དྲ་ཚིགས་འདིའི་ཐོག་རྩོམ་ཡིག་སྤེལ་ཕྱོགས་སྐོར།

ང་ཚོའི་དམིགས་ཡུལ།

འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་འཆར་ཅན་ལོ་རེར་སྣ་འཛོམས་རྩོམ་རིག་དུས་དེབ་༼པདྨའི་རང་མདངས་༽འདོན་ཐེངས་གཉིས་རེ་དང་། དེ་བཞིན་དབྱིན་ཡིག་ཐོག་༼དཔལ་ཡུལ་དུས་བབ་ Payul Times༽ཅེས་པའི་དུས་དེབ་གཅིག་དང་། གཞན་ཡང་འདི་ནས་སྙན་ངག བརྡ་སྤྲོད། ལོ་རྒྱུས། མཛད་སྒོའི་དྲན་དེབ་ཁག རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་དྲན་དེབ་སོགས་དང་། དབྱིན་ཡིག་ཐོག་ནང་ཆོས་ངོ་སྤྲོད་སོགས་བཅས་ད་བར་དཔེ་དེབ་བརྒྱ་ལྷག་པར་སྐྲུན་ཞུས་ཟིན་ཡོད།

འོན་ཀྱང་བོད་ནང་དང་། རྒྱ་གར། བལ་ཡུལ་སོགས་ཀྱི་དགོན་སྡེ་དང་མཐོ་སློབ་ཁག་མང་པོ་ཞིག་གི་སྨྱུག་ཐོགས་པ་རྣམ་པས་དུས་དེབ་འདི་ཡི་ཆེད་དུ་རྩོམ་ཡིག་གང་མང་སྐུར་བཞིན་འདུག་ནའང་། དུས་དེབ་ཁག་པར་སྐྲུན་ཞུས་ཟིན་རྗེས་འདི་གའི་ཁོར་ཡུག་གི་གཡས་གཡོན་ཙམ་ཞིག་ལས་མ་གཏོགས། དུས་དེབ་འགྲེམས་སྤེལ་ཐད་ནས་ཡུལ་དུས་གནས་བབ་དུ་མ་ཞིག་གིས་རྩོམ་པ་པོ་སོ་སོར་དུས་དེབ་དུས་ཐོག་ཏུ་འབུལ་མི་ཐུབ་པ་དང་། རྩོམ་པ་པོའི་རྩོམ་ཡིག་དུས་དེབ་ཏུ་བཀོད་ཡོད་མེད་སོགས་ཀྱི་བརྡ་ལན་ཙམ་ཡང་འཕྲོད་མི་ཐུབ་པའི་སྣང་ཚུལ་དུ་མ་ཞིག་བྱུང་བའི་རྐྱེན་བྱས་ནས། ཐེངས་འདིར་ངེད་སྤྱི་ལོ་ ༢༠༡༩ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་ལྷན་ཚོགས་ནས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཀྱི་བཀའ་འཁྲོལ་ཐོབ་པ་གཞིར་བཟུང་ཐོག གཙོ་བོར་ཕྱི་ཕྱོགས་སུ་བཞུགས་པའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པར་དམིགས་ཏེ། ༼སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དྲ་བ་༽ཞེས་པ་དབྱིན་ཡིག་དང་བོད་ཡིག་གི་ངོས་གཉིས་ཅན་གྱི་དྲ་ཚིགས་འདི་སྒོ་ཕྱེ་བ་ཡིན།

དྲ་ཚིགས་འདིའི་ཐོག་རྩོམ་ཡིག་སྤེལ་ཕྱོགས་སྐོར།

དེས་ན་དྲ་ཚིགས་འདིའི་ཐོག་བོད་ཡིག་དང་དབྱིན་ཡིག་གི་རྩོམ་ཡིག་གང་ཞིག་ཡིན་རུང་། དང་ཐོག་དུས་དེབ་པདྨའི་རང་མདངས་དང་། དཔལ་ཡུལ་དུས་བབ་གཉིས་ཀྱི་ནང་དུ་ཚུད་ནས་འགྲེམས་སྤེལ་བྱས་ཟིན་རྗེས། གཞི་ནས་དུས་དེབ་ཀྱི་གོ་རིམ་དང་བསྟུན་ནས་དྲ་ཚིགས་འདིའི་ཐོག་དགོད་རྒྱུ་ལས། རྩོམ་པ་པོ་སུ་ཞིག་གི་རྩོམ་ཡིག་ཡིན་རུང་ཐད་ཀར་དྲ་ཚིགས་ངོས་སུ་འགོད་ཀྱི་མེད་པ་དགོངས་མངའ་ཡོད་པར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram