མ་བྱིན་ལེན་ཕམ་པའི་འགྲེལ།

ལོ་རིམ་དགུ་པའི་སློབ་གཉེར་བ། ཆོས་དབྱིངས་རྡོ་རྗེ།

བདེན་བཞིའི་གནས་ལུགས་འཆད་པར་སེངྒེའི་དཔའ་ངར་ཅན་པོ།།
ལས་འབྲས་རྣམ་གཞག་གཟིགས་པར་བྱ་རྒོད་མིག་ཟུང་ལྡན་པོ།།
གདུལ་བྱའི་ཉོན་མོངས་འཁྲུད་པར་ཐབས་མཁས་ཐུགས་རྗེ་ཅན་པོ།།
སྙིགས་དུས་འགྲོ་བའི་སྒྲོན་མེ་ཐུབ་པའི་དབང་པོར་འདུད་དོ།།

ཞེས་སྟོན་པ་ཐུགས་རྗེ་ཅན་ལ་གུས་ཕྱག་སྔོན་དུ་བཏང་ནས་གང་ཞིག་གླེང་བར་བྱ་བའི་རིམ་པ་ནི། སོ་སོར་ཐར་པའི་མདོ་ལས།1 ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །ཞེས་དང་། ལུང་རྣམ་འབྱེད་ལས།2 རྒྱལ་བའི་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་པ་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་གཞན། །ཞེས་གསུངས་པ་ལྟར་དམ་ཆོས་འདུལ་བ་རིན་པོ་ཆེ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཚབ་ཏུ་བསྔགས་ཏེ་སྟོན་དང་བསྟན་པ་གཉིས་ཀ་ཡིན་པར་གསུངས་ཤིང་། ནང་པའི་གཞུང་ནས་བཤད་པའི་ལྟ་སྤྱོད་གཉིས་ལས་སྤྱོད་པ་འཚེ་བ་མེད་པའི་བརྗོད་བྱ་གཙོར་བྱས་པའི་ཐོག་རབ་ཏུ་བྱུང་བ་རྣམས་སྒོ་གསུམ་ཉེས་པ་ལས་ལྡང་བའི་གཉེན་པོའི་ཚོགས་སྒྲུབ་པ་དང་། མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པའི་སྤང་བླང་གི་གནས་རྒྱ་མཚོ་ལྟ་བུ་བསྟན་ཡོད་ཀྱང་། ཚུར་བསྡུས་ན་སྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་དང་དགག་པའི་བསླབ་བྱ་ལྟུང་བ་སྡེ་ལྔ་བཅས་ཡིན་པ་ལས། སྐབས་ཀྱི་བརྗོད་གཞི་ནི་སོར་མདོ་ལས།3 མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་བསད་པར་མི་བྱ་བ། །རྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་རྩ་བའི་ཕམ་པ་བཞི་བསྟན་པ་ལས་ཕམ་པ་གཉིས་པ་མ་བྱིན་ལེན་གྱི་ཕམ་པའི་སྐོར་རང་བློས་གང་ལྕོགས་ཀྱིས་དཔྱད་པའི་འགྲེལ་ཞིག་འཕངས་ན།

དེ་ལ་མ་བྱིན་ལེན་གྱི་ཕམ་པའི་གླེང་གཞི་དང་། ལྟུང་བ་དངོས་བཤད་པ་གཉིས་ལས། དང་པོ་འདུལ་བ་གླེང་གཞིས་འཆད་གསུངས་པ་ལྟར་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས།4 ཕས་ཕམ་ནི་ཆོས་ལྔ་དང་ལྡན་པར་འགྱུར་ཏེ། གང་ཞེ་ན། ཡུལ་དང་། གང་ཟག་དང་། ཉོན་མོངས་དང་། དངོས་པོ་དང་། སྤྱོད་པའོ་ཞེས་གླེང་གཞི་བསྟན། འདུལ་བའི་ལོ་རྒྱུས་ཁག་ཏུ་5 སྟོན་པ་སངས་རྒྱས་ནས་མི་ལོ་བཅུ་གཉིས་ཀྱི་རིང་སྟོན་པའི་ཉེ་གནས་རབ་ཏུ་བྱུང་བའི་དགེ་སློང་རྣམས་ལ་ལྟུང་བའི་གླེང་གཞི་གང་ཡང་བྱུང་མེད་ཅིང་། དེའི་རྗེས་དགེ་སློང་བཟང་སྦྱིན་ནས་རིམ་པས་ཕམ་པ་སོགས་ལྟུང་བ་སྡེ་ལྔའི་གླེང་གཞི་བྱུང་འགོ་ཚུགས་པར་མངོན། མ་བྱིན་ལེན་གྱི་ཕམ་པ་ནི་6 སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀར་བཞུགས་པའི་ཚེ། རྫ་མཁན་ལས་རབ་ཏུ་བྱུང་བ་དགེ་སློང་ནོར་ཅན་ཞུ་བ་དེས་རང་གི་གནས་ཁང་བརྩིག་པའི་ཕྱིར་རྒྱལ་པོ་མ་སྐྱེས་དགྲའི་ཤིང་བརྐུས་པ་ལ་སྟོན་པས་དེ་ནི་དགེ་སྦྱོང་གི་བྱ་བ་མ་ཡིན། རུང་བ་མ་ཡིན། རིགས་པ་མ་ཡིན། མཐུན་པ་མ་ཡིན་ཞེས་རྣམ་གྲངས་དུ་མས་སྨད་ནས་ཕམ་པ་འདི་བཅས་སོ། །གླེང་གཞིའི་སྐབས་ཀྱི་གནས་རྒྱལ་པོའི་ཁབ་ཅེས་པ་དེ་དེང་དུས་ཧིན་སྐད་དུ་ Rajgir ཞེས་འབོད་ཅིང་། ནཱལནྡཱའི་ཤར་ལྷོའི་མཚམས་སུ་སྤྱི་ལེ་བཅུ་གཅིག་ miles 11 ཙམ་གྱི་རྒྱང་ཐག་ན་ཡོད་པ་ནཱལནྡཱ་ཞིབ་འཇུག་ཅེས་པའི་དེབ་ཏུ་གསལ།7

མ་བྱིན་ལེན་གྱི་ཕམ་པའི་ལྟུང་བ་དངོས་བཤད་པ་ལ། མ་བྱིན་ལེན་ཕམ་པའི་གཞིའི་འགྲེལ། མ་བྱིན་ལེན་ཕམ་པའི་བསམ་པའི་འགྲེལ། མ་བྱིན་ལེན་ཕམ་པའི་སྦྱོར་བའི་འགྲེལ། མ་བྱིན་ལེན་ཕམ་པའི་མཐར་ཐུག་གི་འགྲེལ། དེ་ལས་འཕྲོས་ཏེ་མ་བྱིན་ལེན་ཕམ་པའི་ཚད་ཀྱི་འགྲེལ་བཅས་ལྔ་ལས།

དང་པོ། མ་བྱིན་ལེན་ཕམ་པའི་གཞིའི་འགྲེལ།

དེ་ཡང་བཅས་ལྡན་དགེ་སློང་གིས་རང་ལས་གཞན་པའི་མིས་བདག་ཏུ་བཟུང་བའི་རྫས་རིན་ཐང་ཚང་བ་ལ་དེར་འདུ་ཤེས་པའི་སྒོ་ནས་སྦྱོར་བས་བརྐུས་ཏེ་ཐོབ་བློ་སྐྱེས་པ་ན་མ་བྱིན་ལེན་གྱི་ཕམ་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་ལས།8 དགེ་སློང་གིས་རྐུ་སེམས་ཀྱིས་མི་གཞན་གྱི་རྫས་དེར་འདུ་ཤེས་པས་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ཡན་ཆད་གནས་ནས་སྤོས་ན་ཕམ་པར་འགྱུར་རོ། །ཞེས་དང་། མཚོ་ཊཱིཀ་ལས།9 བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་སོ།།

