སྤྲིན་པ་ལུད་སོང་། དྲན་འཆར་བབས་སོང་།

ཉི་བསམ། (སེར་བྱེས་འབྲིང་རིམ་སློབ་གྲྭ།)

གནམ་འོག་གི་དཔྱིད་ཀའི་མཚན་གཞུང་ནི་ཁབ་རྩེ་ས་ལ་ལྷུང་བའི་སྒྲ་དང་གཉིས་སུ་མ་མཆིས་པར་འཇམ་ཐིང་ཐིང་གི་མཚན་མོ་ཞིག་སྟེ། ཉེ་འདབས་ཀྱི་ཁྱིམ་མཚེས་དང་ཁྱིམ་མི་དེ་དག་ཁུ་སིམ་སིམ་གྱིས་རྨི་ལམ་གྱི་ཞིང་དུ་སྐྱོད་པའི་དུས་ཤིག་རེད། དེས་ན་ངས་ཀྱང་རང་ཉིད་ཀྱི་མལ་སྟན་དྲོན་མོ་བཟོ་བཞིན་རྨི་ལམ་གྱི་ཞིང་དུ་སྐྱོད་པར་སྟ་གོན་བྱས།
འོན་ཀྱང་། མཚན་སྨག་ནག་པའི་དོ་ནུབ་ཀྱི་མཚན་ལྗོངས་འདིར་ཆེས་རྒྱུས་མངའ་ཡོད་པའི་ལྕགས་ཀྱི་བཙིར་སྒྲ་ཞིག་རྣ་བའི་བུ་གར་འཛུལ་བ་བཞིན་སྔ་ཕྱི་མེད་པར་གཉིད་ལས་སད་བྱུང་། གློ་བུར་དུ་ང་རང་སེམས་པ་དྲོད་ལམ་ལམ་དང་། ལུས་པོ་འཁྱག་སིབ་སིབ། ལྷགས་པ་གྲང་བསིལ་བསིལ་དང་། སེམས་པ་དགའ་ལྷང་ལྷང་ཞིག་གིས་ཚོར་ཤུགས་དགའ་སྐྱོ་འདྲེས་མས་བཟི་བར་བྱས། དེས་ན་ངས་ཀྱང་ཅི་ཞིག་འཐོབ་འདོད་ཀྱིས་སྒེའུ་ཁུང་ནས་མིག་གིས་ལ་འདེད་ལུང་འདེད་བྱེད་བཞིན་ཅེ་རེར་བལྟས་བསྡད་པའི་དུས་ན། ལྷགས་པ་གྲང་བསིལ་བསིལ་དག་ཕྱི་ནས་ནང་དུ་ལྡང་ཞིང་ཁང་པའི་སྒེའུ་ཁུང་གི་ཡོལ་བ་དག་སླར་ཡང་ལྷགས་པས་བསྐྱོད་ཅིང་གཡོ་བཞིན་འདུག དེས་ན་ངས་རང་ཉིད་ཀྱི་མགོ་བོ་གོས་ཀྱིས་མ་བཏུམས་པར་ལག་ཟུང་གིས་ལྷགས་པར་བསྐྱོར་བ་ནི་ཅི་ཞིག་ལ་རེག་པ་བཞིན་སུས་ཀྱང་སྨྲ་མི་ཐུབ་པ་ཞིག་རེད། 
ང་རང་དེ་ལྟར་ཧད་བཞིན་པའི་ཡུད་ཙམ་ཞིག་ལ་ཁང་པའི་སྒོ་ར་ནས་བར་མཚམས་མེད་པར་འབབ་བཞིན་པའི་ཆར་པའི་ཤག་སྒྲ་ཐོས། སྒེའུ་ཁུང་གི་ཀླད་ནས་སིམ་སིམ་དུ་འཕྱུར་འོང་བ་དེའང་ཆར་པ་རེད། “ཨོའོ། ཆར་པ་བབས་སོང་།” ཞེས་རང་ཉིད་གཅིག་པུར་ཆིག་ལབ་བརྒྱབ་ཅིང་སེམས་པ་ས་མཆོང་གནམ་མཆོང་བྱེད་བཞིན་སླར་ཡང་སྒེའུ་ཁུང་དང་ཉེ་བར་བཅར་ནས་ཆར་འབྲུ་དང་གྲང