༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་སློབ།

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པར་བསྩལ་པའི་བཀའ་སློབ།

དེང་སང་ཕྱི་རྒྱལ་ཁག་གི་དུས་དེབ་འདྲ་མི་འདྲ་བཏོན་གྱི་ཡོད་རེད་བ། དེ་རྣམས་ཐམས་ཅད་ཀྱི་རྩོམ་ལུགས་ལ་བསམ་བློ་བཏང་། དེ་ནས་རྩོམ་གྱི་སྒྲིག་གཞི་འདྲ་པོ་དེ་བསམ་བློ་བཏང་ན་ཡག་པོ་ཡོད་རེད། གཙོ་བོ་ང་རང་ཚོ་ནང་པའི་ཆོས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དེ་སེམས་ཀྱི་གཏད་ས་གཙོ་བོ་རེད་བ། དེ་འདྲ་ཡིན་དུས་མི་ཐམས་ཅད་ཀྱི་ཤེས་རྒྱུད་ཆོས་ཕྱོགས་ལ་ཡག་པོ་སྐོར་ཐུབ་པ་ཞིག་དང་། དཀོན་མཆོག་ལ་ཡིད་ཆེས་སྐྱེ་ཐུབ་པ་ཞིག་བྱེད་ཐབས་སུ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ག་རེ་རེད་ཟེར་ན། དེང་སང་བོད་མི་ལོ་ཆུང་དེ་ཚོའི་ནང་དུ་ཆོས་དང་དཀོན་མཆོག་ལ་ཡིད་ཆེས་མེད་མཁན་འདྲ་དང་། བོད་ཀྱི་ཆོས་ལ་ཧ་ཅང་དམིགས་བསལ་གྱི་ཁྱད་ཆོས་མེད་སྣང་འདྲ་འཆར་མཁན་དཔེ་མང་པོ་འདུག་ག དེ་ནི་ཆོས་ལ་ཡོད་པའི་ཡོན་ཏན་དེ་ཁོ་རང་ཚོས་ཧ་མ་གོ་བ་རེད། དེ་ནས་ཕྱི་རྒྱལ་གྱི་དེབ་འདྲ་མི་འདྲ་དེ་ཚོ་ལ་རྩ་ཆེན་པོ་འདྲ་བརྩིས། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆུང་བ་དེ་འདྲ་བྱེད་ཀྱི་ཡོད་རེད། དེ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་ཡང་དག་པ་ཡིན་པའི་རྒྱུ་མཚན་ངོ་ཤེས་པའི་ཆེད་དུ་དགེ་བའི་ཕན་ཡོན་དང་མཐར་ཐུག་གི་བདེ་བ། གནས་སྐབས་ལ་ཕན་པ་ཡོད་པ་དེ་ཐམས་ཅད་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་ཐབས་བྱས་ན་ཡག་པོ་ཡོད་རེད། དེའི་ནང་ནས་སྤྱི་ཡོངས་ཆོས་ལུགས་སུ་ལ་ཡིན་ན་ཡང་གུས་བཀུར་གྱི་སྒོ་ནས་གཏམ་བཤད་ཡ་དང་། གཤིས་ཀ་བཟང་པོ་བྱེད་རྒྱུ་གལ་ཆེན་པོ་རེད། སྤྱིར་ཆོས་ལུགས་རིས་མེད་ཟེར་བ་དེ་ཕྱོགས་རིས་མེད་པའི་སྒོ་ནས་ཐམས་ཅད་ལ་དད་པ་དང་གུས་པ་བྱེད་རྒྱུ་དེ་རེད་མ་གཏོགས་རང་གི་ཆོས་ལུགས་དེ་ཕར་དོར་ཏེ་ང་རིས་མེད་ཡིན་ཟེར་ནས་རང་གི་ཆོས་ལུགས་ལ་ཚུར་གནོད་པ་བྱེད་པ་ནི་མི་ལ་མདོ་མེད་པའི་སྐད་ཆ་རེད། རང་རང་སོ་སོ་ཚུགས་ཟིན་པའི་སྒོ་ནས་གཞན་དག་ཐམས་ཅད་ལའང་གུས་བཀུར་བྱེད་ཡ་དེ་ཡ་རབས་རེད་བ། འོ་དེ་འདྲ་ཞིག་གི་སྒོ་ནས་དུས་དེབ་ཡིན་ནའང་འདྲ་ག་རེ་ཡིནའང་ཐམས་ཅད་ཀྱི་འབྲི་སྟངས་དེ་འདྲ་གནང་ན་ཡག་པོ་རེད། གཙོ་བོ་གཞན་ཕན་བྱང་ཆུབ་ཀྱི་སེམས་དེ་གཏམ་གྱི་ཞོར་ལ་རང་ཤུགས་ཀྱིས་འགྲོ་ཐུབ་པ་བྱེད་ཡ། དེ་ནས་གཞུང་དཔེ་དེ་དག་ཐམས་ཅད་ལ་གང་ཐུབ་ཐུབ་ཀློག དེ་རྣམས་ཀྱི་ནང་ནས་ལེགས་གྲས་འདྲ་དེ་ཏོག་ཙམ་ཚུར་བསྡུ་ཐུབ་པ་བྱས།  འཇིག་རྟེན་པའི་ཕྱོགས་ནས་ཡིན་ན་ཡང་འཇིག་རྟེན་གྱི་བྱ་བ་ལ་ལེགས་ཉེས་གཉིས་ཡོད་རེད། དེའི་ནང་ནས་ལེགས་པའི་ཆ་དེ་ཚོ་གོང་འཕེལ་གཏོང་རྒྱུ་དང་། ཉེས་པའི་རིགས་དེ་དག་ཐམས་ཅད་ཡག་པོ་མེད་པའི་ལོ་རྒྱུས་བཤད་ཐུབ་ན་ཡག་པོ་ཡོད་རེད། དེ་ནས་བླ་མ་ཆེ་ཁག་རྣམས་ཀྱི་རྣམ་ཐར་བསྡུས་ཙམ་བསྡུས་ཙམ་མཚམས་མཚམས་ལ་ཁོད། འོ་དེ་འདྲ་གནང་།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་ ༢༠༠༢ ལོར་སྒྲ་ཐག་འཁོར་ལོ་ལས་བཤུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram