིན་གྲོགས་དེའི་དཔྲལ་བའི་གཉེར་རིས་ཐམས་ཅད་སྨིན་མཚམས་སུ་བསྡུས་ཤིང་ཉོབ་སྣང་དང་བཅས་ཏེ་སྡང་མིག་གིས་ངའི་ངོ་གདོང་ལ་ཡོངས་སུ་ཅེར་ནས་ཧ་ལས་ལས་ངང་“སྐད་ཆ་རྫོགས་རྒྱུ་མེད་པ་ཅི་རེད། ཁོ་སུ་རེད་དམ། དེས་ག་རེ་ལབ་ཀྱི་འདུག་”ཟེར་ནས་དྲི་བ་མང་པོ་ཞིག་དྲིས་ཡོང་གི་འདུག དེ་ཙམ་ག་ལ་ཚད་ཡ། ད་དུང་ཤུབ་སྒྲའི་ལམ་ནས་“ཇོ་བོ་རིན་པོ་དེ་རིང་ཡིན་ན་མི་དེས་དཔེ་ཉོབ་བཅུག་བྱུང་”ཞེས་དང་། “འདི་ཕྱོགས་སུ་མ་བསླེབས་ན་ཏག་ཏག་ཡིན་”ཟེར་ནས་ལག་གཡོན་གྱིས་ཁ་པར་བཙིར་ཏེ་གཡས་པའི་མཛུབ་མོས་མདུན་ཤེལ་སྟེང་ཡར་འཐེན་མར་འདྲུད་བྱེད་ཀྱིན་མཆུ་ཟུང་ཅུང་ཟད་འགུལ་བའི་རྣམ་པ་དང་བཅས་ཏེ་ཆིག་ལབ་རྒྱག་གིན་གདའ། དེ་ནས་འཛིན་གྲོགས་དེ་ལ་དུས་ཡུད་ཙམ་ཞིག་ནས་གྲོགས་རྙིང་དེས་བཤད་མ་ཐག་པའི་མངར་སྐྱུར་འདྲེས་མའི་གཏམ་རྒྱུད་དེ་ཚོ་ཞིབ་མོར་སྨྲས་པས། “སྙིང་རྗེ། བླ་མ་མཁྱེན། མི་དེ་ལ་དཀའ་ལས་སྐྲག་མོ་ཕྲད་ཡོད་ས་རེད་བ་”ཟེར་ནས་སྙིང་རྗེ་མདོག་གི་རྣམ་པ་སྟོན་འོང་གིན་འདུག དེ་ལྟར་འཛིན་གྲོགས་ངེད་གཉིས་ཀྱི་སྐད་ཆ་ཤོད་ཀྱིན་ཤོད་ཀྱིན་རང་དགོན་གྱི་ཉེ་འདབས་སུ་ལྕགས་ཀྲིན་དང་འགྱིག་ཤོག་སོགས་ལས་གྲུབ་པའི་ཁང་མིག་ཆུང་ངུའི་ནང་། ཤིང་ཏོག་རིགས་སྣ་འཇོམས་ཡོད་པའི་རྒྱ་གར་བའི་ཚོང་ཁང་ཞིག་ན་ངལ་གསོ་བརྒྱབས་ཏེ་བེ་ཏའི་ཆུ་མངར་རེ་རེ་ཉོས་ཤིང་བཏུངས་པའི་རྗེས་མཐར་རང་རང་གི་སྡོད་གནས་སུ་གྱེས་པའོ།།