་རླུང་དག་ལྷག་པར་ཚོར་བའི་རྦ་རླབས་སུ་འཕྱོ། གློ་བུར་བའི་དོ་ནུབ་ཀྱི་ཆར་ཟིམ་ཟིམ་དེས་ངའི་སེམས་པ་དེའང་བློང་བློང་བོར་བཟོས་ཏེ་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གོང་གི་ང་དང་ངའི་ཉིན་བྱེད་གླིང་དགོན་པའི་ཆུང་གྲོགས་ཚོའི་གནས་ལུགས་དེ་དག་མིག་གི་བརྙན་ཡོལ་དུ་རི་མོར་བཀོད་པ་བཞིན་འཆར་དུ་བཅུག་པ་དེ་རེད། རེད་ཡ། ལོ་ངོ་བཅུ་ཕྲག་གོང་ནས་ང་རང་གྲྭ་རྐྱང་ཞིག་ཡིན། 
ཉིན་བྱེད་གླིང་དགོན་པ་ནི་བལ་ཡུལ་བྱང་ཕྱོགས་སུ་ཆགས་ཤིང་དབེན་པའི་བསྟི་གནས་ཤིག་རེད་ལ། བསྟི་གནས་དེར་སྐར་ཚོགས་ས་ལ་འཕོས་འདྲའི་རྒྱ་མཚོ། དར་དཀར་གྱི་དཔྱང་ཐག་འཐེན་པ་འདྲ་བའི་གཙང་པོ་སྒེག་ཉམས་ཅན་ཞིག་མེད་ཀྱང་། ནམ་མཁར་བསྙེགས་པའི་རི་བོ། ཚང་ཚིང་སྟུག་པོའི་ནགས་ཚལ། ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་སོགས་ཀྱིས་མཐའ་བསྐོར་ཅིང་བལྟས་ན་ཡིད་དུ་འོང་བས་ལྷ་ཡུལ་གྱི་ཞིང་ཁམས་སུ་འཁྲུལ་འགྲོ། དགོན་པ་དེའི་གཡས་ཕྱོགས་སུ་ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་ལོ་རྒྱུས་ཀྱི་རྡོ་རིང་དུ་བཀོད་ཡོད་པའི་རྗེ་བཙུན་མི་ལ་རས་པའི་སྒོམ་སྒྲུབ་གནང་སའི་ཕུག་པ་གྲགས་པ་ཅན་ཞིག་ཀྱང་ཡོད།
དེ་ནི་རང་བྱུང་གི་སྒྲུབ་ཕུག་ཅིག་ཡིན་པ་ལས་མིས་བཟོ་བཀོད་བྱས་པའམ་རྡོ་བརྐོས་སྒྱུ་རྩལ་ལས་གྲུབ་པ་ཞིག་རྩ་ནས་མིན་ཞིང་། སྒྲུབ་ཕུག་དེའི་སྒོ་ཐོག་ན་སྟག་གི་སྡེར་མོ་ལྔ་དང་འདྲ་བའི་སྤར་རྗེས་ཤིག་བརྗིད་ཆགས་དང་ལྡན་པར་འབུར་ནས་ཡོད་ལ། སྒྲུབ་ཕུག་ནང་གི་གྱང་རིས་དེ་དག་ནི་ཁོད་མི་སྙོམས་པའི་རྡོ་བས་གྲུབ་ཡོད། སྒྲུབ་ཕུག་དེའི་ནང་དུ་རྗེ་བཙུན་མི་ལ་རས་པ་རང་ཉིད་སྒོམ་གྱི་ཚུལ་དུ་ཞབས་གཉིས་དཀྱིལ་ཀྲུང་དུ་བཞུགས་པའི་སྐུ་པར་ནར་དབྱིབས་ཅན་ཞིག་པར་སྒྲོམ་ནང