མཁན་སྤྲུལ་དགེ་འདུན་རབས་རྒྱས་མཆོག་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ། མཁན་སྤྲུལ་དགེ་འདུན་རབས་རྒྱས་མཆོག་ལ་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྐུ་ཉིད་ཀྱིས་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་གནང་ཕྱོགས་ཀྱི་བརྒྱུད་རིམ་དང་འབྲེལ་ནས་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། ང་རང་མགོ་ལོག་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ངེད་ཚང་ལ་མིང་སྲིང་བཅུ་བཞི་ཡོད་མྱོང་། ངའི་ཨ་ཕ་སྨན་པ་ཡིན་ལ། ཉིན་རྒྱུན་འགྲུལ་པ་མང་བས། ཟ་མ་ཟ་རན་དུས་བྱིས་པ་རྣམས་ལ་དབྱར་ཁར་གུར་ཆུང་དང་། དགུན་ཁར་ཁང་ཆུང་ནང་ཟུར་དུ་ཟ་མ་བསྐྱལ་ཡོང་ལ། ཁུ་ཞང་སོགས་གཉེན་ཉེ་ཚོ་འོངས་ན་ང་ཚོ་ཁྱིམ་ལ་འགྲོ་ཆོག ཁོང་ཚོས་གསར་བརྗེའི་སྔོན་ལ་སློབ་སྦྱོང་ཇི་ལྟར་བྱས་པའི་སྐོར་འབའ་ཞིག་ཤོད་ཀྱིན་ཡོད་པས། དེ་ནི་ཆེས་རིན་ཐང་ཆེ་བའི་ཐོག་མའི་ཁྱིམ་ཚང་སློབ་གསོ་ཡིན་ལ། དེས་ང་ཚོར་ཤེས་ཡོན་ཕྱོགས་ལ་སྐུལ་སློང་ཡག་པོ་ཐེབས་ཡོད། ང་རང་ལོ་བརྒྱད་ནས་གྲྭ་སར་ཞུགས་ཤིང་། དེ་ཕྱིན་རང་ཁྱིམ་དུ་འགྲོ་བ་ཧ་ཅང་ཉུང་། ལོ་བཅུ་ནས་དབྱར་གནས་དང་། སྙིང་ཐིག་སྔོན་རྩ་སོགས་ལ་བསྡད། ལོ་བཅུ་བདུན་སྟེང་རྣམ་གླིང་སྔ་འགྱུར་མཐོ་སློབ་ཆེན་མོར་རྒྱུགས་སྤྲོད་ཀྱི་ལམ་ནས་ཞུགས། ལོ་རིམ་གཉིས་པའི་བར་སྔ་ཕྱིར་སྡོམ་གསུམ་དང་། སྤྱོད་འཇུག སུམ་རྟགས། བློ་རྟགས་སོགས་ཞུ་བའི་གོ་སྐབས་ཐོབ་ཀྱང་། རང་རྟོག་གི་འདུ་ཤེས་ཞན་པ་སོགས་ཀྱིས་བློ་སྐྱེད་ཆེར་མ་བྱུང་། བར་སྐབས་ཤིག་ལ་དགོང་མོའི་ཐུན་བར་དུ། སློབ་དཔོན་སངས་རྒྱས་དབང་འདུས་ཀྱིས། ཉིན་ཤས་རིང་རྣམ་ཐར་སྒོ་བཞིའི་ལན་འདེབས་ཚུལ་འཁྲིད་ཀྱིན་པར་ཞུགས་པས། རྩོད་ལན་གྱི་རྣམ་གཞག་ལ་ཐོག་མར་གོ་རྟོགས་སྐྱེས། ལོ་རིམ་གཉིས་པའི་དུས་སུ་ཉིན་ལྟར་མཚན་ཐུན་རྗེས་ཆུ་ཚོད་ཕྱེད་རེར་བསེ་བསྡུས་ལ་བལྟས་ཤིང་། དེས་ཆོས་རའི་ནང་ནས་བརྩད་རྒྱུ་མང་ཙམ་རྙེད་མོད། གོ་རྟོགས་ལ་གང་ཡང་མ་ཕན། མ་ཟད་ཡིན་ལོག་མིན་ལོག་ནས་བཟུང་སུན་སྣང་སྐྱེས་པས་ལྟ་མཚམས་བཞག་པ་ཡིན། ལོ་རིམ་གཉིས་པར་མི་ཕམ་པའི་དབུ་མ་རྒྱན་གྱི་རྣམ་བཤད་ཞུ་སྐབས། དགེ་རྒན་སློབ་དཔོན་བསྟན་འཛིན་ནོར་རྒྱས་ཀྱིས། གཞུང་དོན་གྱི་བར་མཚམས་དུ་མར་འདིར་གོ་རྒྱུ་ཆེན་པོ་ཡོད་གསུངས་པ་རྣམས་ལ་རྟགས་བརྒྱབས་ནས་བློ་ལ་བླངས། སླར་གཞུང་གོང་འོག་དང་། རྩ་འགྲེལ། ས་བཅད། རང་འགྲེལ་སོགས་དང་བསྡུར་ནས་དཔེ་ཀློག་བརྒྱབས་པས། གཞུང་དོན་དངོས་ལ་སླེབ་སྐབས་གོ་བ་གསར་པ་དུ་མ་སྐྱེས་བྱུང་ལ། གཞུང་དེར་བདེན་གཉིས་སོ་སོའི་རྣམ་གཞག་བཤད་པ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ཚོར་སྣང་བྱུང་། དེ་ནི་ང་རང་ཐོས་བསམ་ལ་སྤྲོ་སྣང་བར་མེད་དུ་འཇུག་པའི་གཞི་ཡིན་ལ། དེ་ནས་བཟུང་ངས་བསམ་བློ་གཏོང་ཕྱོགས་རང་རྐྱ་བ་ཞིག་རྒྱུན་བསྐྱངས་ནས་སློབ་གཉེར་བྱས། ལོ་རིམ་ལྔ་པར་ཚད་འགྲེལ་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོར་བལྟས་པ་ནས་བཟུང་། ཚད་མའི་ཐད་ལ་དངོས་དོན་དང་མཐུན་པའི་ངེས་ཤེས་མི་དམན་པ་སྐྱེས་ཤིང་། གཞུང་གི་གནད་རྣམས་བསྡུས་གཞུང་དག་གི་བརྗོད་བྱ་དང་རྩད་ནས་མི་འདྲ་བར་རིགས་ལམ་དམིགས་བསལ་བ་ཡིན་པར་ཤེས་ཤིང་། རང་གིས་ཀྱང་དེ་འབྲེལ་གྱིས་ལྟ་གྲུབ་ཟུར་པ་བཟུང་། དེ་ནས་བཟུང་སློབ་མཐར་མ་ཕྱིན་བར་དང་། ད་ལྟའི་བར་དུ། དབུ་ཚད་ཀྱི་དོན་ལ་དམིགས་བསལ་གྱི་གོ་རྟོགས་དང་འབྲེལ། དེ་དག་གི་རྒྱབ་སྐྱོར་གྱི་ལུང་དང་། དངོས་སྟོབས་ཀྱི་རིགས་པ་ལ་བརྟེན་ནས། དོན་དངོས་གང་ཞིག་གནས་མིན་གཤིབ་སྡུར་བྱས་དང་བྱེད་མུས་སུ་ཡོད་དོ།།