གཞི་ནི་བཅས་ལྡན་དགེ་སློང་10 རང་ལས་གང་ཟག་གཞན་པས་བདག་ཏུ་བཟུང་བའི་དངོས་པོ་ལ་བྱ་ཞིང་། དེ་ཡང་མིས་བདག་ཏུ་བཟུང་བ་ལ་གོ་ཡི་མི་མ་ཡིན་པ་དང་དུད་འགྲོ་སོགས་ཀྱིས་བདག་ཏུ་བཟུང་བའི་དངོས་པོ་བརྐུས་པ་ལ་ནི་ལྟུང་བ་དངོས་མེད་དེ། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་ལས།11 མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་མིའི་རྫས་ཏེ། འགྲོ་བ་གཞན་གྱི་བརྐུས་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །ཞེས་དང་། འདུལ་བ་བསྡུས་པ་ལས།12 ལྷ་ཁང་དང་མཆོད་རྟེན་དང་། དྲི་གཙང་ཁང་རྣམས་ཀྱི་རྒྱན་མིས་བསྲུངས་པ་ཞིག་བརྐུས་ན་ལྟུང་བའོ། །མི་མ་ཡིན་པས་བསྲུངས་ན་སྦོམ་པོའོ། །ཞེས་དང་། ཡང་དེ་ཉིད་ལས།13 དུད་འགྲོའི་སྐྱེ་གནས་པས་ཡོངས་སུ་གཟུང་བ་ཞིག་ན་སྦོམ་པོའོ། །མིའི་རྫས་ཤིག་དེས་ཁྱེར་ཏེ་འོང་ལ། གལ་ཏེ་མིའི་ཡིན་པ་འདུ་ཤེས་ཀྱིས་བརྐུས་ན་དངོས་གཞིའོ། །ཞེས་གསུངས་པས་སོ། །ལུང་རྣམ་འབྱེད་དུ་སྐྱེས་པའམ་བུ་མེད་དམ་མ་ནིང་གིས་མ་བྱིན་པ་ཞེས་མིའི་རྫས་ཡིན་པར་གསུངས། འདུལ་བ་ཀུན་ལས་བཏུས་པ་ལས།14 མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང་གསུངས་ཤིང་། ཡོངས་སུ་བཟུང་བ་ཞེས་པ་ནི་བདག་གམ་བདག་གིར་འཛིན་པ་ལ་བྱ་སྟེ། སོ་སོར་ཐཪ་པའི་མདོའི་འགྲེལ་པ་ལས།15 སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་དཀོར་བརྐུས་པ་ནི་ཡོངས་སུ་བཟུང་བ་མེད་པས་མི་ཕམ་སྟེ་སྦོམ་པོ་གྲངས་མེད་པར་འགྱུར་ཞེས་དང་། མཚོ་ཊཱིཀ་ལས།16 རྫས་དེའི་བདག་པོ་མི་ཡིན་པ་དང་། ཞེས་རྐུ་སའི་ཡུལ་གང་ཟག་མི་ཡིན་པ་དང་བརྐུ་བྱའི་དངོས་པོ་མི་དེས་བདག་ཏུ་བཟུང་བའི་རྫས་སུ་ངོས་འཛིན་པ་ལ་གཞིགས་ན་བདག་འཛིན་སྤངས་ཟིན་པའི་སངས་རྒྱས་ལ་སོགས་པའི་ཡོ་བྱད་བརྐུས་ན་སྦོམ་པོ་ལས་ཕམ་པ་དངོས་མེད་དེ་བདག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་ལས།17 ཕུང་པོའི་ལྷག་མ་མེད་པའི་མྱང་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་ཡིན་པས་དེའི་དཀོར་བརྐུས་ན་ཉེས་པ་སྦོམ་པོའོ། །ཞེས་གསུངས་སོ། །སྤྱིར་རྫས་ཀྱི་བདག་པོ་ལ་འདུལ་བའི་གཞུང་རྣམས་སུ་བཞིར་གསུངས་ཏེ། དབྱར་ཁས་ལེན་ལ་གཏོགས་པའི་རབ་བྱུང་དེ་སངས་རྒྱས་ཀྱི་བཅས་པའི་སྟོབས་ཀྱིས་དབྱར་གྱི་རྙེད་པ་དེའི་རྫས་བདག་ཏུ་གྱུར་པ་ལྟ་བུ་སངས་རྒྱས་བཀའ་བསྩལ་པའི་སྒོ་ནས་བདག་པོར་བཞག་པ་དང་། ཤོ་གམ་ལ་དབང་བའི་ཡུལ་དཔོན་དེ་ཡུལ་ཆོས་ཀྱི་སྒོ་ནས་ཤོ་གམ་དུ་གཞལ་བའི་རྫས་དེའི་བདག་པོར་གྱུར་པ་ལྟ་བུ་ཡུལ་ཆོས་ཀྱིས་བདག་པོར་བཞག་པ་དང་། ཕ་ནོར་བུ་ལ་དབང་བ་ལྟ་བུ་རིགས་རྒྱུད་ཀྱིས་བདག་པོར་བཞག་པ་དང་། རི་དྭགས་རྔོན་པའི་གདོས་ཀྱིས་ཟིན་པ་ལྟ་བུའམ་ཡོ་བྱད་ཅི་རིགས་པ་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པ་ན་གང་ལ་བསྔོས་པའི་ཡུལ་ལ་དབང་བ་ལྟ་བུ་ལ་སོགས་པ་བསམ་སྦྱོར་གྱིས་བདག་པོར་བཞག་པའོ།།

གཉིས་པ། མ་བྱིན་ལེན་ཕམ་པའི་བསམ་པའི་འགྲེལ།

འདུལ་བ་མདོ་རྩ་ལས།18 རྐུ་སེམས་ཀྱིས་སོ། །ཞེས་པས་བསམ་པ་ནི་རྐུ་སེམས་ཏེ་ཉོན་མོངས་འདོད་ཆགས་ཀྱིས་19 བདག་རང་ཉིད་འཚོ་བའི་ཕྱིར་རྐུ་བའི་བསམ་པས་གཞན་གྱི་རྫས་དེར་འདུ་ཤེས་མ་འཁྲུལ་བའི་ཐོག་མ་བྱིན་པར་གནས་ནས་སྤོས་ཏེ་རིན་ཐང་ཚང་ན་ཕས་ཕམ་པར་འགྱུར་རོ། །འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།20 སེམས་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་རྐུ་སེམས་ཀྱིས་སོ། །ཞེས་ཀུན་སློང་བསྟན། རྐུ་སེམས་མེད་པ་དང་21 རང་འདོད་ཡིད་བྱེད་ཀྱི་བསམ་པས་མ་ཟིན་པ། མཐའ་གཅིག་ཏུ་གཞན་གྱི་ཕྱིར་དང་མཆོད་པ་ལ་སོགས་ཀྱི་ཕྱིར་བླངས་ན་ལྟུང་བ་དངོས་མེད་དོ། །མ་བྱིན་ལེན་གྱི་ཕམ་པའི་ཡན་ལག་གཞན་རྣམས་རྫོགས་ཀྱང་རྐུ་བའི་བསམ་པ་མེད་ན་ཐམས་ཅད་དུ་ལྟུང་བ་མེད་དེ། གཙོ་བོ་ཀུན་ནས་སློང་བྱེད་ཀྱི་བསམ་པ་མེད་པའི་ཕྱིར་རོ། །འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།22 རྐུ་སེམས་མེད་པ་ལ་ནི་ཐམས་ཅད་དུ་ལྟུང་བ་མི་འགྱུར་རོ། །དེའི་ཕྱིར་འདིར་རྐུ་སེམས་ནི་དངོས་གཞིའི་ཡན་ལག་ཡིན་ལ་ལྷག་མ་རྣམས་ནི་དེའི་བྱེ་བྲག་ཡིན་ནོ། །ཞེས་གསུངས། གང་ཟག་གང་གི་རྫས་དེར་འདུ་ཤེས་མ་འཁྲུལ་བར་བླངས་ན་ཕམ་ལ་འདུ་ཤེས་འཁྲུལ་པ་ལ་ནི་མ་ཡིན་ཏེ། མཚོ་ཊཱིཀ་ལས།23 སེལ་བ་ལྷས་སྦྱིན་གྱི་ནོར་ལ་མཆོད་སྦྱིན་གྱི་ནོར་དུ་འདུ་ཤེས་འཁྲུལ་ཏེ་བརྐུས་པའམ། མིའི་རྒྱུད་ཀྱི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་ཏེ་བརྐུས་ན་སྦོམ་པོར་འགྱུར་ཏེ། ཞེས་དང་། འདུལ་བའི་མདོའི་རྒྱ་ཆེར་འགྲེལ་ལས།24 གལ་ཏེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་རྫས་ལ་འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་རྐུ་ན་ཅི་ཁ་ན་མ་ཐོ་དེ་ཉིད་འགྱུར་རམ་ཞེ་ན་མ་ཡིན་ཏེ། ཞེས་སོ།།