་དུ་བླུགས་ཏེ་ཤར་ཕྱོགས་སུ་ཁེལ་བའི་གྱང་ངོས་སུ་དཔྱངས་ཤིང་མདུན་དུ་མཆོད་པ་ཏིང་བདུན་དང་བཅས་ཕུལ་ནས་ཡོད། བསྟི་གནས་དེ་བལ་ཡུལ་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྲགས་དང་གྲགས་བཞིན་པའི་གནས་ཆེན་ཞིག་རེད་ལ། དེ་རུ་མི་རིགས་སྣ་ཚོགས་དབྱེ་བ་མེད་པར་མཆོད་མཇལ་དུ་ཡོང་སྲོལ་ཡོད། ཡ་མཚན་པ་ཞིག་ལ་ལ་ཁུག་ལུང་ཁུག་ཏུ་ཡོད་པའི་གནས་དེར་དམིགས་བསལ་གྱིས་ཕྱི་རྒྱལ་སྤྲོ་འཁྱམ་པ་དག་མཆོད་མཇལ་དུ་ཡོང་སྲོལ་ཡོད། གཞན་ཡང་། ཤར་པའི་མི་རིགས་དང་། བལ་པོའི་མི་རིགས། མདོར་ན་ཕྱོགས་འདྲ་མིན་སྣ་ཚོགས་ནས་ཡོང་བའི་མཆོད་མཇལ་བ་ནི་ལོ་རེར་གྲངས་ཀྱིས་མི་ལོངས་པ་ཞིག་ཡོང་སྲོལ་ཡོད།
སྐབས་འགའ་རེར་མཆོད་མཇལ་བ་འགར་ལམ་ཁ་མ་རྙེད་ནས། ང་ཚོར་ལམ་འདྲི་བྱེད་དུ་ཡོང་ཚེ་ང་ཚོས་སྐར་མ་གཅིག་གི་སྔོན་དུ་སུ་ཞིག་ཐོན་ཐུབ་ཀྱང་གསེར་ཆེན་ཞིག་འཐོབ་རྒྱུ་ཡོད་པ་བཞིན་ང་ཚོ་མཆོད་མཇལ་བ་དེ་ཚོའི་མདུན་དུ་ཨ་མ་མ་ཐུག་པའི་བྱིས་པ་བཞིན་མྱུར་བར་བརྒྱུགས་ཏེ་འགྲོ་མྱོང་ཡོད། དེའི་རྒྱབ་ལྗོངས་སུ་ང་ཚོའི་འགྲོ་ལུགས་དང་གོམས་སྲོལ་ཞིག་ཡོད་པ་ནི། མཆོད་མཇལ་བ་དག་གི་ལམ་སྣ་སུས་ཁྲིད་ཀྱང་དེར་དངུལ་སྒོར་ཉུང་ཙམ་ཞིག་སྤྲོད་ཀྱི་ཡོད་པས་རེད། དེ་དག་ནི་ང་ཚོའི་དགོན་པའི་ཉེ་འདབས་སུ་ཡོད་པར་བརྟེན་ང་ཚོ་ལའང་ཅི་འདྲའི་སྐྱིད་པའི་སྣང་བ་ཞིག་བྱིན་མྱོང་། གཞན་ཡང་། དགོན་པའི་རྒྱབ་ཕྱོགས་སུ་ཁང་པ་ཁ་དོག་དཀར་པོ་དབྱིབས་ནར་མོ་གསུམ་ཐོག་ཅན་ཞིག་ཡོད་ལ། ཁང་པ་དེའི་ཐོག་བརྩེགས་གཉིས་པ་ནི་ང་དང་ངའི་ཆུང་གྲོགས་ཚོས་ཀ་ཁའི་དབྱངས་རྟ་གྱེར་སའི་འཛིན་ཁང་ཞིག་རེད། དེའི་མདུན་ཕྱོགས་སུ་སྒོ་ར་ཆུང་ཆུང་ཞིག་ཡོད་ལ་སྒོ་ར་དང་འཛིན་ཁང་གི་སྒོ་ཐེམ་དབར་ན་ཡུར་བ་ཆུང་ཆུང་ཞིག་ཡོད། ཡུར་བུ་དེ་ནི་ཆུང་གྲོགས་ང་ཚོའི་ཉིན་མཚན་མེད་པའི་རྩེད་ར་ཞིག་རེད་མོད། ང་ཚོས་ཆར་པ་འབབ་པར་སྒུག་ཅིང་ནམ་ཞིག་ཆར་པ་བབས་ཚེ་ང་ཚོ་འུར་གྱིས་འཛིན་ཁང་དུ་ཕྱིན་ཏེ་འབྲི་དེབ་ཀྱི་ཤོག་ལྷེ་རེ་བླངས་རྗེས་རང་ཉིད་ཀྱི་ཁུ་ཚུར་འདྲ་བའི་གྲུ་ཆུང་རེ་བཟོས་ཏེ་ཡུར་བུ་དེར་ཤོག་གྲུ་གཏོང་བཞིན་རྩེད་མོ་རྩེ་ཡི་ཡོད། གང་ལྟར་ཡང་དེ་དག་ནི་དོ་ནུབ་ཀྱི་སྤྲིན་པ་ལུད་པའི་ཚོར་སྣང་ཞིག་གིས་ངའི་འདས་ཟིན་པའི་ཁོར་ཡུག་ཅིག་ཕྱིར་དྲན་བྱས་པའི་དྲན་འཆར་ཞིག་རེད།
སྐབས་དེ་དུས་ཀྱི་ང་ནི་བྱིས་པ་པྲ་ཚག་ཅན་ཞིག་ཡིན་ལ་ཉིན་གང་གི་འགྲོ་འདུག་སྤྱོད་གསུམ་དེའང་བཟའ་བཏུང་རོལ་རྩེད་ལས་གཞན་དུ་དུས་ཚོད་སྲོག་ལྟར་མི་གཅེས་ཤིང་ཕངས་མེད་དུ་གཏོང་མཁན་ཞིག་ཡིན། འོ་རེད། ད་ནི་རང་ཉིད་དགོན་པ་དང་དགོན་པའི་ཆུང་འདྲིས་ཚོ་དང་གྱེས་ཏེ་ལོ་ངོ་བཅུ་ཕྲག་ཅིག་འདས་ཟིན་འདུག སླར་ཡང་ང་རང་སེམས་པ་སྐྱོ་ལྷང་ལྷང་ངང་སྡོད་དགོས་བྱུང་། འཇིག་རྟེན་འཁོར་བ་མི་རྟག་སྟེ། །འདུས་པའི་ཐ་མ་བྲལ་བ་ཡིན། །ཞེས་པ་དེ་ཅིས་མི་བདེན་ཨང་། སྤྱིར་ང་ལ་མཚོན་ན་ཆར་པ་དང་ངའི་ཆུང་གྲོགས་དེ་དག་ནི་ངའི་མི་ཚེ་ཡི་ནང་། སྐྱོ་ན་ཉིན་གཅིག་ལས་སྐྱོ་མ་ཐུབ་ཀྱང་། འཆི་ན་ཁུག་གཅིག་ནས་འཆི་ཐུབ། ཅེས་པ་དེ་ངའི་མི་ཚེའི་སྡོམ་ཞིག་ཡིན་པ་འདྲ། འོན་ཀྱང་། ཆར་པ་ནི་ངའི་མ་འོངས་མདུན་ལམ་དུ་འཕྲད་འོང་བར་གདོན་མི་ཟ་ཡང་། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་གི་བར་ནས་གྱེས་ཕྱག་ཕུལ་བའི་ངའི་ཆུང་འདྲིས་དེ་དག་སླར་ཡང་གང་དུ་འཚོལ་བར་འགྲོ། 
ང་རང་དགོན་པའི་ཆུང་གྲོགས་ཚོ་དང་གྱེས་ཏེ་རྒྱུས་མེད་མི་ཡུལ་ལུང་པར་སླེབས་རྗེས་ལོ་ངོ་བཅུ་ཕྲག་འདས་ཟིན་ཀྱང་། ནམ་ཡང་ཆུང་འདྲིས་དེ་དག་ངའི་སེམས་པའི་གཏིང་ནས་བརྗེད་དཀའ་བ་ཞིག་རེད། སྐབས་འགར་ང་རང་མི་ཡུལ་འདི་ནས་ཆར་ཆུ་དང་འཕྲད་དུས་ངས་ཆུང་འདྲིས་དང་གཞན་ཡང་ང་ཚོའི་འཛིན་ཁང་གི་མདུན་ན་ཡུར་བུ་དེ་རུ་རྩེད་འཇོ་ལ་རོལ་བཞིན་པའི་དུས་ཚིགས་དེ་དག་སླར་ཡང་དྲན་གྱིན་འདུག ཆར་པ་འབབ་སྟངས་ཤིག་གིས་ཀྱང་མི་ཚེའི་གནས་ལུགས་མང་དག་ཅིག་སླར་གསོ་བྱེད་བཞིན་འདུག་ཨང་། ཞེས་སྙམ་སྟེ་རང་ཉིད་ཀྱི་མལ་ཁྲིའི་སྒེའུ་ཁུང་གི་ཁ་ནས་ཁང་པའི་ལྕགས་རི་ཕྱོགས་སུ་ལྟ་བཞིན་བརྗོད་མི་ཚར་བ་དང་མྱོང་མི་ཚར་བའི་འདས་དོན་དག་བློས་བསླངས་བྱས། རང་ཉིད་ཀྱི་འདས་ཟིན་པའི་དྲན་པ་དག་ལ་ཕྱིར་འདང་ཞིག་བརྒྱབ་སྟེ་མཇུག་བསྡུས་པ་དང་བསྟུན་ནས་ཆར་པའི་འབབ་རྒྱུན་དེའང་ཆད་སོང་།
དོ་ནུབ་ཀྱི་ཆར་པས་ང་ལ་འདས་ཟིན་པའི་ལོ་ཟླ་དག་ཕྱིར་དྲན་ཞིག་བྱས་པས་ངས་རང་སེམས་བློང་བློང་བོར་ཡིག་ཐོག་ཏུ་བཀོད། སྤྱིར་ང་རང་ཆར་པ་ལ་ཤིན་ཏུ་དགའ་ཞིང་ཆར་པས་ང་ལ་ཆར་པ་འབབ་སྟངས་ཤིག་གིས་ངའི་སེམས་པ་དེའང་ཁུ་སིམ་སིམ་ངང་ཟིལ་པ་བར་སྣང་དུ་འཕྱོ་བ་ལྟར་ཚོར་སྣང་ཞིག་སྟེར་ཞིང་། ཆར་པ་ཆད་ཚུལ་ཞིག་གིས་ཀྱང་ངའི་སེམས་པ་སླར་ཡང་ཟིལ་པ་ལྟར་གར་སོང་ཆ་མེད་དུ་གྱུར་པའི་ཚོར་སྣང་ཞིག་བྱིན་འོང་། ད་ནི་དོ་ནུབ་ཀྱི་ཆར་པའང་ཆད་སོང་ལ། དུས་ཚོད་དེའང་ཕྱི་དྲགས་ཏེ་ཞོགས་པའི་སྐྱ་རེངས་ཤར་ལ་ཉེ་བས་ང་རང་སླར་ཡང་རང་ཉིད་ཀྱི་ཉལ་གོས་ནང་དུ་འཛུལ་ཏེ་རྨི་ལམ་གྱི་ཞིང་དུ་སྙེག་འགོ་བརྩམས་པ་ཡིན།

༢༠༢༠/༠༤/༡༠ ཉིན་ཆར་པ་འབབ་པའི་མཚན་གཞུང་ཞིག་ནས་འདས་ཟིན་པའི་ལོ་ངོ་དེ་དག་གི་ཚོར་བ་དངོས་དང་བསྟུན་ནས་ཕྱིར་འདང་རེ་བརྒྱབ་སྟེ་བྲིས། 

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

This Post Has One Comment

  1. འཇའ་ཐང་འབྲོག་བུས།

    རྩོམ་རིག་གི་བརྡ་ཆད་བཀོལ་སྟངས་དང་ཚོར་བའི་རྣོ་དཔལ་འདོན་ལུགས་སོགས་ལེགས་པོར་འདུག

དཔྱད་མཆན་སྤེལ།