རྩོམ་སྒྲིག་པ། སྔ་འགྱུར་བའི་ཀུན་མཁྱེན་ཡབ་སྲས་སྤྱི་དང་། ཁྱད་པར་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གཞུང་དུ་ཐུན་མོང་མིན་པའི་བཞེད་པ་དམིགས་བསལ་བ་དེ་འདྲ་གཟིགས་ཀྱི་ཡོད་མེད་དང་། ཉེ་བའི་ཆར་སྐུ་ཉིད་ཀྱི་དབུ་མའི་སྐོར་གྱི་གསུང་རྩོམ་དཔེ་དེབ་འགའ་མཇལ་སོང་བས། དེ་དག་གི་ནང་མཚན་ཉིད་མང་ཙམ་ཞིག་བཞག་འདུག་ན། དེ་རྣམས་ཁུངས་བཙན་གྱི་ཡིག་ཆ་གང་དག་ལ་གཏུགས་ཡོད་མེད་གསུངས་ན་ཆོག་གམ་ལགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། སྔ་འགྱུར་བའི་ཀུན་མཁྱེན་རྣམ་གསུམ་གྱི་གསུང་ཕལ་ཆེ་བའི་ཁུངས་རྒྱ་གཞུང་ལ་གཏུགས་ཡོད་པས། རྒྱ་གཞུང་གང་དང་ཡང་མི་འདྲ་བའི་བཤད་པ་མེད་མོད། བོད་སྔ་རབས་པ་འགའ་དང་། ཕྱི་རབས་པ་ཕལ་མོ་ཆེའི་བཤད་སྲོལ་དང་ཡེ་མི་མཐུན་ས་མང་། མཚོན་ཙམ་བཤད་ན། ཀློང་ཆེན་པའི་ཡིད་བཞིན་མཛོད་འགྲེལ་དང་། རོང་ཟོམ་པའི་ལྟ་བའི་བརྗེད་བྱང་དང་། མི་ཕམ་པའི་གྲུབ་བསྡུས་སོགས་ཀྱི་མདོ་སྡེ་པའི་འདོད་པ་བཤད་པའི་སྐབས་སུ། འདུས་མ་བྱས་དང་། གཟུགས་ཤེས་གང་ཡང་མིན་པའི་འདུ་བྱེད་གཏན་མེད་དུ་འདོད་ཚུལ་སོགས། བྱེ་སྨྲའི་འདོད་པ་དག་དང་མ་འདྲེས་པར་བཤད་པ་ནི། ཕྱི་རབས་པ་ལ་ཡོངས་སུ་གྲགས་པའི་བསྡུས་གཞུང་སོགས་དང་གཏན་མི་འདྲ་ལ། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲ་འོ། །འདུས་བྱས་བེམ་པོ་ཡོད་མིན་ལ། །དུས་གསུམ་དག་ཀྱང་ཁས་མི་ལེན། །བསགས་པའི་གཟུགས་མེད་མིན་ཞེས་པ། །མདོ་སྡེ་པ་ནི་མཁས་རྣམས་སོ། །ཞེས་པ་སོགས་རྒྱ་གཞུང་ཚད་ལྡན་དག་དང་ཤིན་ཏུ་མཐུན་ནོ། །དེ་བཞིན་དུ་ཚུར་མཐོང་ཚད་མའི་སྐབས་སུ། ཡོད་ན་མི་རྟག་པས་ཁྱབ་པ་དང་། ཤེས་བྱ་བརྗོད་བྱ་གཞལ་བྱ་བཅས་ལ་ཡོད་པས་མ་ཁྱབ་པ་དང་། སྤྱི་མེད་ཅིང་། ཡོད་ན་བྱེ་བྲག་ཡིན་པས་ཁྱབ་པ་དང་། ཡོད་ན་དོན་གྱི་གཞན་སེལ་ཡིན་པས་ཁྱབ་པ་དང་། ཤེས་པ་ལ་རང་རིག་མངོན་སུམ་གྱིས་ཁྱབ་པ་དང་། སྤྱི་མཚན་ལ་ཤེས་པ་རང་མཚན་གྱིས་ཁྱབ་པ་དང་། དོན་དམ་དོན་བྱེད་ནུས་པའི་དོན་བརྟག་བྱའི་རང་མཚན་ལ་སྦྱར་བ་དང་། སེམས་ཙམ་པའི་ལུགས་ལ་ཐ་སྙད་སྣང་ཚུལ་དུ་ཕྱི་དོན་འདོད་པར་བཤད་པ་དང་། རྣམ་འགྲེལ་གྱི་དགོངས་པ་སེམས་ཙམ་རྣམ་བདེན་གཟུང་འཛིན་གྲངས་མཉམ་པར་གནས་པ་དང་། མངོན་སུམ་ལྟར་སྣང་ལ་རྟོག་མེད་ཀྱིས་ཁྱབ་པ་དང་། སྒྲུབ་ངག་ལ་རང་གིས་མཐོང་དོན་སྟོན་བྱེད་ཡིན་པས་མ་ཁྱབ་པ་སོགས་མང་ཞིང་། དབུ་མའི་སྐབས་སུ། ཐེག་ཆེན་སེམས་ཙམ་པ་དང་ཐལ་རང་གསུམ་པོའི་ཁྱད་པར་དེ། གཉིས་སྟོང་གི་ཤེས་པ་དང་། རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་མིན་པའི་དོན་དམ་བཅས་སོ་སོར་རྩལ་འདོན་མཛད་པའི་གང་ཟག་གིས་ཕྱེ་བ་དང་། ཐེག་ཆེན་དབུ་སེམས་གཉིས་ཀྱི་སློབ་དཔོན་ཆེན་པོ་རྣམས་མཐར་ཐུག་སྤྲོས་བྲལ་གྱི་དོན་ལ་དགོངས་པ་མཉམ་པ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཀུན་ཀྱིས་ཀུན་གཞི་དང་རང་རིག་འདོད་པ་དང་། བདེན་གྲུབ་དང་རི་རྭ་གཉིས་ཐ་སྙད་ཚད་མས་གྲུབ་མིན་ཁྱད་པར་ཡོད་པ་དང་། དེས་ན་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དོན་ཐ་སྙད་དུ་ཡོད་མེད་ཀྱིས་ཕྱེ་བ་དང་། ཀུན་བཏགས་དང་ལྷན་སྐྱེས་ཀྱི་བདེན་འཛིན་གཉིས་ཀྱང་རང་ཡུལ་ཐ་སྙད་དུ་ཡོད་མེད་ཀྱི་རྣམ་རྟོག་ལས་ཕྱེ་བ་དང་། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ངོ་བོ་འབྲལ་མི་རུང་བར་འདོད་པ་དང་། སྤྲོས་བྲལ་རྟོགས་པའི་བློ་ལ་ཐེག་ཆེན་ལམ་གྱིས་ཁྱབ་པ་དང་། ཐེག་ཆེན་གྱི་ལམ་ལ་མཉམ་བཞག་གིས་ཁྱབ་པ་སོགས་མི་འདྲ་ས་མང་ལ། དེ་དག་རེ་རེ་བཞིན་རིགས་པས་གྲུབ་ཅིང་། རྒྱ་གཞུང་ཚད་ཐུབ་ཀྱི་ཁུངས་ཡོད་པ་སོགས་ལྟ་བུ་རེད།
