མིག་ཆུས་སླར་ཡང་ཁྱེད་ཞལ་འཚོལ་བ།

ལོ་རིམ་དྲུག་པའི་སློབ་གཉེར་བ། བསོད་ནམས་ཆོས་འཕེལ།

འཁུར་དཀའི་ན་ཟུག་ལྕི་བོ་ཡུན་རིང་དུ་ཁུར་ཏེ།།
བཀག་ཀྱང་དབང་མེད་དྲན་པའི་མིག་ཆུ་འདི་བཞུར་དུས།།
ང་དང་མིག་ཆུའི་བར་གྱི་གསང་གཏམ་གྱི་རི་མོ།།
ཁྱེད་རང་དྲན་པའི་སེམས་ཚོར་ཡིག་ཐོག་ཏུ་བཀོད་ན།།

དྲན་པའི་མིག་ཆུས་ཁྱེད་ཀྱི་འཛུམ་ཞལ་འདི་བཙལ་ཀྱང་།།
རེ་བ་དགུང་གི་འཇའ་ཚོན་མཁའ་དབྱིངས་སུ་ཡལ་ཏེ།།
ལོ་གསུམ་ལོ་དྲུག་བསྒུགས་པའི་རེ་སྒུག་གི་མེ་ཏོག།
ངང་གིས་སྐམ་པའི་སྐྱོ་སྣང་བཟོད་པ་རེ་དཀའ་སོང་།།

སྙིང་ཁོང་དཀྱིལ་ནས་དྲན་གཏམ་ཡར་ཡར་རང་འཐོན་ཚེ།།
ས་མཐར་དབང་མེད་མཆི་མ་མར་མར་རང་ཤོར་སོང་།།
མཛེས་མཛེས་ལྟ་ན་སྡུག་པའི་འཛུམ་ཞལ་རང་དྲན་ཚེ།།
དགའ་སྐྱོ་འདྲེས་མའི་ཚོར་སྣང་ཡང་ཡང་རང་ཤར་གྱི།།

ལྗོན་ཤིང་རྩེ་རུ་བྱ་ཚོགས་གླུ་དབྱངས་ལ་ངོམ་བཞིན།།
སྔོ་ལྗང་སྤང་དུ་ཤྭ་བ་རྩྭ་ཆུ་ལ་རོལ་ཏེ།།
སོ་སོའི་དགའ་ཉམས་སྐྱོང་བའི་དགའ་སྟོན་རེ་བསུས་ཚེ།།
གཅིག་པུ་ཟུག་ངུའི་ངང་ནས་སྐྱོ་ཉམས་རེ་ཤར་སོང་།།

ནང་གི་སྙིང་གཏམ་ནང་ལ་ཡུན་རིང་དུ་ལུས་ཚེ།།
ཕྱི་ནས་འཛུམ་དང་དགོད་བྲོའི་སྤྱོད་ཚུལ་འདི་བསྟན་ཀྱང་།།
བཅོས་མིན་རང་བཞིན་ནང་གི་སྐྱོ་ཉམས་ཀྱི་སྣང་བ།།
བཅོས་མའི་ཐབས་ཀྱིས་ནམ་ཡང་བཟློག་ཐབས་དེ་མི་འདུག

ན་ཟུག་མདའ་མོས་སེམས་ལ་རྨ་ཁ་འདི་བཟོས་ཀྱང་།།
ད་དུང་ལོ་ཟླའི་རྒྱབ་ནས་རེ་སེམས་ཤིག་བཅོལ་ཏེ།།
ན་ཟུག་སྡུག་བསྔལ་སེལ་བའི་སྨན་ཆེན་ལ་བསྒུགས་ཀྱང་།།
རེ་བའི་རྨི་ལམ་ཙམ་གྱི་རང་བཞིན་ལས་མི་འདུག།།

མིག་ཆུའི་ཐིགས་པ་རེ་རེའི་དྲན་སྣང་གི་མྱོང་ཚོར།།
དེབ་ཤོག་སྟེང་དུ་བཀོད་ནས་ཤོག་བུ་འདི་རྫོགས་ཀྱང་།།
མ་རྫོགས་ནང་གི་གསང་གཏམ་སྙིང་ཁོང་ན་ལུས་ཚེ།།
མིག་ཆུའི་ཕྲེང་ཐག་ཆད་པའི་དུས་སྐབས་ཤིག་མི་འདུག།།