གསུམ་པ། མ་བྱིན་ལེན་ཕམ་པའི་སྦྱོར་བའི་འགྲེལ།

ལྟུང་བ་རང་རང་གི་དངོས་གཞི་རྫོགས་པ་ལ་འཇུག་པའམ་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། དགེ་སློང་གིས་ཕམ་པ་སྐྱེ་ནུས་ཀྱི་དངོས་པོ་རིན་ཐང་ཚང་བ་ལ་རྐུ་བའི་བསམ་པས་ནོམ་པ་དང་། ཉུག་པར་བྱེད་པ་སོགས་གོམ་པ་རེ་རེ་ནས་མཐར་མ་རྫོགས་པར་སྦྱོར་བའོ། །སྦྱོར་བ་ལ་དངོས་དང་དེའི་རྣམ་པ་ཞེས་དངོས་བཏགས་གཉིས་སུ་གསུངས། ཕམ་པ་རང་གི་སྦྱོར་བ་འགོ་བརྩམས་ནས་ལྟུང་བ་དངོས་མ་བྱུང་གི་བར་འཇུག་པའི་སྦྱོར་བ་ལ་སྦྱོར་བ་དངོས་དང་། བར་དུ་རྐུ་བའི་བསམ་པ་སོགས་འདུན་པ་ལོག་ནས་ལྟུང་བ་དངོས་ལ་སྦྱོར་མི་ནུས་པའི་སྦྱོར་བ་རྣམས་ནི་སྦྱོར་བ་བཏགས་པ་བ་སྟེ་དེས་ལྟུང་བ་དངོས་མི་སྐྱེ་བས་སོ། །འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།25 རྫས་གང་རྐུ་བའི་སྦྱོར་བའི་གནས་སྐབས་ན་རྐུ་སེམས་མངོན་དུ་གྱུར་ལ། དངོས་གཞིའི་དུས་ན་ནི་རྐུ་སེམས་མེད་པར་གནས་ནས་སྤོ་བ་ལ་སོགས་པ་བྱེད་ན་དེའི་ཚེ་སྦྱོར་བའི་ལྟུང་བ་ཉི་ཚེ་ཙམ་ལྟུང་བར་གྱུར་གྱི། དངོས་གཞིའི་ལྟུང་བ་ནི་མི་འགྱུར་རོ། །ཞེས་སོ།།

འདུལ་བ་མདོ་ལས།26 རྐུའམ་རྐུར་བཅུག་པ་དག་གིས་སོ། །ཞེས་སྦྱོར་བ་རང་ཉིད་ཀྱིས་བརྐུས་སམ་གཞན་ལ་མངགས་ནས་རྐུར་བཅུག་པའོ། །འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།27 རྐུའམ་ཞེས་བྱ་བ་ནི་རང་གིས་བྱེད་པ་དང་། དགེ་སློང་གིས་གང་ལ་རྐུ་བའི་ཕྱིར་རང་ཁོ་ནས་བྱ་བ་བྱེད་པའོ། །རྐུར་བཅུག་པ་ཞེས་བྱ་བ་ནི། རང་གིས་བཅོལ་ཞིང་གཞན་བྱེད་དུ་བཅུག་པ་སྟེ། ཞེས་སོ། །སོ་སོར་ཐར་པའི་མདོའི་འགྲེལ་པ་ལས།28 རྐུ་བའི་ཕས་ཕམ་པ་རྣམ་པ་གསུམ་ལས་འགྱུར་ཏེ། བདག་གིས་བརྐུས་སམ། ཐབས་ཀྱིས་རྐུར་བཅོལ་ཏམ། གཞན་ལ་མངོན་སུམ་དུ་རྐུར་བཅོལ་ཏམ། ཐབས་ཀྱིས་རྐུར་བཅོལ་ཏམ། གཞན་ལ་རྐུར་བཅུག་པའམ། ཐབས་ཀྱིས་རྐུར་བཅོལ་པའོ། །ཞེས་གསུངས་ཤིང་། མཚོ་ཊཱིཀ་ཏུ་རྣམ་འབྱེད་ཀྱི་ལུང་དྲངས་ནས་རྐུ་བའི་ཡན་ལག་ལ་མུ་དགུར་གསུངས་ཏེ་29 སྔ་མ་དྲུག་གིས་སྦྱོར་བ་དང་གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་པ་ཞེས་དགྲ་བཅོམ་ཉེར་སྦས་ཀྱི་དགོངས་པར་བཤད་དོ།།

བཞི་པ། མ་བྱིན་ལེན་ཕམ་པའི་མཐར་ཐུག་གི་འགྲེལ།

མཚོ་ཊཱིཀ་ལས།30 རྐུ་བའི་སྦྱོར་བ་དེའི་རྐྱེན་གྱིས་ཐོབ་བློ་སྐྱེས་པ་སྟེ། ཞེས་དང་། བླ་མ་མི་ཕམ་པའི་ཀཱ་རི་ཀཱའི་འགྲེལ་པ་ལས།31 རིན་ཐང་ཚང་བའི་དངོས་པོ་དེ་བརྐུས་པ་དང་འཕྲོག་པ་སོགས་ཀྱིས་བླངས་ཏེ་ཐོབ་བློ་སྐྱེས་པ་ན་སྡོམ་པ་རྩ་བ་ནས་ཞིག་སྟེ་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་། སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་པ་འཛིན་པའི་འཇུག་ངོགས་ལས།32 གང་ལྟར་ཡང་མཐར་ཐུག་རང་གིས་བརྐུས་སམ་གཞན་ལ་རྐུར་བཅུག་པའམ། བརྩད་པ་གང་ཡང་རུང་བས་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའི་ཚུལ་ལ་ཐོབ་བློ་སྐྱེས་པའོ། །ཞེས་མཐར་ཐུག་རིན་ཐང་ཚང་བའི་རྫས་ལ་སྦྱོར་བའི་ཐབས་སྣ་ཚོགས་ཀྱིས་བརྐུས་ཏེ་ཐོབ་བློ་སྐྱེས་པ་ན་མ་བྱིན་ལེན་གྱི་ཕམ་པ་དངོས་བྱུང་བའོ།།

ལྔ་པ། དེ་ལས་འཕྲོས་ཏེ་མ་བྱིན་ལེན་ཕམ་པའི་ཚད་ཀྱི་འགྲེལ།

རིན་ཐང་གི་ཚད་ཇི་ལྟ་བུར་ཞེས་དེ་ལས་འཕྲོས་ཏེ་མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་གཞིའི་འགྲེལ་ཞིག་འཕངས་ན། སྤྱིར་བཏང་མ་བྱིན་ལེན་གྱི་ཕམ་པའི་ཚད་དེ་ཕམ་པ་གཞན་དང་མི་འདྲ་བའི་རྙོག་འཛིང་ཆེ་བས། མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་བས། རྩོད་པའི་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས་བདག་འདྲ་བའི་བློ་གྲོས་དམན་པ། གཞུང་ལུགས་ལ་སྦྱངས་པ་ཆུང་བ་ཞིག་གིས་འདིི་ཞེས་ཁ་མཚམས་བཅད་དེ་བརྗོད་པར་མི་སྤོབས་ཀྱང་རང་ཉིད་བསླབ་པའི་གནས་ལ་རྒྱུས་མངའ་དང་གོམས་འདྲིས་ཡོང་བར་དམིགས་ཏེ་ཅུང་ཙམ་དཔྱད་པའི་ཁུལ་བཟུང་ན།