ཁོ་བོས་གསར་དུ་བྲིས་པའི་དབུ་མ་རྒྱན་རྩ་འགྲེལ་གྱི་རྟགས་སྦྱོར་གཉིས་ཀར། བདག་འཛིན་སོ་སོ་དང་། སྒྲིབ་གཉིས་སོ་སོ། རིགས་པ་སོ་སོ། ཚད་མ་སོ་སོ་སོགས་ལ་མཚན་ཉིད་བཞག་པ་རྣམས་ནི། རྒྱ་གཞུང་ཚད་ལྡན་དག་དང་། ཀུན་མཁྱེན་རྣམ་གསུམ་གྱི་གཞུང་གོང་འོག་གི་གོ་དོན་དག་གུང་བསྒྲིགས་ནས། རིགས་པ་ཚད་མར་བྱས་ཏེ་བྲིས་པ་ལས། དངོས་སུ་མཚན་ཉིད་དེ་ལྟར་བཞག་ནས་བཤད་པའི་གཞུང་ཁུངས་གང་ཡང་མེད། དེའང་དཔེ་མཚོན་ཙམ་བཀོད་ན། དབུ་མ་ལ་འཇུག་པའི་སེམས་བསྐྱེད་པ་དྲུག་པ་ལས། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཅེས་དང་། གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ལས། ཆོས་ཐམས་ཅད་ཀྱི་སྟེང་ན་བདེན་གྲུབ་ཡན་གར་བ་འགོག་པའི་ཚུལ་དུ་གོ་ནས། ཆོས་ཐམས་ཅད་ལ་དེ་དང་དེར་དམིགས་པ་ཙམ་སྟོང་ཉིད་སྒོམ་པའི་སྐབས་སུ་འགོག་མི་རུང་ན། དེ་འདྲའི་བདེན་གྲུབ་ཀུན་བརྟགས་འགོག་པའི་ལམ་དེ་ཇི་ལྟར་གོམས་ཀྱང༌། ཆོས་དང་གང་ཟག་དང་བདག་དང་གཞན་དུ་དམིགས་པ་ལྷན་སྐྱེས་ནི་ནམ་ཡང་མི་ཁེག་པས། ཉོན་མོངས་པ་དག་མགོ་ནོན་པའི་གཉེན་པོར་ཡང་མི་འགྱུར་ན། འཁོར་གསུམ་དུ་རྟོག་པའི་ཤེས་སྒྲིབ་ལྡོག་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་དབུ་མ་རྒྱན་གྱི་རྣམ་བཤད་ལས་གཞུང་དོན་སྐབས་ཆོས་ཅན་ལ་དཔྱད་པ་སོགས་སུ་གསལ་བ་ལྟར། བདག་འཛིན་ཀུན་བཏགས་དང་ལྷན་སྐྱེས་སོ་སོའི་མཚན་ཉིད་བཞག་པ་ལྟ་བུས་མཚོན་ནོ།།

རྩོམ་སྒྲིག་པ། སྐུ་ཉིད་ཀྱི་གསུང་རྩོམ་ལས། སེམས་ཙམ་པ་མངོན་པའི་ང་རྒྱལ་ཅན་གྱིས་བདག་མེད་མ་རྫོགས་ཚུལ། ཞེས་དང་། ཐེག་པ་ཆེན་པོ་སེམས་ཙམ་པས་འབྲས་བུ་སངས་རྒྱས་སྒྲུབ་ཚུལ། ཞེས་པ་དེ་གཉིས་ཀྱིས། སེམས་ཙམ་པ་ཡིན་ན་རྣམ་ཤེས་གཞན་དབང་མཐར་ཐུག་དོན་དམ་པར་འདོད་པས་མ་ཁྱབ་པ་ལྟ་བུར་གསུངས་འདུག་པས། མ་ཁྱབ་པའི་མཚན་གཞིར་ཐོགས་མེད་སྐུ་མཆེད་གཉིས་བཞག་ན། རྟོག་གེ་འབར་བ་ལས་རྣམ་ཤེས་དོན་དམ་དུ་འདོད་པའི་ཕྱོགས་སྔར་ཐོགས་མེད་སྐུ་མཆེད་གཉིས་ཀ་དྲངས་འདུག་ཅིང་། དེའི་ཐད་ནས་དགོངས་ཚུལ་ཞིག་དང་། སེམས་ཙམ་པ་ལ་བཀའ་དང་གྲུབ་མཐའི་སེམས་ཙམ་པ་གཉིས་ཞེས་འབྱེད་སྲོལ་དེ་ཇི་ལྟར་ཡིན་ནམ་ལགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། སེམས་ཙམ་པའི་སློབ་དཔོན་ཆེན་པོ་དག་གི་གཞུང་ན་གཞན་དབང་དོན་དམ་མིན་ཚུལ་དངོས་སུ་གསུངས་ཏེ། ཐོགས་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པ་ལས། རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་བརྗོད་པ་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་འཇུག་པས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ། ཡིད་ཀྱི་བརྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང༌། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །ཞེས་དང་། དབྱིག་གཉེན་གྱི་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་ལས། དམ་པའི་དོན་ནི་གཅིག་པུའོ། །དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །ཞེས་དང་། བློ་གྲོས་བརྟན་པས། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས་ཐེག་པ་བླ་ན་མེད་པའི་ལེའུ་སྟེ་ལྔ་པ་ལས། ད་ནི་དོན་དམ་པའི་བདེན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། དམ་པའི་དོན་ནི་གཅིག་པུའོ། །ཞེས་བྱ་བ་གསུངས་སོ། །བརྟགས་པ་དང་ནི་གཞན་དབང་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །ཞེས་མཚན་ཉིད་གསུམ་ལས་ཡོངས་གྲུབ་ཁོ་ན་དོན་དམ་དུ་བཤད་པ་དང་། ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པའི་ལྟག་ཆོད་བརྟག་པའི་ལེའུ་སྟེ་དྲུག་པའི་མཇུག་ཏུ། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིངས་ཉམས་པར་བྱས་པ་ཡིན། །ཞེས་དང་། ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་མངོན་སུམ་ལེའུ་སྟེ་གསུམ་པ་ལས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པ་ལྟར་རྣམ་ངེས་ལས་ཀྱང་དེ་བཞིན་གསུངས་པ་འདི་ཉིད། ཞི་བ་འཚོས། དབུ་མ་རྒྱན་གྱི་འགྲེལ་པ་ལས་དུ་བྲལ་སྒྲུབ་པའི་སྐབས་སུ། དེ་བས་ན་བློ་གྲོས་དཀར་པོ་རྣམས་ཀྱིས། དོན་འདི་དེ་དང་དེར་སྨོས་ཏེ། གང་གིས་དངོས་རྣམས་ངེས་བརྟགས་ནས། །ཡང་དག་ཏུ་ན་དངོས་དེ་མེད། །འདི་ལྟར་དེ་དག་གཅིག་པུ་དང་། །དུ་མའི་རང་བཞིན་ཡོད་མ་ཡིན། །ཞེས་སོགས་རྣམ་འགྲེལ་དང་རྣམ་ངེས་ཀྱི་ལུང་དེ་དག་རང་ལུགས་སྟོང་ཉིད་ཀྱི་སྒྲུབ་བྱེད་དུ་དྲངས་ནས་གསུངས་པ་སྟེ། དེ་ཉིད་ལས། དེ་ལྟར་རིགས་པ་དང་། ལུང་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན། དངོས་པོ་མ་ལུས་པ་བརྒྱ་ཚལ་དུ་གཞིགས་ཏེ། གཅིག་པ་དང་དུ་མའི་རང་བཞིན་དང་བྲལ་བའི་གཏན་ཚིགས་གྲུབ་བོ། །ཞེས་གསུངས་པ་སོགས། མདོར་ན་ཐེག་པ་ཆེན་པོ་སེམས་ཙམ་པའི་གཞུང་རྣམས་སུ། ཤེས་དང་ཤེས་བྱ་ཐམས་ཅད་བདག་མེད་པར་གཏན་ལ་ཕབ་པ་སོ་སོའི་གཞུང་ན་གསལ་བ་ལྟར་ཡིན་ནོ། །དེས་ན་རྟོག་གེ་འབར་བའི་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པར། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི། དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་མེད་པ། དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ། རྣམ་པ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །ཞེས་དང་། ཟླ་བས། དབུ་མ་ལ་འཇུག་པའི་བཤད་པ་བརྩམས་པའི་དགོས་པའི་སྐབས་སུ། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ། བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་། ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་དག་ནི། སློབ་དཔོན་ཆེན་པོ་དེ་དག་གིས། ཐ་སྙད་གནས་ཚུལ་དུ་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་རྩལ་འདོན་མཛད་པའི་སྐབས་ཀྱི་འདོད་པ་དགག་པ་སྟེ། སློབ་དཔོན་ཆེན་པོ་དེ་དག་གིས། སྐབས་དེར་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་ཉིད་གནས་ཚུལ་དབང་བཙན་དུ་བྱས་ནས་བཤད་ཅིང་། མཐར་དོན་དམ་གཏན་འབེབས་སྐབས་སུ་དེ་ཉིད་སྣང་ཚུལ་དབང་བཙན་དུ་བྱས་ནས། ཡོངས་གྲུབ་ཁོ་ན་དོན་དམ་དུ་འདོད་པའི་ཕྱིར་རོ།།
རང་ལུགས་ཀུན་མཁྱེན་རྣམ་གསུམ་གྱི་གཞུང་དུ། སེམས་ཙམ་པ་ལ་བཀའ་ཡི་སེམས་ཙམ་པ་དང་། གྲུབ་མཐའི་སེམས་ཙམ་པ་ཞེས་གཉིས་སུ་ཕྱེ་བ་ཞིག་དེ་སྔོན་མཇལ་མ་མྱོང་ཞིང་། གལ་ཏེ་དེ་ལྟ་བུའི་ཐ་སྙད་སྦྱར་དགོས་ན། མི་ཕམ་པས། མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་གྱི་ལེའུ་བདུན་པ་ལས། དེ་ནི་སེམས་ཙམ་གྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་དག་སེམས་ཙམ་གྱི་སྐབས་སུ་ཕྱི་དོན་མེད་ཀྱི། སེམས་རྫས་སུ་ཡོད་ཅེས་པ། ཐག་པ་སྦྲུལ་གྱིས་སྟོང་ཡང་ཐག་པས་མི་སྟོང་པ་ལྟར། ཐ་སྙད་ཀྱི་དབང་དུ་བྱས་ཏེ་ཁས་ལེན་ཚུལ་ཡིན་པར་མ་གོ་ནས། གཉིས་སྟོང་གི་རྣམ་ཤེས་ལ་དོན་དམ་པར་བདེན་གྲུབ་ཏུ་ཞེན་པའི་གྲུབ་མཐའ་སུན་དབྱུང་བ་ཡིན་གྱི། སངས་རྒྱས་ཀྱིས་བསྟན་པའི་སེམས་ཙམ་གྱི་ལམ་ཚུལ་བཞིན་མངོན་པར་རྟོགས་པའི་འཕགས་པ་ཐོགས་མེད་ཀྱི་དགོངས་པ་བཀག་པ་མིན་པར་སྨྲའོ། །ཞེས་གསུངས་པ་ལྟར། ཐེག་ཆེན་སེམས་ཙམ་པ་དང་། སེམས་ཙམ་པ་མངོན་པའི་ང་རྒྱལ་ཅན་གཉིས་སུ་ཕྱེ་བའི་དོན་བཞིན་འཛིན་དགོས་པར་མངོན་ནོ།།

རྩོམ་སྒྲིག་པ། དབུ་མ་རྒྱན་གྱི་སྤྱི་དོན་དང་། བརྒལ་ལན་རྣམ་གསུམ་བཅས་ལས། མཐར་ཐུག་ལ་ཐལ་རང་གཉིས་དགོངས་པ་གཅིག་ཡིན་ཚུལ་ལུང་རིགས་ཀྱིས་རྒྱས་པར་བསྒྲུབས་འདུག་ན། དེ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གཞུང་དང་མཐུན་མིན་དང་། མཐུན་ན་རོང་ཀློང་རྣམ་གཉིས་ཀྱི་གཞུང་དུ་ཚུལ་ཇི་ལྟར་གསུངས་ཡོད་དམ་ལགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། ཀུན་མཁྱེན་མི་ཕམ་པས། མདོ་སྡེའི་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལེའུ་བདུན་པར། ལུགས་འདིས་གཉིས་སྟོང་གི་ཤེས་པ་དེ་ལ་བདེན་གྲུབ་ཀྱི་དངོས་པོ་དང་། མཚན་མ་མེད་པར་ཤིན་ཏུ་རྟོགས་རིགས་པའི་ཕྱིར། དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་དག་མཐར་ཐུག་གི་དགོངས་པ་མཐུན་པར་གཟུང་བར་བྱའོ། །ཞེས་གསུངས་པ་བཞིན། དབུ་མ་རྒྱན་གྱི་རྣམ་བཤད་དང་། ཤེར་འགྲེལ་བརྒལ་ལན་དང་བཅས་པའི་ནང་ནའང་། དབུ་མའི་སློབ་དཔོན་ཆེན་པོའམ། ཤིང་རྟ་ཆེན་པོ་རྣམས་མཐར་ཐུག་དགོངས་པ་གཅིག་པར་བཞེད་ཀྱི། སེམས་ཙམ་མངོན་པའི་ང་རྒྱལ་ཅན་དང་། དོན་དམ་རིགས་པས་དཔྱད་བཟོད་དུ་འདོད་པའི་རང་རྒྱུད་པ་དག་ནི་དེ་ལྟར་མི་བཞེད་དོ། །དེས་ན་ཀུན་མཁྱེན་ཀློང་ཆེན་པས་ཀྱང་། ཡིད་བཞིན་མཛོད་འགྲེལ་ལེའུ་བཅུ་གཉིས་པ་ལས་རང་རྒྱུད་གོང་མ་དང་། གྲུབ་མཐའ་མཛོད་ལེའུ་གསུམ་པ་ལས་དོན་དམ་རིགས་ཤེས་ཀྱི་ཡུལ་དུ་མི་འདོད་པའི་རང་རྒྱུད་པའི་སློབ་དཔོན་དག མཐར་ཐུག་རྣམ་གྲངས་མིན་པའི་དོན་གཏན་ལ་ཕབ་པར་གསུངས་པས་ཀྱང་། དེ་དག་མཐར་ཐུག་ཐལ་འགྱུར་བ་དང་དགོངས་མཉམ་དུ་བཞེད་པར་གྲུབ་བོ། །ཀུན་མཁྱེན་རོང་ཟོམ་པས། མན་ངག་ལྟ་ཕྲེང་གི་འགྲེལ་པ་སོགས་ན་དབུ་མ་པའི་གྲུབ་མཐའ་འཆད་སྐབས། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཀས། རྣམ་གྲངས་མིན་པའི་དོན་དམ་མཐའ་ཀུན་བྲལ་གྱི་སྟོང་པ་ཉིད་གནས་ལུགས་མཐར་ཐུག་ཏུ་བཞེད་པར་གསུངས་པ་ལས་ཀྱང་། དེ་གཉིས་ཀྱི་མཐར་ཐུག་གི་དགོངས་པ་སྤྲོས་བྲལ་དུ་འབབ་པར་གསུངས་པའང་དཔོག་ནུས་ཏེ། ལྟ་བའི་བརྗེད་བྱང་ལས། དེ་ལ་སྒྱུ་མ་ལྟ་བུ་ནི། ཕྱི་ནང་གི་དངོས་པོར་སྣང་བ་རྣམས་ལ། རིགས་པ་དམ་པས་གཞལ་ཞིང་བརྟགས་ན། ཡང་དག་པའི་དངོས་པོ་ཡང་མི་རྙེད་ལ། མངོན་སུམ་དུ་དམིགས་པས་གཞལ་ན་རྒྱུ་དང་འབྲས་བུའི་དངོས་པོར་ཡང་དེ་བཞིན་དུ་བདེན་ཏེ། བདེན་པ་འདི་གཉིས་ཀ་ཡང་ཁྱད་དུ་གསོད་དུ་མི་རུང་བས། བསྡུས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་ནི། ངོ་བོ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཉིད་ནི་བདེན་ནོ་ཞེས་འདོད་དོ། །ཞེས་གསུངས་པ་ནི། རང་རྒྱུད་འོག་མ་སྒྱུ་མ་རིགས་གྲུབ་པའི་འདོད་པ་ལྟར་བསྟན་པ་ཡིན་ལ། དེ་ཉིད་ལས། རབ་ཏུ་ཤིན་ཏུ་མི་གནས་པ་ནི། ཆོས་ཐམས་ཅད་ལ་མིང་དང་བརྡ་དང་ཐ་སྙད་ཀྱི་མཚན་ཉིད་སྣ་ཚོགས་སུ་བསྟན་ཅིང༌། རྣམ་པར་བཞག་ཀྱང་ཇི་ལྟ་བུའི་མཚན་ཉིད་དུའང་གནས་པ་མི་འགྲུབ་སྟེ། རགས་པ་ཨ་ཅད་ཆེས་ཀྱི། ཐ་ན་རབ་ཏུ་ཕྲ་བ་ཞེའམ། ཤིན་ཏུ་ཟབ་པའི་གནས་གཅིག་ལ་ཡང་མི་གནས་མི་རྟེན་པས། རབ་ཏུ་ཤིན་ཏུ་མི་གནས་པ་ཞེས་བྱའོ། །འདི་ནི་ཤེས་བྱ་ཡོངས་སུ་གཅོད་པའི་དུས་ནའང་འདི་ལྟར་གཅོད་ལ། སངས་རྒྱས་ཀྱི་སའི་དུས་ནའང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྤྲོས་པ་ཡོངས་སུ་ཞི་བའི་མཚན་ཉིད་དུ་འདོད་དོ། །ཞེས་གསུངས་པ་ནི། རང་རྒྱུད་གོང་མ་གཉིས་དང་། གཞུང་ཕྱི་མོའི་དབུ་མ་པ་དག་སྤྲོས་བྲལ་བཞེད་པར་གསུངས་པར་གྲུབ་སྟེ། དེ་ཉིད་ལས། དབུ་མ་རྣམ་གཉིས་ཀུན་རྫོབ་ཀྱི་ཚུལ་མི་མཐུན་པ་ལ། ལུང་དང་རིགས་པ་འགངས་ཆེ་བ་ནི། རྒྱུད་དང་མདོ་སྡེ་སྤྱིའི་གཞུང་དང༌། རིགས་པ་སྤྱིའི་ཚུལ་དང༌། དབུ་མའི་མཁན་པོ་གཞུང་ཕྱི་མོ་མཛད་པའི་སློབ་དཔོན་ཀླུ་སྒྲུབ་དང༌། ཨཱརྱ་དེ་ཝའི་གཞུང་ལྟར་ན་ཡང་། རྣལ་འབྱོར་སྤྱོད་པའི་དབུ་མའི་གཞུང་དོན་ཆེ་བར་སྣང་ངོ༌། །དབུ་མའི་གཞུང་གི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བ། ཡང་དག་པའི་ཀུན་རྫོབ་ཀྱི་དབང་ལ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་སྤང་བ་དང་། བླང་བར་བྱ་བའི་དོན་སོ་སོ་བྱ་བ་བྱེད་པ་རྫས་སུ་ཡོད་དོ། །ཞེས་འདོད་པ་ལ། ཞེས་གསུངས་པས། དབུ་མའི་སློབ་དཔོན་ཆེན་པོ་དག་མཐར་ཐུག་སྤྲོས་བྲལ་གཏན་ལ་ཕེབས་ཡོད་པ་བཞེད་པར་མངོན་ནོ། །དེང་སང་ཡོངས་ཁྱབ་ཏུ་ཁོང་གི་གསུང་པོད་གཉིས་ལས་མཇལ་རྒྱུ་མེད་ལ། དེར་དབུ་མ་ཐལ་འགྱུར་བ་དང་། རང་རྒྱུད་པ་ཞེས་གསལ་པོར་བཤད་པ་མེད་མོད། དེ་ནི་དབུ་མ་ལ་འཇུག་པ་ཐོག་མར་བོད་སྒྱུར་གནང་མཁན་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་། པ་ཚབ་ཉི་མ་གྲགས་པ་གཉིས་ཀ་ཁོང་དང་དུས་མཉམ་པས། སྐབས་དེར་གཞུང་དེ་བསྒྱུར་ཟིན་དགོས་ཀྱང་། ཡུལ་དུས་ཀྱི་རྐྱེན་པས་དར་ཁྱབ་དེ་ཙམ་བྱུང་མེད་པའང་ཡིན་སྲིད་དོ།།

རྩོམ་སྒྲིག་པ། དབུ་མ་རྒྱན་གྱི་སྤྱི་དོན་ལས། གཞུང་འདིར་ཡང་། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲངས་པར། །ཞེས་པ་ནས། ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་པའི་བར་གྱི་དོན། དཔལ་ལྡན་ཟླ་བ་དང་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་འགྱུར་བ་ཡིན་ནོ། །ཞེས་སོགས་ཀྱིས། རང་རྒྱུད་པས་མཐར་ཐུག་ལ་ཐལ་འགྱུར་པ་དང་མཐུན་པར། ཁས་ལེན་ཀུན་བྲལ་གྱི་སྒོ་ནས་ལྟ་བ་གཏན་ལ་ཕབ་པར་གསུངས་ནའང་། རང་འགྲེལ་དང་། དཀའ་འགྲེལ་དག་ལས། དེའི་ཐད་དུ་དོན་དམ་པ་ན་ཞེས་དོན་དམ་གྱི་སྒྲ་སྦྱར་གནང་འདུག་པས། དེའི་ཐད་ནས་དགོངས་ཚུལ་ཇི་ལྟར་ལགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། སྤྱིར་དོན་དམ་པར་ན་ཞེས་པའི་སྒྲ་བྱུང་བ་ཙམ་གྱིས། དོན་དམ་གྱི་ཁྱད་པར་སྦྱར་བའི་ངེས་པ་མེད་དེ། དབུ་མའི་རྒྱན་ལས། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་ཡང་དག་ཅེས་བྱུང་བ་ནི། དོན་དམ་ཡང་དག་ཏུ་གྱུར་པའམ། དོན་དམ་མཚན་ཉིད་པར་གྱུར་པའམ། དོན་དམ་མཐར་ཐུག་ཏུ་གྱུར་པ་ནི་སྤྲོས་བྲལ་ཡིན་ཞེས་པའི་དོན་ཏེ། དབུ་མ་