རྩོམ་རིག་དུས་དེབ་པདྨའི་རང་མདངས་ཀྱི་ལོ་རྒྱུས།

པདྨའི་རང་མདངས།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མགོ་སྟོད་ནས་བཟུང་བོད་ཀྱི་རྩོམ་རིག་ལ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་སྟེ་ཆོས་ལུགས་ནང་དོན་གཙོ་བོར་བྱེད་པའི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དེ། སྤྱི་ཚོགས་ལ་ཁ་གཏད་ནས། མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་དང་། མང་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་ནང་དོན་ཅན་གྱི་དེང་རབས་ཀྱི་རྩོམ་རིག་ལ་ཁ་ཕྱོགས་པ་ནས་བཟུང་། ཆོས་ལུགས་མི་སྣ་དང་སློབ་གྲྭ་ཆེན་མོ་བ། མཐོ་རིམ་གྱི་སྐུ་དྲག་དང་དགེ་རྒན་གྱི་ལས་སྣེ་བ་ཡོངས་ཀྱིས་སྨྱུ་གུ་ལག་ཏུ་འཛིན་ཆོག་པའི་དུས་རབས་འདི་འདྲ་ཞིག་ལ་སླེབ་སྐབས། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་བཀའ་ཕེབས་པ་གཞིར་བཟུང་ཐོག སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་ཀྱང་། རྩོམ་རིག་གི་དུས་རབས་འདི་ལ་གཞིགས་ནས་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་རིག་སོ་སོར་ཁྱད་ཆོས་ཐུན་མིན་རེ་ཡོད་པར་ངོས་འཛིན་ཐོག སྲོལ་རྒྱུན་གྱི་རྩོམ་རིག་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ཞལ་གདམས་དང་རྟོགས་བརྗོད་ནས། དེང་རབས་ཀྱི་རྩོམ་རིག་སྙན་ངག་དང་བརྩམས་སྒྲུང་བར་གྱི་རྩོམ་ལུས་སྣ་མང་ཅན་གྱི་དུས་དེབ་<<པདྨའི་རང་མདངས་>> དེ་ཉིད་ཐོག་མར་སྤྱི་ལོ་ ༢༠༠༢ ལོར་སྤྱི་ཚོགས་ཀྱི་སྟེང་ཕུད་ཅིང་། དུས་དེབ་ཀྱི་མིང་༼པདྨའི་རང་མདངས་༽ཞེས་པ་དེ་ཉིད་ཁྱད་ཆོས་གཙོ་བོ་བརྒྱད་ཀྱི་སྒོ་ནས་འགྲེལ་བཤད་གནང་བ་གཤམ་ལྟར།