མ་བྱིན་ལེན་ཕམ་པའི་ཪིན་ཐང་གི་ཚད་དང་ཚད་གཞི་འཇོག་ཚུལ་ལ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་སྣ་ཚོགས་པར་སྣང་ཡང་འདིར་ཡོངས་རྫོགས་འགོད་ཐབས་བྲལ་བས་ནང་བཅུད་ཀྱི་སྙིང་པོ་བསྒྲིལ་གང་ཐུབ་བྱས་ཡོད། རིན་ཐང་གི་ཚད་གཞི་ནི་ལ་ལས་ཀཱར་ཥཱ་པ་ཎའི་བཞི་ཆ་ལ་ངོས་འཛིན་ཅིང་། དེ་ཡང་གསེར་ལས་བྱས་པའི་ཀཱར་ཥཱ་པ་ཎ་དང་དངུལ་ལས་བྱས་པ་སོགས་ཐ་དད་པ་སོ་སོར་ངོས་འཛིན་པར་སྣང་། ལ་ལས་མ་ཤ་ཀར་བྱས་པ་དང་། ལ་ལས་གསེར་དང་དངུལ་གྱི་ཞོ་སོ་སོར་ཚད་གཞིར་བཞག ལ་ལས་ནས་འབྲུ་ཡི་ཁལ་ལ་འཇོག་པ་དང་། ལ་ལས་ཆོས་གོས་གཉིས་ཀྱི་ཚད་གཞིར་དང་། ལ་ལས་གསོད་པའི་ཆད་པ་འཐོབ་པའི་ཚད་གཞིར་ངོས་འཛིན་གནང་བ་སོགས་སྣ་ཚོགས་མཆིས།

སྔོན་གྱི་གླེང་གཞི་ལས། རྒྱལ་པོ་མ་སྐྱེས་དགྲས་དགེ་སློང་ནོར་ཅན་ལ་གསོད་པར་རིགས་པའི་དགེ་སྦྱོང་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་ཁྲོས་པར། སྟོན་པས་ཀུན་དགའ་བོར་མངགས་ཏེ་རྒྱལ་པོ་མ་སྐྱེས་དགྲའི་བཀའ་ཁྲིམས་ལ་ཇི་ཙམ་མ་བྱིན་པར་བླངས་ན་ཆད་པས་བཅད་ཅིང་སྲོག་དང་འབྲལ་བ་འདྲི་བར་སྐུལ་བ་ན། ཀུན་དགའ་བོས་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པས་སོ་ཞེས་བཅོམ་ལྡན་འདས་ལ་ཞུས། བྱུང་བ་དེར་བརྟེན་ནས་སྟོན་པས་དགེ་སློང་རྣམས་བསྡུས་ཏེ་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པོའོ། །བརྐུའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་གི་ཚད་གཞི་ལ་ཐོག་མར་བཅས་པ་མཛད་པར་སྣང་།

མ་ཤ་ཀ་ལྔ་ཞེས་བཅས་པ་མཛད་པ་དེ་ཡང་ཡུལ་དུས་དེར་མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་གི་ཚད་དང་། དེའི་བཞི་ཆ་གཅིག་གི་ཚད་ལ་བརྟེན་པ་ཡིན་པས། ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་གི་རིན་ཐང་ནི་ཕམ་པར་འགྱུར་བའི་ཚད་གཞིའོ། །གོང་སྨོས་བཞིན་ཡུལ་དང་དུས་ཐམས་ཅད་དུ་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པར་བརྐུ་དགོས་སམ་ཞེ་ན། ངེས་པ་མེད་དེ་རིན་ཐང་གི་ཚད་ཡུལ་དུས་གླིང་སོགས་སོ་སོར་ལྟོས་དགོས་པར་གསུངས། འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།33 ཡུལ་གཞན་དང་དུས་གཞན་དང་། གླིང་གཞན་གྱི་རིན་ཐང་བརྩི་བ་དེས་ཡུལ་དང་དུས་དང་གླིང་གཞན་དུ་བརྩི་བར་ནི་མི་བྱའོ། །ཞེས་པས་དཔེར་ན་ཡུལ་དབུས་ལ་ལྟོས་ཏེ་མ་ཤ་ཀ་ལྔ་ལ་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་གི་ཚད་དུ་བཞག་པ་དེས་ཡུལ་ཐམས་ཅད་དུ་དེ་ལྟར་མ་ངེས་པས་ན་ཡུལ་སོ་སོར་ལྟོས་ཏེ་མ་ཤ་ཀ་ཇི་ཙམ་ལ་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ཏུ་བརྩི་བ་དེའི་ཚད་དུ་བྱའོ།།

དེ་ཡང་ལུང་གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་འགྱུར་རམ་མཆིས་སམ། བཀའ་སྩལ་པ། ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་འགྱུར་བའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པ་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ་གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་འགྱུར་ནའོ། །ཞེས་གསུངས་པ་བཞིན་ནོ། །འདུལ་བའི་གཞུང་རྣམས་སུ་ཡུལ་དང་དུས་སོ་སོར་ལྟོས་ཏེ་ཀཱར་ཥཱ་པ་ཎ་གཅིག་གི་ཚད་དེ་མ་ཤ་ཀ་བཅུ་གཉིས་སམ། བཅུ་དྲུག་གམ། ཉི་ཤུའམ། སུམ་ཅུ་རྩ་གཉིས་སམ། བཞི་བཅུ་སོགས་ལ་བྱས་པ་དུ་མ་སྣང་ངོ་།།

ཀརྵ་པ་ཎ་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར།34 །ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་ཡུལ་དང་དུས་ཐམས་ཅད་དུ་ཀཱར་ཥཱ་པ་ཎའི་བཞི་ཆའི་གཅིག་གི་རིན་ཐང་དང་མཉམ་པ་མ་བྱིན་པ་བླངས་ན་དགེ་སློང་དེས་ཕས་ཕམ་པར་བྱུང་ཞེས་པའི་ཚད་ནི་ངེས་པ་ཅན་ཏེ། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་ལས།35 མ་ཤ་ཀ་ལྔ་ཞེས་ལུང་ལས་གསུངས་པ་ནི་ཡུལ་དབུས་ན་ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུར་བརྩིས་བས་དེའི་བཞི་ཆ་ལ་བརྟེན་པ་ཡིན་ནོ། །འདིར་ཀཱར་ཥཱ་པ་ཎའི་བཞི་ཆའི་རིན་ཐང་ཚང་བའི་ཚད་དུ་བཞག་པ་ནི་ཡུལ་དང་དུས་ཐམས་ཅད་དུ་ངེས་པ་ཡིན་ནོ། །ཞེས་དང་། གཞན་ཡང་འདུལ་བ་མདོའི་རྒྱ་ཆེར་འགྲེལ་ལས།36 དེ་བས་ན་ཀཱར་ཥཱ་པ་ཎའི་བཞི་ཆའི་གཅིག་བརྐུས་པ་ནི་ཕམ་པར་འགྱུར་བའི་རྒྱུའི་གཙོ་བོར་གྱུར་བ་ཡིན་གྱི། ཀཱར་ཥཱ་པ་ཎ་བཞི་ཆ་གཅིག་ལ་མ་ཤ་ཀ་དུ་ཡོད་པའི་གྲངས་ངེས་པ་མེད་པའི་རིགས་པར་བྱའོ། །ཞེས་འདུལ་བའི་གཞུང་ཕལ་ཆེ་བར་ཀཱར་ཥཱ་པ་ཎའི་བཞི་ཆའི་གཅིག་གི་ཚད་ལ་གཞིར་བཞག་ཐོག་ཡུལ་དུས་སོ་སོའི་དངོས་པོའི་རིན་ཐང་ལ་དཔགས་ནས་གསུངས་འདུག་པས་དེ་ལྟར་དུ་མཛད་ན་དུས་དང་རྣམ་པ་ཀུན་ཏུ་ལེགས་པར་སྙམ།

ཀུན་མཁྱེན་མཚོ་སྣ་བས་རྒྱལ་ཁྲིམས་ཡོད་སར་སྲོག་གཅོད་ཀྱི་ཆད་པས་འཐོབ་པའི་ཚད་ཅེས་ལུང་རིགས་གཉིས་ཀྱིས་བསྒྲུབས་པར་མཛད་ཀྱང་།37 དེང་དུས་ལ་བསམས་ན་ཡུལ་ཕལ་ཆེ་བར་རིན་གོང་ཇི་ཙམ་གྱི་ཚད་བརྐུས་ཀྱང་སྲོག་ཁྲིམས་གཅོད་པ་མི་མཐོང་བས་བསླབ་པར་གནས་པའི་དགེ་སློང་རྣམས་ཀྱིས་ཇི་ཙམ་མ་བྱིན་པར་བླངས་ཀྱང་ཕམ་པ་བྱུང་བར་དཀའ་བ་མ་ཟད། འདུལ་གཞུང་ཕལ་མོ་ཆེར་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་ཞེས་དང་ཀཱར་ཥཱ་པ་ཎའི་བཞི་ཆའི་གཅིག་གི་ཚད་དུ་བཤད་པ་དོན་མེད་དུ་ཐལ་ཏེ། ཚད་དེ་དག་ལས་ལྷག་པར་བླངས་ཀྱང་ཕམ་པ་མི་འབྱུང་སྟེ་སྲོག་གཅོད་ཀྱི་ཁྲིམས་མ་ཕོག་པས་སོ།།

ལུང་རྣམ་འབྱེད་ལས་ཀྱང་དུས་ཐམས་ཅད་དུ་སྲོག་གཅོད་ཀྱི་ཆད་པ་ཐོབ་པའི་ཚད་དུ་གཞག་དགོས་ཞེས་དངོས་སུ་གསུངས་མེད་ལ། སྟོན་པས་ཀུན་དགའ་བོར་དྲིས་ནས་མ་སྐྱེས་དགྲའི་ཁྲིམས་སུ་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པར་སྲོག་གཅོད་ཀྱི་ཚད་དང་བསྟུན་པ་དེ་ཡང་དགག་བྱ་ཉེས་དམིགས་བསྟན་པའི་ཕྱིར་ཡིན་པར། བུ་ཊཱིཀ་ལས།38 གསོད་པའི་ཆད་པ་ཅི་ཙམ་ལ་བྱེད་པ་ནི། དེ་དུས་ཀྱི་དགག་བྱ་ཉེས་དམིགས་བསྟན་པའི་ཕྱིར་ཡིན་གྱི། རིན་ཐང་གི་ཚད་བཤད་པ་མིན་ནོ། །ཞེས་གསུངས་སོ། །སོར་མདོའི་39 ནང་དུ་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པོའོ། །ཞེས་དང་། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་ཞེས་བྱུང་བ་ནི་གདམ་ང་ཅན་དུ་བསྟན་པ་ལས་སྲོག་ཁྲིམས་ཀྱི་ཚད་དུ་བཤད་པ་མིན་པར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས།40 སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་ལས་ཀྱང་།41 རྒྱལ་པོ་མ་དད་པ་ལ་ནི་བཅིང་པ་དང་། སྤྱུག་པ་དང་། སྲོག་དང་དབྲལ་བའི་ཆད་པས་གཅོད་པའོ། །དད་པས་ནི་ཀྱེ་མི་ཁྱོད་ནི་རྐུ་མའོ་ཞེས་ཚིག་གིས་སྤྱོའོ། །ཞེས་རྒྱལ་པོས་དད་མ་དད་ཀྱི་ཁྱད་པར་དུ་བྱས་ནས་ཆད་པའི་རྣམ་པར་གཞག་པ་ལས་ཐམས་ཅད་ལ་སྲོག་གཅོད་ཁོ་ན་ཞེས་མ་གསུངས་སོ།།

སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པའི་ཕྱིར་ཆད་པ་རབ་ཕམ་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་ལ་ཆད་པ་རབ་གསོད་པ་སྟེ་རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་ཞེས་རིགས་པ་བཀོད་པར་མཛད་པ་དེེར་ཡང་། འོ་ན་ཕམ་པ་བཞི་ཀ་ཆོས་ཅན། གསོད་པའི་ཆད་པས་འཐོབ་པའི་ཚད་དུ་བརྩི་དགོས་པར་ཐལ། སྟོན་པ་དང་རྒྱལ་པོ་རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་ཏེ་རིགས་པ་མགོ་མཚུངས་པས་སོ། །དེ་ལྟར་དུ་བཞེད་མཁན་འདུལ་བའི་མཁན་པོ་སུ་ཡང་མི་སྣང་ངོ་། །མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་།42 དེ་ལ་ཁྱབ་པ་ཡོད་ན། གསོད་པའི་ཕམ་པ་དང་རྫུན་སྨྲ་བའི་ཕམ་པ་གཉིས་པོའང་ཡུལ་དུས་དེར་རྒྱལ་ཁྲིམས་ཡོད་ན་ཅི་ཙམ་བསད་པས་དང་ཅི་ཙམ་རྫུན་དུ་སྨྲས་པས་འགུམ་པར་བགྱིད་པ་དེ་ཙམ་གྱིས་ཕམ་གྱི་གསོད་སེམས་ཀྱིས་མིའམ་མིར་ཆགས་པ་བཀུམ་པ་ཙམ་དང་། འདུ་ཤེས་བསྒྱུར་ཏེ་མི་ཆོས་བླ་མ་སྨྲས་ཏེ་གོ་བ་ཙམ་གྱིས་ཕམ་པར་མི་འགྱུར་ཞེས་སྨྲ་དགོས་པར་འགྱུར་རོ། །ཞེས་གསུངས་སོ།།

འོ་ན་ཀཱར་ཥཱ་པ་ཎ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀཱར་ཥཱ་པ་ཎ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་མི་རབས་མང་པོའི་ཡར་སྔོན་དུ་རྒྱ་གར་གྱི་རྒྱལ་པོ་རྨ་བྱ་ཞུ་བ་ཞིག་བྱུང་སྟེ་དེའི་དུས་སུ་མཛད་པ་ཡིན་ཞིང་། མཚོ་ཊཱིཀ་ལས།43 ཀཱར་ཥཱ་པ་ན་ནི་ཟོང་གི་ཁྱད་པར་ཏེ་དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ་ཞེས་བཤད་ཅིང་། དེ་ལ་མཚན་ཉིད་པ་དང་བཏགས་པ་གཉིས་ཡོད། ཀུན་མཁྱེན་མཚོ་སྣ་བས་དངུལ་གྱི་ཀཱར་ཥཱ་པ་ཎ་དེ་མཚན་ཉིད་པ་དང་ཕམ་པའི་ཚད་གཞིར་བཞག44 བླ་མ་མི་ཕམ་པས་གསེར་དངུལ་སོགས་ཀྱི་དོང་ཙེའི་མིང་ཞེས་མཚན་ཉིད་པ་གཉིས་དང་། གསེར་གྱི་ཀཱར་ཥཱ་པ་ཎ་གཞིར་བཞག་སྟེ་བརྩིས།45 བཏགས་པ་བ་ནི་མཚན་ཉིད་པ་དེ་དང་རིན་གོང་མཉམ་པའི་འགྲོན་བུ་46ལ་སོགས་པའི་དངོས་པོ་རྣམས་ལ་ཟེར། གསེར་དངུལ་ལྕགས་གསུམ་གྱིས་བྱས་པའི་ཀཱར་ཥཱ་པ་ཎའི་རིགས་གསུམ་དུ་སྣང་།47 འབྲི་ཚུལ་ལའང་སྣ་ཚོགས་པ་ཞིག་ཡོད་དེ། དཔེར་ན་ཀཱརྵཱ་པ་ཎ།48 ཀརྵ་པ་ཎ།49 ཀཱར་ཥཱ་པ་ཎ།50 ཀར་ཤ་པ་ན་51 ཞེས་འདུག་ཀྱང་དོན་གཅིག་སྟེ། ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་དུ།52 གསེར་དངུལ་སོགས་ཀྱི་དོང་ཙེའི་མིང་འདི། ཀརྴ་པ་ན་དང་། ཀཱརྵཱ་པ་ཎ། ཞེས་འབོད་ཀྱང་སྒྲ་ཟུར་སྦྱར་ལུགས་ལས་དོན་འདྲ་སྟེ། དངུལ་ཞོ་ཚད་དམ་གསེར་ཞོའི་དོང་ཙེ་ཟེར་ཞེས་གསུངས་པ་ལྟར་རོ།།

ཀཱར་ཥཱ་པ་ཎའི་ཚད་ནི། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་ལས།53 རིན་ཐང་ཚང་བ་ནི་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ཡན་ཆད་དོ་ཞེས་སྨོས་པའི་བྱེ་བྲག་ནི་འདི་ཡིན་ཏེ། ཀ་ཀཱ་ནི་54 བཞི་ལ་མ་ཤ་ཀ་གཅིག་གོ །མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་གོ །ཀ་ཀཱ་ནི་གཅིག་ནི་འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ངོ་། །མ་ཤ་ཀ་གཅིག་ནི་འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ངོ་། །ཀཱར་ཥཱ་པ་ཎ་གཅིག་ནི་འགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ནི་མ་ཤ་ཀ་ལྔའི་རིན་ཐང་སྟེ། འགྲོན་བུ་བཞི་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཞེས་སྟོན་པ་ཞལ་བཞུགས་སྐབས་ཀྱི་ཀཱར་ཥཱ་པ་ཎ་དེ་མ་ཤ་ཀའི་དབང་དུ་བྱས་ན་ཉི་ཤུ། ཀ་ཀ་ནི་བརྒྱད་ཅུ། འགྲོན་བུ་གཅིག་སྟོང་དྲུག་བརྒྱའི་ཚད་ལ་ཀཱར་ཥཱ་པ་ཎ་གཅིག་གིས་བརྩིས་སོ། །དེའི་བཞི་ཆ་ནི་མ་བྱིན་ལེན་ཕམ་པའི་ཚད་དོ། །ཀ་ཀ་ནི་ལ་བོད་སྐད་དུ་དམར་རུ་མགོ་ནག་ཅེས་ཚིག་མཛོད་དུ་གསལ།55 བླ་མ་མི་ཕམ་པའི་སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ལས།56 མདའ་རྒྱུས་ཀྱི་འབྲས་བུ་དམར་རུ་མགོ་ནག་དེ་ལྔ་ལ། མཱ་ཤ་ཀ། སྲན་ཁྲེའུའི་ཚད་ཅེས་བྱ། ཞེས་པ་དང་། ཚིག་མཛོད་ཁག་ཏུ་དམར་རུ་མགོ་ནག་བཞི་ལ་མ་ཤ་ཀ་གཅིག་ཅེས་གྲངས་ཚད་གཅིག་གིས་ཁྱད་ཞུགས་པ་ལས་དོན་ཐོག་གོང་གི་ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་གོ་ཞེས་པ་དང་གནད་གཅིག་ཏུ་འབབ་པས་དེས་ཀྱང་ཀ་ཀ་ནི་དང་དམར་རུ་མགོ་ནག་གཉིས་དོན་གཅིག་པར་གོོ་ནུས་སོ།།

ཀུན་མཁྱེན་མཚོ་སྣ་བས་འགྲེལ་ཆུང་གི་དགོངས་པ་ལྟར་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གི་ཚད་ལ་ཀཱར་ཥཱ་པ་ཎའི་བཞི་ཆ་དང། བླ་མ་མི་ཕམ་པས་གསེར་ཞོ་གང་ལ་བྱས་ཡོད། ཞོའི་ཚད་ཇི་ལྟ་བུ་ཞེ་ན། དེ་ལ་སྤྱིར་བཏང་རྒྱ་བོད་སོ་སོའི་ཞོ་ཚད་འཇོག་སྟངས་མི་འདྲ་བ་དུ་མར་ཡོད་ཀྱང་འདིར་འདུལ་བ་ནས་བཤད་པའི་མ་བྱིན་ལེན་ཕམ་པའི་ཚད་དུ་བྱེད་པའི་ཞོ་ནི། མདའ་རྒྱུས་ཀྱི་འབྲས་བུ་དམར་རུ་མགོ་ནག་བརྒྱད་ཅུའི་ལྗིད་དང་མཉམ་པའམ། ནས་འབྲུ་བརྒྱ་དང་གོ་གཉིས་ཀྱི་ལྗིད་ཚད་ལ་ཞོ་གང་སྟེ། བླ་མ་མི་ཕམ་པས་57 མདོར་ན་དམར་རུ་མགོ་ནག་བརྒྱད་ཅུའི་ལྗིད་དང་མཉམ་པའི་གསེར་གྱི་དོང་ཙེ་ཡིན་པས་ནོར་སོ་མེད། དམར་རུ་ལྔ་དང་ནས་འབྲུ་བཅུ་གཉིས་ཀྱི་ལྗིད་ཚད་མཉམ་སྟེ་རྒྱ་ཐུར་གྱི་སྐར་མ་བཞི་ཙམ་ཡིན་འདུག ཞོའམ་དེ་ཙམ་གྱི་གསེར་གྱི་དོང་ཙེ་ལ་ཀརྵཱ་པ་ཎ་ཟེར་བ་ཀརྵཱ་ཚད་དང་པ་ཎ་དོང་ཙེའི་མིང་ཡིན་ཞེས་གསུངས། ཞེས་པར་བརྩིས་ན། ཀཱར་ཥཱ་པ་ཎ་གཅིག་ལ་དམར་རུ་མགོ་ནག་བརྒྱད་ཅུ། དམར་རུ་ལྔ་རེ་ལ་ནས་འབྲུ་བཅུ་གཉིས་རེ་བརྩིས་པའི་དམར་རུ་བརྒྱད་ཅུ་ལ་ནས་འབྲུ་བརྒྱ་དང་གོ་གཉིས་ཏེ་དེའི་ལྗིད་ཚད་དང་མཉམ་པ་ནི་ཞོ་གང་གི་ཚད་དོ། །དེའི་ཕྱེད་ཀ་ནས་འབྲུ་གོ་དྲུག་གི་ཚད་དང་དམར་རུ་བཞི་བཅུ་ལ་ཞོ་ཕྱེད། དེ་ནི་མ་བྱིན་ལེན་པའི་ཕམ་པའི་ཚད་དོ། །མདོར་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་མ་བྱིན་ལེན་གྱི་རིན་ཐང་ལ་དཔྱད་པ་ཞེས་པ་དང་། མཁན་པོ་རིག་འཛིན་དར་རྒྱས་ཀྱི་འདུལ་བ་མདོ་རྩ་བའི་རྣམ་པར་བཤད་པ་ཡོན་ཏན་འོད་ཀྱི་དགོངས་རྒྱན་ཚིག་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་པ་དེ་གཉིས་ཀྱི་ནང་དུ་དེང་དུས་ཀྱི་རིན་ཐང་དང་སྦྱར་ནས་དེ་དང་གཅིག་མཚུངས་སུ་བརྩིས་ཡོད་པས་རྒྱས་པར་འདོད་པ་རྣམས་དེར་གཟིགས་པར་འཚལ་ལོ།།

མཐའ་མཇུག་ཏུ་སྤྱིར་བཏང་མ་བྱིན་ལེན་གྱི་ཕམ་པའི་ཚད་རྒྱ་གར་མཁས་པ་རྣམས་ཀྱི་བཞེད་པ། མ་བྱིན་ལེན་གྱི་ཕམ་པའི་ཚད་བོད་མཁས་པ་རྣམས་ཀྱི་བཞེད་པ། མ་བྱིན་ལེན་ཕམ་པའི་ཚད་དེང་དུས་ཤོག་སྒོར་ཇི་ཙམ་ལ་གནས་པ་སོགས་སོ་སོར་ཕྱེ་སྟེ་དཔྱད་པ་ཞུགས་འདོད་ཀྱང་། དུས་ཚོད་དང་ཆ་རྐྱེན་གཞན་གང་ཞིག་གིས་རྐྱེན་པས་སླད་མར་མུ་མཐུད་དེ་དཔྱད་པའི་སྐལ་བཟང་ལ་རེ་སྒུག་བྱེད་བཞིན་གནས་སྐབས་འདིར་སྨྱུ་གུ་ཁ་བརྒྱག་རྒྱུ་ལགས་སོ།།

སླར་སྨྲས་པ།

དེ་ལྟར་ཅུང་ཟད་དཔྱད་པའི་ཁུལ་བཟུང་ཡང་།།

གཞུང་ལུགས་རྒྱ་མཚོར་འཇུག་པའི་རྩལ་དམན་པས།།

ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས།།

རྣམ་དཀར་ཅི་བྱུང་ཁམས་གསུམ་སྐྱེ་འགྲོར་བསྔོ།།

  1. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། སོ་སོར་ཐར་པའི་མདོ། ཤོག་ངོས་ ༢ པར་གསལ།
  2. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥ ཤོག་ངོས་ ༦༣ པར་གསལ།
  3. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། སོ་སོར་ཐར་པའི་མདོ། ཤོག་ངོས་ ༥ པར་གསལ།
  4. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༣༥ པར་གསལ།
  5. སོ་སོར་ཐར་པའི་མདོའི་འགྲེལ་པ་དང་། སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་དག་ལས་གསལ།
  6. མ་བྱིན་ལེན་གྱི་ཕམ་པ་དང་། སྦོམ་པོ། ཉེས་བྱས་བཅས་ཀྱི་གླེང་གཞི་རྒྱས་པར་མཁྱེན་འདོད་ན། སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ།  ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༢༩༩ ནས་གཟིགས་པར་འཚལ།
  7. བོད་ཀྱི་དཔེ་མཛོད་ཀྱི་པར་མ། ནཱལནྡཱ་ཞིབ་འཇུག དཔར་ཐེངས་གསུམ་པ། ཤོག་ངོས་ ༥༠ པར་གསལ།
  8. ཡེ་ཤེས་སྡེ་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༤༦ པར་གསལ།
  9. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༢ པར་གསལ།
  10. བཅས་ལྡན་དགེ་སློང་ཞེས་པ་དགེ་སློང་ལ་རིགས་མི་འདྲ་བ་ལྔ་གསུངས་ཡོད་པ་ལས་འདིར་གསོལ་བཞི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ལ་བྱའོ། །སོ་སོར་ཐར་པའི་མདོའི་འགྲེལ་པ། ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༣༥ པ་ལས། དགེ་སློང་རྣམ་པ་ལྔ་སྟེ། དམ་བཅའི་དགེ་སློང་དང་། མིང་ཙམ་གྱི་དགེ་སློང་དང་། སློང་བའི་དགེ་སློང་དང་། ཟག་པ་མེད་པའི་དགེ་སློང་དང་། གསོལ་བ་དང་ཞུ་བ་ལས་ཀྱིས་བྱུང་བའི་དགེ་སློང་སྟེ། སྐབས་འདིར་ནི་ཐ་མ་དང་སྦྱར་རོ། །ཞེས་གསུངས་པ་བཞིན་ནོ།།
  11. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༤༨ པར་གསལ།
  12. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༡ ཤོག་ངོས་ ༢༩༦ པར་གསལ།
  13. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༡ ཤོག་ངོས་ ༢༩༦ པར་གསལ།
  14. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༤༦ པར་གསལ།
  15. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༤༡ པར་གསལ།
  16. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༢ པར་གསལ།
  17. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༥༣ པར་གསལ།
  18. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༩ ཤོག་ངོས་ ༣༦ པར་གསལ།
  19. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༡ ཤོག་ངོས་ ༢༩༦ འདུལ་བ་བསྡུས་པ་ལས། ཉོན་མོངས་ཞེ་སྡང་སོགས་ཀྱིས་བླངས་ན་སྦོམ་པོ་ཞེས་གསུངས།
  20. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༢༧༤ པར་གསལ།
  21. སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ། ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༥༥ པར། ལྟུང་བ་མེད་པ་ནི་རྐུ་སེམས་མེད་པ་ལ་ལྟུང་བ་མེད་དོ། །ཞེས་དང་། མཆོད་པའི་དོན་ཉིད་དུ་སངས་རྒྱས་ཀྱི་སྐུ་གདུང་རྐུ་ན་ཉེས་བྱས་སོ། །ཞེས་གསུངས།
  22. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༢༨༣ པར་གསལ།
  23. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༤ པར།
  24. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༢༧༥ པར་གསལ།
  25. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༣༥༡ པར་གསལ།
  26. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༩ ཤོག་ངོས་ ༣༦ པར་གསལ།
  27. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༣༧༣ པར་གསལ།
  28. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༤༠ པར་གསལ།
  29. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༤ པར། བདག་ཉིད་ཀྱིས་བརྐུ་བ་དང་། བདག་ཉིད་ཀྱིས་བརྐུར་བཅུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི་ཞེས་པ་དང་། ཡང་དེ་ཉིད་ལས། བྱིན་གྱིས་བརླབས་ནས་བརྐུ་བ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི་ཞེས་དང་། བང་ཆེན་གྱིས་བརྐུ་བ་དང་། བང་ཆེན་གྱིས་བརྐུར་འཇུག་པ་དང་། བང་ཆེན་གྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི་ཞེས་བསྟན་ཏོ།།
  30. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༤ པར་གསལ།
  31. BDRC འཇམ་དབྱངས་དྷཱིཿཡིག་སེར་པོའི་དཔེ་སྐྲུན་ཚོགས་པའི་པར་མ། མི་ཕམ་གསུང་འབུམ། པོད་ ༡༠ ཤོག་ངོས་ ༥༦ པར་གསལ།
  32. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་འཛིན་འཇུག་ངོགས། དེབ་གཟུགས། ཤོག་ངོས་ ༥༨ པར་གསལ།
  33. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༠༢ ཤོག་ངོས་ ༣༣༢ པར་གསལ།
  34. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དགེ་ཚུལ་གྱི་ཀཱ་རི་ཀཱ། དེབ་གཟུགས། ཤོག་ངོས་ ༢༣༩ པར་གསལ།
  35. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༤༩ པར་གསལ།
  36. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༠༢ ཤོག་ངོས་ ༣༣༡ པར་གསལ།
  37. མཚོ་ཊཱིཀ དགའ་ལྡན་བྱང་རྩེའི་དཔེ་མཛོད་པར་མ། ཤོག་ངོས་ ༣༩༤ པར་གསལ། “དེ་ལྟར་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱི་ཕམ་པར་འགྱུར་རོ། །འདི་ལ་ལུང་རིགས་གཉིས་ལས། ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་བཀྲེ་ཞིང་སྲོག་དང་འབྲལ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ། །རིགས་པས་ཀྱང་སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང་། ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར།” ཞེས་གསུངས།
  38. ཐཱའི་ཝན་པར་མ། འདུལ་བ་མདོ་རྩ་བའི་རྣམ་པར་བཤད་པ་ཡོན་ཏན་འོད་ཀྱི་དགོངས་རྒྱན་ཚིག་དོན་རབ་ཏུ་གསལ་བའི་ཉི་མ། དེབ་གཟུགས། པོད་དང་པོ། ཤོག་ངོས་ ༣༠༢ པར་ལུང་འདྲེན་བྱས་ཡོད།
  39. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། སོ་སོར་ཐར་པའི་མདོ། དེབ་གཟུགས། ཤོག་ངོས་ ༥ པར་གསལ།
  40. ཐཱའི་ཝན་པར་མ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་ ༣ མ་བྱིན་ལེན་གྱི་རིན་ཐང་ལ་དཔྱད་པ། ཤོག་ངོས་ ༡༦༥ པར། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། ཞེས་གདམ་ང་ཅན་བྱས་ཏེ། དགེ་སློང་དེ་ལྟར་མ་བྱིན་པ་ལེན་ན་དགེ་སློང་དེ་ཕམ་པར་འགྱུར། ཞེས་གསུངས་པའི་དེ་ལྟར་ཞེས་པ་གོང་གི་གསོད་སོགས་གསུམ་ལས་གང་རུང་ལ་མི་སྙེག་ན་གང་ལ་བསྙེགས། བསྙེགས་ན་དེ་གསུམ་གང་བྱས་ཀྱང་རུང་སྟེ་ཕམ་པར་འགྱུར་ཞེས་བསྟན་གྱི་གསོད་ཚད་ཁོ་ན་ཇི་ལྟར་བསྟན། ཞེས་གསུངས་སོ།།
  41. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༥ ཤོག་ངོས་ ༣༠༤ པར་གསལ།
  42. ཐཱའི་ཝན་པར་མ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། དེབ་ཕྲེང་ ༣ ཤོག་ངོས་ ༡༦༦ པར་གསལ།
  43. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༨ པར་གསལ།
  44. དགའ་ལྡན་བྱང་རྩེའི་དཔེ་མཛོད་ཀྱི་པར་མ། འདུལ་བ་མདོ་རྩ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། དེབ་གཟུགས། དཔར་ཐེངས་དང་པོ། ཤོག་ངོས་ ༣༩༩ པར། ཀར་ཤ་པ་ན་མཚན་ཉིད་པ་དང་བཏགས་པ་གཉིས་ལས། དང་པོ་ནི། དངུལ་ལས་བྱས་པ་དོང་ཙེའི་རྣམ་པ་འདྲ་བའི་རི་མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞེས་གསུངས།
  45. དེ་འདྲའི་གསེར་གྱི་དོང་ཙེ་འདི་རྒྱ་གར་གྱི་རྒྱལ་པོ་རྨ་བྱའི་རིང་ལ་བྱས་ཞེས་འདུལ་བར་འབྱུང་། བདག་གིས་དེའི་ཚད་ནི་གོང་བསྟན་ལྟར་བྱས་ཏེ་གཞལ་བས་དེང་སང་རྒྱ་ཐུར་འབྲིང་ཙམ་གྱི་ཞོ་དོ་སྐར་དྲུག་འདུག ཅེས་གསེར་གཞིར་བཞག་སྟེ་བརྩིས་སོ། །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇུ་མི་ཕམ་བཀའ་བུམ། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་། ཤོག་ངོས་ ༡༣༢ པར་གསལ།
  46. མཚོ་ཆུ་ཉེ་སའི་བྱེ་མའམ་འདམ་དུ་འཚོ་བའི་སྲོག་ཆགས་ཆུང་ངུ་ལུས་སྙེ་མོ་ཅན་ཞིག ཕྱི་སྐོགས་ཅུང་ཟད་ཟུར་གསུམ་དང་ལྡན་པ། མདོག་དཀར་ལ་མཁྲེགས་པ། འདིའི་སྐོགས་ལའང་འགྲོན་བུ་ཟེར། གནའ་སྔ་མོར་ཚོང་བྱེད་སྤྱད་དོང་ཚེར་འཇུག་པའོ། །ཞེས་དང་། ཁ་དོག་སོགས་ཀརྵ་པ་ན་དང་དབྱེ་བ་ཆེར་མེད་ཀྱང་ལྟོ་བ་གོང་ལས་ལྡིར་ཞིང་འགྲོན་བུ་ཞེས་ཡོངས་གྲགས་དམངས་ཁྲོད་ལའང་དར་སྲོལ་ཆེ་བ་ཡོད། ཅེས་སྨོན་ལམ་ཚིག་མཛོད་དུ་གསལ།
  47. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༡ འདུལ་བ་འདུས་པ། ཤོག་ངོས་ ༣༠༢ པར། ཀཱརྵཱ་པ་ཎ་ལྕགས་ལས་བྱས་ཀྱང་གལ་ཏེ་རིན་ཆེན་དངོས་གཞིའོ། །ཞེས་དང་། ལྕགས་ལས་བྱས་པ་བརྐུས་ན་ཡང་རིན་ཐང་གི་དབང་གིས་ལྟུང་བའོ། །ཞེས་ལྕགས་ལས་བྱས་པའི་ཀཱརྵ་པ་ཎ་ཡོད་པར་གསལ། གསེར་དང་དངུལ་གྱིས་བྱས་པ་ནི་འདུལ་གཞུང་ཐམས་ཅད་དུ་གསལ།
  48. འདུལ་བ་འདུས་པར་གསལ།
  49. ཀཱ་རི་ཀཱ་ལྔ་བཅུ་པར་གསལ།
  50. འདུལ་བ་མདོའི་རྒྱ་ཆེར་འགྲེལ་དང་འདུལ་བ་ཀུན་ལས་བཏུས་པ་གཉིས་སུ་གསལ།
  51. མཚོ་ཊཱིཀ་ཏུ་གསལ།
  52. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇུ་མི་ཕམ་བཀའ་འབུམ། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་། ཤོག་ངོས་ ༡༣༡ པར་གསལ།
  53. ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༡༩༢ ཤོག་ངོས་ ༡༤༩ པར་གསལ།
  54. གནའ་རབས་རྒྱ་གར་གྱི་གསེར་དངུལ་ལྗིད་ཚད་འཇལ་བྱེད་ཀྱི་ཚད་གཞི་ཞིག་གི་མིང་སྟེ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དྲིས་ལན་གྱི་ཚིག་རྒྱལ་དབང་ལྔ་པ་ཆེན་པོས་འདུལ་བའི་ལས་ཆོག་ཏུ་དྲངས་པ་ལས། ཀ་ཀ་ནི་ཞེས་པ་ནི། ཀུཉྫ་ཞེས་འབོད་པ་དམར་རུ་མགོ་ནག་གི་མིང་ཡིན། ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་བྱ་གསེར་སེ་བ་དོ་ཡིན་ཞེས་སོགས་དྲངས་ཡོད། སྨོན་ལམ་ཚིག་མཛོད་ལས་བཏུས།
  55. དམར་རུ་མགོ་ནག་ནི་དབྱིབས་སྲན་རིལ་ལྟར་འཇོང་རིལ་ཡིན་པ་ལ་ཕྱེད་ཀ་ནག་པོ་དང་ཕྱེད་ཀ་དམར་པོ་ཡིན་པ་ཞིག་སྟེ། ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་སྐམ་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྣོ་བས་རྩ་ཁ་འབྱེད་ཅིང་བུ་འབྱིན་པ་དང་། མོ་ནད་ཁྲག་ཚགས་སེལ་ཞིང་སྣོད་ཀྱི་མཁྲིས་སྐྲན་བཤིག་པར་བྱེད་པ་ཞིག རྒྱ་སྐད་དུ། ཀ་ཀ་ནི་འམ་ཀུནྫ་ཞེས་འབོད་པ་དམར་རུ་མགོ་ནག་གི་མིང་ཡིན། ཞེས་སྨོན་ལམ་ཚིག་མཛོད་ལས་བཏུས།
  56. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇུ་མི་ཕམ་བཀའ་འབུམ། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་། ཤོག་ངོས་ ༡༣༡ པར་གསལ།
  57. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇུ་མི་ཕམ་བཀའ་འབུམ། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་། ཤོག་ངོས་ ༡༣༢ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།