རྒྱན་གྱི་རང་འགྲེལ་ལས། དོན་དམ་པ་ནི། དངོས་པོ་དང་། དངོས་པོ་མེད་པ་དང་། སྐྱེ་བ་དང་། མི་སྐྱེ་བ་དང་། སྟོང་པ་དང་། མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །ཞེས་དང་། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དངོས་པོ་ཡོད་པ་དགག་པའི་དོན་དམ་དེ་ཅིའི་ཕྱིར་དོན་དམ་དངོས་མ་ཡིན། མཐར་ཐུག་པའི་དོན་དམ་མཚན་ཉིད་པ་དེ་ལས་བོགས་དབྱུང་དུ་མི་སྲིད་པ་གང་ཡིན་སྙམ་ན། དངོས་པོ་དགག་བྱ་རྣམ་པར་བཅད་པ་འདི་ནི། ཡོད་པ་བསལ་བའི་གཞན་སེལ་རྟོག་པའི་གཟུགས་བརྙན་ཙམ་ཡིན་པས་སྤྲོས་པ་ལས་མ་འདས་ལ། ཡང་དག་པ་མཐར་ཐུག་གི་དོན་དུ་ན་ཡོད་མེད་ཡིན་མིན་ལ་སོགས་པའི་མཐར་འཛིན་གྱི་སྤྲོས་པ་ཡི་ཚོགས་རྣམས་ཀུན་ལས་ཀྱང་། དོན་དམ་མཚན་ཉིད་པ་དེ་ནི་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ལ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་བམ་པོ་དང་པོ་ལས། ལྷའི་བུ། དོན་དམ་པར་ན། དོན་དམ་པའི་བདེན་པ་ནི། ལུས་དང་། ངག་དང་། ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ། དོན་དམ་པར་ན། དོན་དམ་པའི་བདེན་པ་ནི། ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང༌། སྨྲ་བ་དང་། ཤེས་པར་བྱ་བ་དང༌། ཤེས་པ་དང་བྲལ་བའོ། །ཞེས་མདོ་སྡེ་དག་ལས་ཀྱང་དེ་ལྟར་གསུངས་ཤིང་། དབུ་མ་ལ་འཇུག་པའི་སེམས་བསྐྱེད་པ་དྲུག་པ་ལས། འདི་ལྟར་གཟུགས་དང་། ཚོར་བ་ལ་སོགས་པ་འདི་དག་ནི། ཅི་བདག་ལས་སྐྱེ་བ་ཞིག་གམ། ཅི་གཞན་ལས་སྐྱེ་བ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་དཔྱད་པ་ན། དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ཕྱིར། རང་བཞིན་ཅན་ལས་ཚུ་རོལ་ཏེ་གཞན་དུ་གྱུར་པའི་ཆ་སྐྱེ་བ་ལ་སོགས་པ་ཅན་ལ་གནས་པ་མ་ཡིན་ཏེ། ཞེས་ཐལ་འགྱུར་བའི་གཞུང་དུའང་དོན་དམ་གྱི་སྒྲ་དེ་འདྲ་གསུངས་པ་ཡོད་དོ། །དེས་ན་དགག་བྱར་དོན་དམ་གྱི་ཁྱད་པར་སྦྱར་མིན་ནི། དོན་དམ་གྱི་སྒྲ་སྦྱར་ཡོད་མེད་ཙམ་མིན་པར། བློས་འཛིན་ཚུལ་གྱི་སྟེང་ནས་བཞག་དགོས་ཏེ། དོན་དཔྱོད་རིགས་པས་དཔྱད་ཀྱང་ཐ་སྙད་དུ་མི་ཁེགས་པའི་ཐ་སྙད་རང་མཚན་གྱིས་གྲུབ་པ་དང་། ཐ་སྙད་ཚད་གྲུབ་བཞེད་མིན་ལས་ཤེས་དགོས་པས་སོ།།

རྩོམ་སྒྲིག་པ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས། འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོར་བསྒྲུབས། །ཞེས་གསུངས་པའི་དགོངས་པ་གཅིག་པ་དེ། མདོ་སྔགས་ཀྱི་ལྟ་བ་གང་གི་ཐོག་ནས་དགོངས་པ་གཅིག་པ་ཡིན། རོང་ཟོམ་པས་སྔགས་ཀྱི་སྐབས་ནས་བསྟན་པའི་ཀ་དག་གཏན་ལ་ཕབ་པ་དེ་དང་། དཔལ་ལྡན་ཟླ་བའི་དགོངས་པ་གཅིག་ཚུལ་གསུངས་པ་ཡིན་ན། རོང་ཟོམ་ཆེན་པོས། མདོ་ཡི་ལྟ་བ་གཏན་ལ་འབེབས་ཚུལ་ཟླ་བ་གྲགས་པ་དང་མི་མཚུངས་པ་ལགས་སམ། དགོངས་ཚུལ་གསུང་རོགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། ཟླ་བ་གྲགས་པས། སྟོང་པ་ཆེན་པོ་དང་། རོང་ཟོམ་ཆེན་པོས། ཀ་དག་བཤད་པ་གཉིས་དོན་གཅིག་ཏུ་གྱུར་ཚུལ་ནི། དབུ་མ་འཇུག་པ་ལས་བཤད་པའི་སྤྲོས་བྲལ་དབུ་མ་ཆེན་པོ་ཇི་ལྟ་བ་བཞིན་དུ། ཐེག་ཆེན་ཚུལ་འཇུག་གི་ལེའུ་གསུམ་པ་དང་། བཞི་པ། ལྔ་པ་གསུམ་གར་ཀ་དག་གི་དོན་བཤད་པ་ན་སྤྲོས་བྲལ་ཉིད་རྩལ་འདོན་བྱས་ཡོད་པ་དང་། ལྟ་བའི་བརྗེད་བྱང་ལས། ད་ནི་གསང་སྔགས་ཀྱི་གཞུང་ལས་གྲགས་པའི་ལྟ་བ་ཅུང་ཟད་བརྗོད་པར་བྱ་སྟེ། དོན་དམ་པར་སྐྱེ་འགག་མེད་པར་འདོད་པ་ནི་དབུ་མ་དང་