མི་དྲན་བསམ་པའི་བློ་ཡིས་རྒྱང་རིང་དུ་བསྐུར་ཀྱང་།།
གོམས་པའི་བག་ཆགས་སེམས་སུ་ཡུན་རིང་དུ་འདྲིས་ཚེ།།
སེམས་ཀྱི་མི་དེ་ཡིད་ལ་བརྒྱ་སྟོང་དུ་འཁོར་བ།།
བཟློག་མེད་ལས་ཀྱིས་བསྐོས་པའི་འབྲས་བུ་ཞིག་མིན་ནམ།།

བཀོད་གཟུགས་ལེགས་པའི་གྱང་རིས་ཇི་ཙམ་ཞིག་མཛེས་རུང་།།
བསམ་ན་མི་བརྟན་འགྱུར་བའི་རང་བཞིན་ལས་མེད་ཀྱང་།།
འགྱུར་མེད་རྡོ་རུ་བརྐོས་པའི་བརྩེ་སེམས་ཀྱི་རི་མོ།།
རྣམ་ཤེས་ཕྱི་མར་འཕངས་ཀྱང་བྲལ་ཐབས་ནི་མེད་དོ།།

ལུས་ཕུང་ལ་ལུང་རྒྱབ་ཀྱི་ཡུལ་ཕྱོགས་སུ་ལུས་ཀྱང་།།
སེམས་ཀྱི་ཁུ་བྱུག་སྔོན་མོ་ཁྱེད་ཕྱོགས་སུ་འཕུར་སོང་།།
འཕུར་བའི་གཤོག་སྒྲོ་ཟད་པའི་དུས་མཐའ་ཞིག་མེད་ན།།
ལུས་སེམས་མ་བྲལ་བར་དུ་ཁྱེད་ཕྱོགས་སུ་འཕུར་ཆོག།།

སྐྱོ་བའི་ཚ་བས་གདུང་བའི་ཁེར་རྐྱང་གི་དུས་ན།།
ཞི་བདེ་ངང་གིས་བྱུང་བའི་བསིལ་གྲིབ་འདི་སྟེར་ཆོག།།
དཀའ་སྡུག་ཆར་ཟིམ་འབབ་པའི་སྐྱོ་སྣང་གི་དུས་སུ།།
བརྩེ་བའི་ཆར་ཟིམ་འགོག་པའི་ཆར་གདུགས་འདི་འགེབ་ཆོག།།

ནུབ་ཀྱི་ཕྱོགས་སུ་བཞུད་པའི་མདངས་ལྡན་ཀྱི་ཉི་མ།།
རེ་ཞིག་ལྟ་བའི་མིག་ནས་དབང་མེད་དུ་ཡལ་ཀྱང་།།
སྤྲིན་མེད་དྭངས་གསལ་མཁའ་རུ་མྱུར་བ་ཉིད་ཤར་ནས།།
དྲན་པའི་སྡུག་བསྔལ་མུན་པ་སེལ་མཁན་ཞིག་བྱུང་ན།།

ཞིམ་ཞིང་རོ་མངར་ཆེ་བའི་བཅུད་ལྡན་ཀྱི་སྦྲང་རྩི།།
རྨི་ལམ་ཙམ་ཡང་མྱོང་བའི་གོ་སྐབས་ཤིག་མེད་ཀྱང་།།
དྲན་པའི་གདུང་བས་སྐོམ་པའི་རྒྱང་རིང་གི་བུང་བར།།
འཛུམ་པའི་མེ་ཏོག་ལན་གཅིག་བཞད་པ་ཞིག་བྱུང་ན།།

ལས་ཀྱི་ལྷན་དུ་བརྐོས་པའི་ལས་འཕྲོ་འདི་ཆད་ཀྱང་།།
སྨོན་ལམ་བཏབ་པའི་ནུས་མཐུ་དོན་མེད་རང་མིན་ན།།
ཕྱི་མར་སེམས་དང་སེམས་ཀྱི་བརྩེ་གྲོགས་ཤིག་འགྲིག་སྟེ།།
མཉམ་འཛོམས་བྱུང་བའི་སྨོན་ལམ་ཚེ་འདི་རུ་འདེབས་ཆོག།།

བརྩེ་སེམས་ཁྱེད་ལ་ཕུལ་བ་འགྱུར་མེད་ཀྱི་དམ་བཅའ།།
དབྱར་དགུན་འགྱུར་ལྡོག་མེད་པའི་མཐའ་མེད་ཀྱི་རྒྱ་མཚོ།།
སེམས་ཀྱི་དབྱངས་ཅན་ལྷ་མོའི་ཐུགས་སེམས་ལ་བབས་ན།།
དམ་ཚིག་དར་གྱིས་གཡོགས་པའི་རྟེན་འབྲེལ་ཞིག་སྒྲིགས་དང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།