བདུན།

མདོར་ན་ཐོས་བསམ་ལ་དོ་དབྱིངས་ཆེ་ཞིང་བརྩོན་འགྲུས་དང་ཤེས་རབ་གཉིས་ཀ་ལྡན་པའི་གྲྭ་རྐྱང་ཞིག ནང་མིའི་རྐྱེན་སྣ་ཚོགས་ཀྱི་དབང་གིས་མ་འོངས་དམིགས་པའི་ཡུལ་གྱི་ཁུར་ཆེན་རྒྱབ་ཏུ་བསྐྱུར་ཏེ་མི་འདོད་བཞིན་དུ་ཆོས་གླིང་ཆེན་མོ་འདི་ཉིད་དང་ཁ་གྱེས་ནས་སྐྱ་སར་བབས་ཏེ་ཁྱིམ་ཐབ་སྐྱོང་དགོས་ཐུག་ཚུལ་དང་། དེའི་རྗེས་ཐོགས་སུ་རང་གི་མི་ཚེར་མྱངས་དང་མྱོང་བཞིན་པའི་དཀའ་ངལ་ཆེ་ཕྲ་འདྲ་མིན་གདོང་ལེན་བྱས་ཏེ་འཚོ་བ་གསར་པ་ཞིག་འགོ་བཙུགས་ཡོད་ཚུལ་དང་། ད་དུང་ཉིད་ཀྱི་སྙིང་ལས་གཅེས་པའི་བུ་ཕྲུག་གཉིས་ལས་ཆེ་བ་དོན་གྲུབ་ཟེར་བ་དེ་རང་གཞན་གཉིས་ཀའི་དོན་དུ་དགོན་པ་འདིར་སློབ་སྦྱོང་བྱ་ཕྱིར་གཏོང་འདོད་ཡོད་པ་སོགས་ཀྱི་སྐོར་ལ་དོ་བདག་རང་ཉིད་ཀྱིས་ཇི་སྐད་བཤད་པ་ལས་དེ་དག་ཐམས་ཅད་འདི་ནས་འབྲི་ཡང་མི་ནུས་ལ། བྲིས་ཀྱང་དམིགས་བསལ་ཕན་པ་དང་དགོས་པ་དེ་ཙམ་མ་མཐོང་བས་ཚིག་གནད་འགའ་ཞིག་ཟུར་དུ་བཏོན་ཏེ་སྙན་འཇེབས་ཀྱི་ཚིག་དང་མངོན་བརྗོད་ཀྱི་རྒྱན། བརྡ་དག་གི་འགྲོས་དང་སྡེབ་སྦྱོར་གྱི་ཕྲད་སོགས་ཀྱིས་དབུལ་བའི་ཚིག་ཚོགས་ཀྱི་ཕུང་པོ་ནར་མོའི་ལམ་ནས་གོང་འོག་གི་གོ་རིམ་ལ་མ་ལྟོས་པར་འདི་ནས་བྲིས་ཁུལ་བྱས་པའོ།།


[1] རང་དགོན་གྱི་ཤར་ཕྱོགས་སུ་སྤྱི་ལེ་གཅིག་ལྷག་གི་ས་ཆར་ Nalanda Gurukul Intetnational Public School ཞེས་པའི་རྒྱ་གར་གྱི་སློབ་ཆེན་ཞིག་ཡོད་པ་དེའི་མིང་ས་ཆར་ཐོགས་པ་ཡིན་སྙམ།

[2] རང་དགོན་གྱི་ཉེ་འདབས་སུ་རྐང་རྩེ་པོ་ལོ་རྩེད་ཐང་ཆེན་པོ་ཞིག་ཡོད་པ་དེའི་གམ་དུ་ཨར་འདམ་ལས་གྲུབ་པའི་བ་ར་ནར་མོ་ཞིག་ཡོད་པས་རྩེད་ཐང་དེའི་མིང་ལ་ཡང་བ་ཁང་ཞེས་ཐོགས་པ་ཡིན་སྙམ།

[3] ནང་བསྟན་དཔེ་ཚོགས། MW8C290 ཤོག་ངོས་ ༢༥ པར་གསལ།

[4] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། དེབ་གཟུགས། ཤོག་ངོས་ ༠༥ པར་གསལ།

[5] འདི་ནས་ནང་མི་དང་ཁ་གྱེས་ཏེ་སོ་སོར་གནས་ཞེས་པའི་དོན་ནི་རྦད་དེ་དེ་དང་འབྲེལ་འདྲིས་གཅོད་པའི་དོན་མ་ཡིན་ཡང་ས་ཞིང་རྒྱུ་ནོར་ཡོད་དོ་ཅོག་སོ་སོར་བགོས་ཏེ་རང་རང་གི་འཚོ་བ་གསར་པ་ཞིག་རོལ་བ་ལ་གོའᨖ།།

[6] ཡེ་ཤེས་སྡེའི་པར་མ། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་བཀའ་འབུམ། དེབ་ཕྲེང་ ༣༡ ཤོག་ངོས་ ༡༤༨ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།