མཐུན་ནོ། །ཀུན་རྫོབ་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྱུ་མ་ཙམ་དུ་ལྟ་བའང་མཐུན་ནོ། །ཞེས་དང་། རབ་ཏུ་གནས་པ་ཇི་ལྟར་བྱ་བའི་གཞུང་གི་བཤད་སྦྱར་ལས། གསུམ་པ། དབུ་མ་དང་སྒོ་མཐུན་པའི་རྫོགས་པའི་རྣལ་འབྱོར་གྱི་ཚུལ་གྱིས་བདག་གི་དེ་ཁོ་ན་ཉིད་ནི། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་དག་པའི་ཡེ་ཤེས་རང་རིག་པ་ཙམ་འདི། ཡང་དག་པར་ཡོད་པར་འདོད་པ་ཡང་ཀུན་ཏུ་བརྟགས་པ་ཙམ་སྟེ། ཕྱི་ནང་གི་དངོས་པོ་འདི་དག་ནི། རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་སྐྱེ་བར་དམིགས་པས། ཡང་དག་པར་ན་གཅིག་དང་དུ་མའི་ངོ་བོ་ཉིད་བློས་ཕྱེ་ན་རྙེད་པ་མ་ཡིན་པས། ཆོས་ཐམས་ཅད་ནི་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་དེ། ཞེས་སོགས་ཀ་དག་བཤད་པའི་སྐབས་ཀུན་ཏུ་དེ་ལྟར་བྱུང་། འོན་ཀྱང་དེས་རོང་ཟོམ་ཆེན་པོས་མདོའི་དབུ་མའི་དོན་གཞན་དུ་བཤད་དགོས་པའང་མེད་དེ། སྣང་བ་ལྷར་སྒྲུབ་ལས། དབུ་མ་པས། དོན་དམ་པར་ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པ་ལ་སོགས་ཏེ་མཐའ་ཐམས་ཅད་དང་བྲལ་ཏེ། སྤྲོས་པ་ཡོངས་སུ་བཅད་པའོ། །ཞེས་འདོད་པ་དང་། ཞེས་དང་། ལྟ་བའི་བརྗེད་བྱང་ལས། དབུ་མ་པ་ནི། ཡིད་ཀྱང་དོན་དམ་པར་རྫས་སུ་མེད་དེ། ཡང་དག་པར་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ངོ་བོ་ཉིད་མེད་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དུ་འདོད་དོ། །ཞེས་དང་། ཞེས་སོགས་ཀྱིས་གྲུབ་པའི་ཕྱིར་རོ།།

རྩོམ་སྒྲིག་པ། མཐའ་དོན་སྐུ་ཉིད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ལས་དང་པོ་བ་ཞིག་གི་ངོས་ནས། ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་ལ་ཐོག་མར་ཐོས་བསམ་གྱི་གོམས་འདྲིས་བྱེད་སྟངས་དང་། གོང་ཞུས་ཀྱི་དྲི་བ་དག་གིས་མ་འཐུས་པའི་དགོངས་འཆར་དམིགས་བསལ་བ་དེ་འདྲ་ཡོད་ན་གསུང་རོགས།

མཁན་སྤྲུལ་དགེ་འདུན་རབས་རྒྱས། ལས་དང་པོ་བས་ཀུན་མཁྱེན་རྣམ་གསུམ་གྱི་གཞུང་ལུགས་ལ་གོམས་འདྲིས་དགོས་ན། དེ་དག་གི་གཞུང་ལུགས་དངོས་ཀྱི་ཚིག་དོན་རེ་རེ་བཞིན། བློ་གྲོས་རང་རྐྱ་ཐུབ་པ་ཞིག་གིས་ཐོས་བསམ་བྱེད་པ་གལ་ཆེ། དེའང་གོང་ཞུས་ལྟར། སྔ་འགྱུར་རང་གཞུང་ན་བཤད་པའི་གྲུབ་མཐའ་སྨྲ་བ་བཞིའི་ཁྱད་པར་སོགས། དེང་དུས་ཀྱི་ཡོངས་གྲགས་དང་མི་མཐུན་པ་ཤིན་ཏུ་མང་བས། ཡོངས་གྲགས་ཀྱི་གོ་བ་ཅུང་ཙམ་ཆགས་ཡོང་དུས། དེས་ཁོང་གསུམ་གྱི་གཞུང་ལ་ཕར་བཀབ་ན། རང་ལུགས་ཐུན་མིན་གྱི་བཞེད་མཚམས་གང་ཡང་ངེས་དཀའ་ལ། དེ་བས་ན་གཞན་ཟེར་རྗེས་བརྗོད་ཙམ་མིན་པར། རང་གི་རིགས་པ་དཔང་པོར་བྱས། རྒྱ་གཞུང་ཁུངས་ཐུབ་དག་ལ་གཏུགས་ཏེ་ཚིག་དོན་རེ་རེ་བཞིན་ཞིབ་པར་དཔྱད་ན། ད་གཟོད་ཁོང་གསུམ་གྱི་ཐུན་མིན་བཞེད་མཚམས་དག་མ་འདྲེས་པར་འབྱེད་ནུས་ཀྱི། གཞན་དུ་དཀའ་བར་སེམས་སོ།།
མཐར་མ་ཡུམ་སློབ་གླིང་གི་དགེ་སློབ་ཡོངས་དང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་ཡོངས་ཀྱི་བསྟན་འགྲོར་སྨན་པའི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ལན་བརྒྱར་ཞུའོ།།

སྤྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་དགེ་འདུན་རབས་རྒྱས་ཀྱིས་ཕུལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

This Post Has One Comment

  1. བསྟན་འཛིན།

    བཅར་འདྲི་བཟང་ངོ་།།

དཔྱད་མཆན་སྤེལ།