པདྨའི་རང་མདངས།

ཀློག་པ་པོ་ལགས། པདྨ་ནི་འགྲོ་བ་ཀུན་ཀྱི་རྒྱུད་ལ་ཡོད་པའི་ཉེས་སྐྱོན་གྱིས་མ་གོས་པའི་སེམས་ཀྱི་གཤིས་ལུགས་ཤིག་ཡིན་ལ། དེའི་རང་མདངས་ནི་སྙིང་རྗེ་དང་གཞན་ཕན་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་རྣམས་ཡིན།
ཡང་པདྨ་ནི་མ་བཅོས་དྲང་བདེན་གྱི་ལམ་ཡིན་ལ། དེའི་རང་མདངས་ནི་གཡོ་ཟོལ་དང་རྫུན་གྱི་འདམ་ཁྲོད་དུ་སྐྱེས་ཀྱང་འདམ་གྱིས་མ་གོས་ཤིང་ཡ་ཡོའི་སྐྱོན་དང་བྲལ་བ་འདི་ཉིད་ཡིན།
ཡང་པདྨ་ནི་བསྐལ་བཟང་གི་སངས་རྒྱས་སྟོང་ལས་པདྨ་དཀར་པོ་ལྟར་བསྔགས་པ་བདག་ཅག་གི་སྟོན་པ་ཡིན་ལ། དེའི་རང་མདངས་ནི་བསླུ་མེད་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན།
ཡང་པདྨ་ནི་རྒྱལ་བས་རང་ཉིད་ལས་ལྷག་པར་ལུང་གིས་བསྔགས་པ་ལྷོ་ནུབ་འོ་མ་ཅན་གྱི་མཚོར་པདྨའི་སྦུབས་ལས་འཁྲུངས་པའི་སློབ་དཔོན་ཆེན་པོ་ཨོ་རྒྱན་པདྨཱ་ཀ་ར་ཡིན་ལ། དེའི་རང་མདངས་ནི་བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་བདག་ཉིད་ཆེ་བ་དྲུག་གིས་མངོན་པར་འཕགས་པའི་དཔལ་གསང་ཆེན་སྔ་འགྱུར་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཡིན།
ཡང་པདྨ་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་བརྩེ་ཆེན་ཕྱག་ན་པདྨོ་མིའི་གར་དུ་རོལ་པ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིན་ལ། དེའི་རང་མདངས་ནི་ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལམ་སྲོལ་རྨ་མེད་པ་འདི་ཉིད་ཡིན།
ཡང་པདྨ་ནི་གུ་རུ་པདྨའི་རྒྱལ་ཚབ་དུས་ཀྱི་མཐར་ཡང་རླབས་ཆེན་གྱི་ཐུགས་བསྐྱེད་མཚུངས་ཟླ་མེད་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་ཡིན་ལ། དེའི་རང་མདངས་ནི་འཆལ་ཚུལ་གྱི་སྐྱོན་དང་བྲལ་བའི་ཚུལ་ཁྲིམས་ཀྱི་ས་གཞི་ལ་ངེས་འབྱུང་དང་གཞན་ཕན་གྱི་ཆུས་བརླན་ཅིང་། ཐོས་བསམ་སྒོམ་གསུམ་གྱི་ས་བོན་བཏབ་སྟེ་བསྐྱེད་རྫོགས་ཀྱི་མྱུ་གུ་ལས་མཐར་འབྲས་སྐུ་བཞིའི་གོ་འཕང་ཐོབ་པའི་སྲོལ་བཟང་འདི་ཉིད་ཡིན།
ཡང་པདྨ་ནི་ཆེས་ཐོག་མར་འཕྲལ་ཡུན་གྱི་ཀུན་སློང་རྣམ་པར་དག་པས་བསྐྲུན་པའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་བྷོ་ཊའི་ལྗོངས་ཀྱི་སྐད་ཡིག་འདི་ཉིད་ཡིན་ལ། དེའི་རང་མདངས་ནི་སའི་སྟེང་ན་ཆེས་དཀོན་ཅིང་རིན་ཐང་གཞལ་དུ་མེད་པའི་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་རྒྱ་མཚོ་ལྟ་བུ་འདི་ཉིད་ཡིན།
དེ་ལྟ་བུའི་པདྨ་དང་རང་མདངས་རྣམས་ལ་ཕྱོགས་ཞེན་སོགས་འདམ་རྫབ་ཀྱིས་གཏན་ནས་མ་གོས་པར་ལེགས་པའི་ཡོན་ཏན་གྱི་གེ་སར་རམ་སྙིང་པོ་རྣམས་དུས་དེབ་འདིས་གསལ་བར་བྱེད་པས་ན་པདྨའི་རང་མདངས་ཡིན་ནོ།།

སྤྱི་ལོ་ ༢༠༠༢ ལོར་འདོན་ཐེངས་གཅིག་ལས་ཕུད་མེད་ནའང་། ༢༠༠༣ ནས་ལོ་རེར་འདོན་ཐེངས་གཉིས་རེ་ཕུད་དེ་ད་ལྟའི་བར་འདོན་ཐེངས་ ༣༥ བར་སླེབས་ཤིང་། སྤྱི་ལོ་ ༢༠༡༣ ལོར་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ ༢༢ པའི་རྩོམ་ཡིག་རྣམས་ལ་རྩེ་ཕུད་བྱ་དགའ་ཐེངས་ཤིག་སྤེལ་བ་དང་། སྤྱི་ལོ་ ༢༠༡༦ ལོར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་ལ། པདྨའི་རང་མདངས་འདོན་ཐེངས་དང་པོ་ནས་ཉེར་བདུན་བར་གྱི་<<དཔྱད་རྩོམ་ལུང་རིགས་མདའ་མོ།>> <<སྙན་རྩོམ་དབྱངས་ཅན་མགྲིན་གླུ། >> <<བརྩམས་སྒྲུང་ཡིད་ཀྱི་དགའ་སྟོན།>> བཅས་ཀྱི་སྡེ་ཚན་རྣམས་ལས་རྩེ་ཕུད་འདེམས་སྒྲུག་གི་རྩོམ་རིག་བྱ་དགའ་སྤེལ་ཡོད། དུས་དེབ་པདྨའི་རང་མདངས་འདོན་ཐེངས་རེ་ལ་དཔར་གྲངས་ ༧༠༠ ནས་ ༨༠༠ བར་པར་སྐྲུན་ཞུས་ཏེ། རྒྱ་བལ་འབྲུག་གསུམ་སོགས་ཀྱི་དཔེ་མཛོད་ཁང་དང་། བཤད་གྲྭ་ཁག མཐོ་རིམ་སློབ་གྲྭ་སོགས་ལ་རིན་མེད་དུ་ཕུལ་དང་འབུལ་བཞིན་པ་དང་། ལས་ཁུངས་ཁག་དང་དཔེ་མཛོད་ཁང་། ཀློག་པ་པོ་མི་སྒེར་སོགས་ཀྱིས་དུས་དེབ་འདི་ཉིད་ལ་བསྔགས་བརྗོད་དང་དགའ་བསུའི་འཕྲིན་ཡིག་ཀྱང་མི་ཉུང་བ་ཞིག་བསྐུར་གནང་ཡོད་པ་བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram