ལོ་རིམ་དགུ་པའི་སློབ་གཉེར་བ། ར་ཀེས།
ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་བ།།
ཐེག་དགུའི་རྩེ་མོ་རྫོགས་པ་ཆེན་པོ་པདྨའི་རིང་ལུགས་དྲི་བྲལ་བ།།
མ་ནོར་མ་བཅོས་སྙན་པའི་དབྱངས་ཀྱིས་གསུང་གི་ང་རོ་སྒྲོག་བྱེད་པའི།།
དགོངས་བརྡ་སྙན་བརྒྱུད་ཡབ་སྲས་བརྒྱུད་པར་བཅས་ལ་གུས་པས་སྙིང་ནས་འདུད།།
ངོ་བོ་ཀ་དག་ཆོས་དབྱིངས་སྟོང་གསལ་འགྱུར་མེད་ཡེ་ཤེས་སྐུ།།
རང་བཞིན་གསལ་བ་འགག་པ་མེད་པའི་འདུས་མ་བྱས་པའི་གསུང་།།
ཐུགས་རྗེ་རིས་མེད་ཀུན་ལ་ཁྱབ་པའི་གཡོ་བ་མེད་པའི་ཐུགས།།
མ་སྐྱེས་མི་འགག་བྲི་གང་བྲལ་བའི་དབྱིངས་ལ་གུས་ཕྱག་འཚལ།།
ཞེས་མཆོད་པར་བརྗོད་པའི་མེ་ཏོག་སྔོན་དུ་ཐོར་ཏེ་གང་ཞིག་གླེང་བར་བྱ་བའི་ཆོས་ཀྱི་རིམ་པ་ནི། ཕྱོགས་བཅུའི་མུན་སེལ་ལས།1 རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རྣམས་ཕྱི་ནང་གསང་བ་གསུམ་དུ་སྣང་བའི། གསང་བ་ལ་ཡང་བསྐྱེད་རྫོགས་གཉིས་སུ་ཕྱེ་བའི་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས། འདིར་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་ཉིད་སྟོན་པར་བྱེད་དོ། །ཞེས་གསུངས་པ་ལྟར། སེམས་རང་སྣང་དང་ཡེ་ཤེས་རང་སྣང་གི་སྐོར་འདི་ཉིད་ཡིན་ནོ།།
དེ་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བཏང་ན། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་བཅས་གསུམ་དུ་གནས་པ་ལས།
དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན།
དེ་ལ་འདིར་སྤྱིར་སེམས་རང་སྣང་དང་ཡེ་ཤེས་རང་སྣང་གི་ངོ་བོ་ངོས་གཟུང་བ་ལ་ཆ་རྐྱེན་ལྟ་བུར་གྱུར་པའི་སྐབས་འདིར་བསྟན་པའི་སེམས་དང་ཡེ་ཤེས་ཀྱི་ངོ་བོ་ངོས་གཟུང་བ་ལ་གཉིས་ཏེ། སེམས་ཀྱི་ངོ་བོ་ངོས་གཟུང་བ་དང་། ཡེ་ཤེས་ཀྱི་ངོ་བོ་ངོས་གཟུང་བ་གཉིས་ལས། དང་པོ་སེམས་ཀྱི་ངོ་བོ་ནི། མ་རིག་པ་ཁྱབ་བྱེད་དུ་ཡོད་པ་གང་ཞིག་གཟུང་འཛིན་ཅན་དུ་སོང་བའི་ཤེས་པ་སྟེ། ཐེག་མཆོག་མཛོད་ལས།2 ཡུལ་ཡུལ་ཅན་གཟུང་འཛིན་དུ་སྐྱེས་པའི་ཤེས་པ་གང་ཞིག་མ་རིག་པ་ཁྱབ་བྱེད་དུ་ཡོད་པ། ཞེས་དང་། སེམས་ཉིད་ངལ་གསོའི་འགྲེལ་ཆེན་ལས།3 རང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་འཁྲུལ་པས་རྒྱུ་བྱས་ནས་ཉོན་མོངས་པའི་དྲྭ་བས་གཡོགས་པའི་ཚེ་ནི་སེམས་ཞེས་བརྗོད་དེ། རྟོག་དཔྱོད་མི་དགེ་བའི་ས་པས་བསྡུས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ཚིག་དོན་རིན་པོ་ཆེའི་མཛོད་ལས།4 སེམས་གང་ཡིན་འཁོར་བའི་ཆོས་ཏེ་ལས་དང་བག་ཆགས་ཀྱི་རང་བཞིན་དྲི་མར་སྐྱེས་པའི་སྐྱོན། ཞེས་དང་། དེ་བཞིན་དུ། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།5 རང་རྩལ་ལས་གཡོས་པ་དེ་ཉིད་རྐྱེན་ལས་གོལ་ཏེ་གཞི་དང་མི་མཐུན་པར་གཟུང་འཛིན་ཅན་དུ་སོང་ན་སེམས་ཞེས་བྱ་སྟེ། འཁྲུལ་པ་ཡིན་ཞིང་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པ་རྩྭ་སོག་གི་གཟེབ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ།།
གཉིས་པ་ཡེ་ཤེས་ཀྱི་ངོ་བོ་ནི། གཟུང་འཛིན་གྱི་ཀུན་ཏུ་རྟོག་པ་དང་བྲལ་བས་ཡུལ་རིག་པའི་མཁྱེན་ཆར་གནས་པ་སྟེ། སེམས་ཉིད་ངལ་གསོའི་འགྲེལ་ཆེན་ལས།6 གཟུང་འཛིན་ཉེ་བར་ཞི་བས་ཡུལ་རིག་པ་ནི་ཡེ་ཤེས་ཞེས་བྱ་སྟེ། དཔལ་ཕྲེང་གི་མདོ་ལས། གང་ལ་གཟུང་བ་དང་འཛིན་པས་དབྱེ་ན་སྤྱོས་ཏེ་ཡུལ་ལ་རྟོག་པ་ནི་འཁོར་བའི་སེམས་སོ། །གང་ལ་གཟུང་བ་དང་འཛིན་པ་མེད་པས་དོན་རིག་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་སོ་ཞེས་པས་འགྲུབ་བོ། །ཞེས་དང་། ཐེག་མཆོག་མཛོད་ལས།7 སོ་སོ་རང་གི་རིག་པ་ཡེ་ནས་མཁྱེན་ཆར་གནས་པ་སྟེ། ཞེས་དང་། ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པ་སྟེ། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཞེས་དང། ཚིག་དོན་རིན་པོ་ཆེའི་མཛོད་ལས།8 ཡེ་ཤེས་གང་ཡིན་མྱ་ངན་ལས་འདས་པའི་ཆོས་ཏེ་ལས་དང་བག་ཆགས་བསྲེགས་པས་མེ་དང་འདྲ་ཞིང་ཀུན་ཏུ་རྟོག་པ་ཐམས་ཅད་དང་བྲལ་བ་སྟོང་གསལ་ནམ་མཁའི་རང་བཞིན་ཅན་ཏེ། ཞེས་གསུངས་པ་ལྟར་སྐབས་འདིར་བསྟན་གྱི་སེམས་དང་ཡེ་ཤེས་ངོ་བོ་ཡིན་ནོ།།
གཉིས་པ་བར་དུ་དགེ་བ་གཞུང་གི་དོན།
འདི་ལ་གཉིས་ཏེ། སེམས་རང་སྣང་དང་ཡེ་ཤེས་རང་སྣང་གི་ངོ་བོ་ངོས་གཟུང་བ་དང་། དེའི་དོན་མཐའ་དཔྱོད་པ་གཉིས་ཡོད་པ་ལས། དང་པོ་ལ་གཉིས་ཏེ། སེམས་རང་སྣང་གི་ངོ་བོ་ངོས་གཟུང་བ་དང་། ཡེ་ཤེས་རང་སྣང་གི་ངོ་བོ་ངོས་གཟུང་བ་གཉིས་ལས།
དང་པོ་སེམས་རང་སྣང་གི་ངོ་བོ་ནི། བག་ཆགས་སད་པའི་སྟོབས་ཀྱིས་སྣང་བ་སྣ་ཚོགས་སུ་ཤར་བ་སྟེ། དེ་ལྟར་ཡིན་པ་འདི་ཡང་། ཕྱོགས་བཅུའི་མུན་སེལ་ལས།9 ཐམས་ཅད་རང་སྣང་ཡིན་པས་ངོ་མཚར་བ་བསྟན་པའི་ཕྱིར་ཨ་ཧོ་ཞེས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་དང་དེས་རྒྱུ་བྱས་ཏེ་འཁོར་བའི་གནས་སྐབས་ན་འཁྲུལ་སྣང་སྣ་ཚོགས་པ་སྲིད་པ་ཁམས་གསུམ་གྱི་རྩ་བར་གྱུར་པའི་ཉེས་དམིགས་ཐམས་ཅད་ནི་ང་དང་བདག་ཏུ་རྟོག་ལས་འཕྲོས་ཏེ། འཁོར་བར་འཁྲུལ་དུས་ན་ལྷ་ལ་སོགས་པའི་འགྲོ་བ་རྒྱུད་དྲུག་སོ་སོའི་སྣང་བ་ལ་སྐྱེ་བ་དང་སྲོག་གི་དབང་པོ་འགགས་པས་འཆི་བ་དང་། རང་རང་གི་ལུས་སྣ་ཚོགས་དང་བདུད་རྩི་དང་བུ་རམ་ཤིང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་དང་ལྷའི་གནས་ལ་སོགས་པའི་སོ་སོའི་ཡུལ་དུ་སྣང་བ་སྣ་ཚོགས་པ་དང་། འཆི་འཕོ་ལྟུང་བ་ལ་སོགས་པ་སྡུག་བསྔལ་གྱི་འཁྲུལ་འཁོར་དང་། ལ་སོགས་པའི་ཁོངས་ནས་བདེ་བ་དང་བར་མའི་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་འགྲོ་བ་དེ་དག་གི་མ་རིག་པས་བསྐྱེད་པའི་ལོག་རྟོག་བག་ཆགས་འཁྲུལ་པའི་སེམས་ཀྱི་རང་སྣང་རྨི་ལམ་ལྟ་བུ་ཉིད་ལས་ཕྱི་རོལ་དོན་གཞན་ཐ་དད་དུ་གྲུབ་པ་ཅི་ཡང་མེད་དོ། །ཞེས་དང་། དེ་བཞིན་དུ། རྒྱ་ཆེར་འགྲེལ་ལས།10 ཕྱི་གཟུང་བའི་ཡུལ་ལོག་པར་རྟོག་པ་ཉིད་ལ་ནང་འཛིན་པའི་སེམས་ཀྱིས་ལོག་པར་རྟོག་པ་ཉིད་སྤྱོད་ཀྱིས་ཀྱང་། གཞན་ལོགས་ཤིག་ཏུ་སེམས་འཁྲུལ་པས་བློ་ཕྱིན་ཅི་ལོག་ཏུ་གཡོ་བ་ཡང་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཡུལ་གྱི་རྣམ་པ་ཐམས་ཅད་ནི། སེམས་འཁྲུལ་པས་ནན་གྱིས་བཏགས་པ་ཡིན་ཏེ། སེམས་འཁྲུལ་པས་ཡུལ་འཁྲུལ་པ་མེད་པ་ལ་ཡོད་པར་ནན་གྱིས་བཏགས་པ་ཡིན་གྱི། ཡུལ་ལོགས་ཤིག་ཏུ་གྲུབ་པ་དང་། སེམས་མ་འཁྲུལ་པར་རང་དབང་དུ་ཡོད་པ་ནི་ནམ་ཡང་མ་མྱོང་ངོ་། །འོ་ན་ལོག་པར་རྟོག་པ་དེ་ཉིད་ལ་རྒྱུ་དང་འབྲས་བུ་དང་། རྒྱུ་འབྲས་བུ་འབྲེལ་བར་བྱེད་པ་ནི་ཡོད་དམ་ཞེ་ན། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཕྱིན་ཅི་ལོག་གི་རྟོག་པའི་རྒྱུན་ནི། ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་རྟོག་པ་ཅན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པའི་ཕྱིར་རོ། །འབྲས་བུ་ནི་ཁམས་གསུམ་འགྲོ་བ་རིགས་དྲུག་གི་ཉོན་མོངས་པའི་ཕུང་པོ་ཇི་སྙེད་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །རྒྱུན་ནི་སེམས་དང་སེམས་ལས་བྱུང་བའི་ལས་ཀྱི་བག་ཆགས་རྒྱུའི་དུས་ན་མི་མངོན་ལ་འབྲས་བུའི་དུས་ན་གསལ་བའི་མཚན་ཉིད་ཅན་ལ་བྱའོ། །ཞེས་གསུངས་པ་ལྟར་དོན་ལ་གནས་སོ།།
གཉིས་པ་ཡེ་ཤེས་རང་སྣང་གི་ངོ་བོ་ནི། གཟུང་འཛིན་གྱི་བག་ཆགས་ཡོངས་སུ་ཟད་པའི་སྟོབས་ཀྱིས་སྣང་བའི་དག་པ་རབ་འབྱམས་ཏེ། དེ་ཡང་ཕྱོགས་བཅུའི་མུན་སེལ་ལས།11 ཆོས་ཐམས་ཅད་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འཁོར་འདས་ཡེ་ནས་སངས་རྒྱས་པའི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་ཡེ་མཁྱེན་རང་གི་རིག་པ་ལ་མངའ་བརྙེས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཏེ། དེ་ལ་སྣང་བའི་ཆོས་རྣམས་ལ་ཕྱི་གཟུང་བའི་ཡུལ་གཞན་དུ་དམིགས་པར་བྱ་བ་དང་། ནང་འཛིན་པའི་སེམས་བདག་ཏུ་དམིགས་པར་བྱེད་པ་གཉིས་སུ་མེད་པར་ཡེ་ཤེས་ཀྱི་དྲན་པས་དབང་སྒྱུར་བར་བྱེད་དོ། །དེ་ལྟར་དབང་སྒྱུར་བའི་ཆོས་གཞན་ལས་འཕགས་པས་ངོ་མཚར་ཞིང་རྨད་དུ་བྱུང་བའི་སྐུ་གསུམ་དང་ཡེ་ཤེས་ཆེན་པོའི་གསུང་ཐེག་པར་སྣང་བ་དང་ཐུགས་མཁྱེན་པ་གཉིས་དང་ཡོན་ཏན་ཚད་མེད་པ་དང་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སོགས་པ་ཡང་། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ལས་ཕྱོགས་གཞན་ན་རང་མཚན་དུ་གྲུབ་པ་མེད་དེ། ཡེ་ཤེས་དེ་ཉིད་སྐུ་དང་ཞིང་ཁམས་དང་འཕྲིན་ལས་ལ་སོགས་པར་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ལྟར་སྣང་བ་ཡིན་ཏེ། རྨད་བྱུང་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་འཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་ཐམས་ཅད་རང་སྣང་ཆེན་པོར་བཀོད་པ་ལས་གཞན་མ་ཡིན་ནོ་ཞེས་རང་བཞིན་རྡོ་རྗེ་གསང་བའི་རྒྱུད་ཀྱི་ཚིག་ཏུའོ།།
དེ་བཞིན་དུ་རྒྱ་ཆེར་འགྲེལ་ལས།12 ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཕྱི་གཟུང་བའི་ཡུལ་རྣམ་པར་དག་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་སྒྱུ་མ་ལ། ནང་འཛིན་པའི་སེམས་རྣམ་པར་དག་པ་རང་རིག་པའི་ཡེ་ཤེས་སྒྱུ་མ་ཉིད་ཀྱིས་དམིགས་བྱ་དང་དམིགས་བྱེད་མེད་པར། ངོ་མཚར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་དབང་བསྒྱུར་ཞིང་། ཆོས་ཐམས་ཅད་ཡེ་ཤེས་རྣམ་པར་དག་པའི་ཞིང་ཁམས་སུ་ལོངས་སྤྱོད་པའི་ཕྱིར། བདག་དང་གཞན་དང་། རྟོག་པའི་དབང་ཡང་དག་པའི་རྣམ་པར་དག་པར་འགྱུར་བས། གཞུང་འདི་ནི་བླ་ན་མེད་པའི་ཐེག་པའི་མཆོག་ཏུ་ངེས་པ་ཡིན་ནོ། །ཞེས་བྱའོ། །ཞེས་དང་། འདིར་ནི་ཕྱི་དང་ནང་ཀུན་གཞི་བག་ཆགས་དང་བཅས་པ་ཐམས་ཅད་དོན་དམ་པ་ཆོས་ཉིད་སྟོང་པ་ཉིད་ཀྱི་ངོ་བོར་བསྟན་ལ། དོན་དམ་པ་ཀུན་རྫོབ་ཏུ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་འདྲ་བར་གནས་པ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཡང་། སྟོང་ཉིད་བདག་མེད་ཡེ་མཁྱེན་སྐུ་གསུང་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པའི་ཕྱིར། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དེའི་ཐོག་ལ་ཀུན་མཁྱེན་རོང་ཟོམ་ཆེན་པོའི་དཀོན་ཅོག་འགྲེལ་དང་སྒེག་པའི་རྡོ་རྗེའི་འགྲེལ་པ་སྤར་ཁབ་དེ་བཞིན་དུ་ལོ་ཆེན་རིན་པོ་ཆེའི་གསང་བདག་དགོངས་རྒྱན་དང་ཞལ་ལུང་སོགས་ལའང་རང་སྣང་གཉིས་ཀྱི་དོན་བཞེད་ཚུལ་ལ་རྗོད་བྱེད་ཚིག་གི་བརྗོད་ཚུལ་ལ་ཁྱད་པར་ཙམ་ལས་བརྗོད་བྱ་དོན་གྱི་ཆར་མཁས་གྲུབ་དེ་དག་གི་དགོངས་པ་གཅིག་ཏུ་གནས་པ་ཡིན་པས། འདིར་ཡིག་ཚོགས་མང་དྲགས་པའི་སྐྱོན་དུ་འགྱུར་བས་རེ་ཞིག་དེ་དག་གི་ལུང་འགོད་ཐབས་བྲལ་བས་རྒྱས་པར་གཟིགས་འདོད་མཆིས་ན་གོང་གི་གཞུང་དག་ལ་གཟིགས་གནང་བར་ཞུ། མདོར་ན་སེམས་དང་སེམས་རང་སྣང་དང་ཡེ་ཤེས་དང་ཡེ་ཤེས་རང་སྣང་གཉིས་པོ་ནི་གཙོ་བོ་ཡུལ་དང་ཡུལ་ཅན་གྱི་ལྡོག་ཆ་ནས་བཞག་པ་ཡིན་སྙམ། དེ་དག་གི་དོན་ལ་དཔྱད་པའི་ཁུལ་ཙམ་འོག་ཏུ་བྱས་ཡོད་པ་དེར་གཟིགས་པར་འཚལ་ལོ།།
གཉིས་པ་དེའི་དོན་མཐའ་དཔྱོད་པ་ལ་གཉིས་ཏེ། སེམས་རང་སྣང་གི་དོན་ལ་མཐའ་དཔྱོད་པ་དང་། ཡེ་ཤེས་རང་སྣང་གི་དོན་ལ་མཐའ་དཔྱོད་པ་གཉིས་ལས། དང་པོ་སེམས་རང་སྣང་གི་དོན་ལ་མཐའ་དཔྱོད་པ་ལ་དྲི་བ་འགོད་པ་དང་དེའི་ལན་ཐུན་མོང་དུ་བསྟན་པ་ནི། སེམས་ལ་སྣང་ན་སེམས་རང་སྣང་ཡིན་པས་ཁྱབ་པ་ཡོད་དམ་མེད་ཅེ་ན། སེམས་ལ་སྣང་ན་སེམས་རང་སྣང་ཡིན་པས་ཁྱབ། དེ་བཞིན་དུ་སེམས་ཀྱི་སྣང་བ་དང་མ་དག་པའི་སྣང་བའམ་འཁྲུལ་སྣང་ཡིན་ན་སེམས་རང་སྣང་ཡིན་པས་ཁྱབ་སྟེ། བག་ཆགས་སད་སྟོབས་ཀྱིས་སྣང་བ་ཡིན་པས་ཁྱབ་པའི་ཕྱིར་རོ། །སེམས་ཉིད་ངལ་གསོའི་འགྲེལ་ཆེན་ལས།13 འདི་ལྟར་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ན། མེ་ལོང་དྭངས་པའི་ངོས་གཟུགས་བརྙན་འཆར་བའི་རྟེན་དུ་རུང་བ་དང་། བཞིན་ལ་རྣམ་པ་འཆར་བའམ་བཏོད་བྱེད་ཀྱི་ནུས་པ་ཡོད་པའི་རྐྱེན་ལས་རང་གི་བཞིན་ཇི་ལྟ་བར་སྣང་དུས། བཞིན་གྱི་གཟུགས་བརྙན་དེ་བྱད་ཀྱང་མ་ཡིན། བྱད་ལས་གཞན་གྱི་རྣམ་པ་བཏོད་བྱེད་ཀྱང་མེད་པ་བཞིན་དུ་སྣ་ཚོགས་སུ་འཁྲུལ་ངོར་སྣང་བ་འདི་དག་རྒྱུ་རྐྱེན་འཁྲུལ་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་གྱིས་སྣང་དུས། སྣང་ཡུལ་རི་ལ་སོགས་པ་སྣ་ཚོགས་འདི་དག་སེམས་ཀྱང་མ་ཡིན། སེམས་ཀྱི་བག་ཆགས་འཁྲུལ་པ་ལས་སྣང་བ་མ་གཏོགས་དོན་གཞན་བདེན་པར་གྲུབ་པ་ཡང་མེད་པས་འཁྲུལ་སྣང་གི་རྣམ་པ་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛག་པ་ལྟར་སྣང་བ་དང་མཚུངས་པ་མེད་བཞིན་སྣང་བའོ། །ཞེས་གསུངས་སོ། །དེ་བཞིན་དུ། ཚིག་དོན་རིན་པོ་ཆེའི་མཛོད་ལས།14 དེ་ལ་སེམས་ཀྱི་ཡུལ་འཁྲུལ་སྣང་འཁོར་བའི་ཆོས་ཏེ་བསྡུ་ན་གཟུགས་སྒྲ་དྲི་རོ་རེག་དང་ཆོས་ཏེ་དྲུག་གོ །འདི་དག་སེམས་ཀྱི་བག་ཆགས་ལས་སྐྲ་ཤད་ཀྱི་རྣམ་པ་ལྟར་སྣང་བ་སྟེ། གང་ལ་སྣང་ན་འཁྲུལ་བའི་སེམས་ལ་སྣང་བའོ། །ཞེས་གསུངས་སོ།།
ཡང་སེམས་རང་སྣང་ཡིན་ན་སེམས་དང་རྫས་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་པ་ཡོད་དམ་མེད་ཅེ་ན། སེམས་རང་སྣང་ཡིན་ན་སེམས་དང་རྫས་གཅིག་དང་ཐ་དད་གང་རུང་ཡིན་པས་མ་ཁྱབ་སྟེ། ཕྱི་རོལ་གྱི་སྣང་བ་གཟུགས་སྒྲ་དྲི་རོ་སོགས་སེམས་རང་སྣང་ཡིན་ཡང་སེམས་དང་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་སེམས་ཀྱི་ཆོ་འཕྲུལ་ལས་སྣང་བའམ་སེམས་ཀྱིས་ཕར་བཏགས་པ་ཙམ་ལས་ཕྱི་ནང་གང་དུའང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་སོ། །གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།15 དེ་ལྟར་འཁོར་བར་བདེ་སྡུག་དུ་མས་གདུངས་ཀྱང་གནས་ལུགས་ལ་ནམ་མཁའ་བཞིན་དུ་འཆིང་བྱེད་སུས་ཀྱང་འགྲོ་བ་ཀུན་མ་བཅིངས་ཤིང་། བཅིངས་པ་ལྟར་སྣང་བའི་ཉོན་མོངས་ཀྱང་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་འདི་ལྟར་བཅིངས་པ་ལྟར་སྣང་བ་གང་ལས་བྱུང་ཞེ་ན། གློ་བུར་བའི་རྣམ་རྟོག་བདག་ཏུ་འཛིན་པ་ཡིས་དོན་མེད་པར་འཁྲུལ་པ་བཟོས་པ་ཡིན་ཏེ། དཔེར་ན་འགའ་ཞིག་ནན་ནམ་ཆེད་ཀྱིས་མདུན་གྱི་ནམ་མཁའ་ལ་ཐག་པ་ཅིག་བྱུང་བ་བློས་བཟོས་ནས། དེ་ལ་མདུད་པ་བཅིང་གྲོལ་དུ་མ་འདོར་ཞིང་བྱེད་པ་ལྟར། རང་གི་སེམས་ཉིད་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ལ། དགག་སྒྲུབ་གཟུང་འཛིན་དུ་མར་བྱས་པས་འཁོར་བའི་འཁྲུལ་པ་ལྟར་སྣང་བའོ། །ཞེས་དང་། སེམས་ཉིད་ངལ་གསོའི་འགྲེལ་ཆེན་ལས།16 དེའང་འདི་ལྟར་མ་དག་པའི་སྣང་བ་དང་། དེར་འཛིན་པའི་ཤེས་པ་ཐམས་ཅད་བད་ཀན་རབ་རིབ་ཅན་གྱི་མིག་ལམ་དུ་སྐྲ་ཤད་འཛག་པ་ལྟར་སྣང་ལ་དུས་དེ་ཉིད་ནས་ཡོད་མ་མྱོང་བ་སྟེ། ཞེས་སོགས་ནས། དེའང་རྨི་ལམ་གྱི་འཁྲུལ་སྣང་གཉིད་དུ་འགྲོ་ཀ་དང་སད་པ་གཉིས་ཀ་ན་མེད་ཀྱང་བར་དེར་སྣང་བ་ལྟར། ད་ལྟར་གྱི་འགྲོ་དྲུག་འཁྲུལ་སྣང་འདི་ཡང་དང་པོ་སེམས་ཉིད་ཡེ་ནས་དག་པ་སྙིང་པོའི་ཁམས་ལ་མེད་ཅིང་། ད་གཟོད་འཁྲུལ་པ་ཤིན་ཏུ་དག་པ་སངས་རྒྱས་པའི་དུས་སུའང་མེད་ཀྱང་བར་འདིར་སྣང་བ་ཡང་མེད་བཞིན་དུ་སྣང་བས་སྐྱེ་འགག་གནས་གསུམ་དུ་མ་གྲུབ་པ་ཡིན་ནོ། །ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།17 ཁོ་བོ་ཅག་ནི་སེམས་ལ་སྣང་བའི་འཁྲུལ་པ་དྷ་དུ་ར་ལ་སོགས་པའི་སྣང་བ་ལྟར་ཕྱི་ནང་གང་ཡང་མ་ཡིན་གང་དུའང་མ་གྲུབ་ཀྱང་མེད་བཞིན་སྣང་བ་གཞི་མེད་རྩ་བྲལ་བར་འདོད་པས་རང་བཞིན་མེད་པར་སྨྲ་བ་ཡིན་ནོ། །ཞེས་དང་། དེ་བཞིན་དུ། མཛོད་ལྡེའི་ཟིན་བྲིས་ལས།18 ཕྱི་མའི་གནས་ལུས་སོགས་རང་སྣང་དངོས་མ་ཡིན་ཞེས་པའི་ཐད། སེམས་རང་སྣང་དངོས་ནི་སེམས་རང་དང་རྫས་གཅིག་ལ་དེ་དག་རིགས་ལྔ་ཡུམ་ལྔ་སོགས་ཡིན་ཏེ། དེ་ཡེ་ཤེས་ཀྱི་རང་སྣང་དངོས་ཀྱང་ཡིན་ནོ། །སེམས་ཀྱིས་ཕར་བཞག་པའི་སྣང་ཙམ་སེམས་ཅན་ཐུན་མོང་ལ་རིགས་འདྲ་ཞིག་སྣང་བའི་ཆ་དེར་སེམས་ཀྱི་སྣང་ཡུལ་ཞེས་བཤད་ལ་དེ་ཉིད་ལས་ཀྱིས་བདག་འབྲས་ཐུན་མོང་ལས་བྱུང་བའི་ཡུལ་གྱི་ཆ་ཡིན་པས་སེམས་དང་གཅིག་པའི་རྫས་མིན་ལ། ཡེ་ཤེས་ཀྱི་རྫས་སུའང་མེད་པས་རང་སྣང་དངོས་མིན་ཡང་དང་པོ་བྱུང་བའི་ཁུངས་ཡེ་ཤེས་ཉིད་ལས་གཞན་མེད་པས་ཡེ་སྣང་གི་ཕྱོགས་སུ་བསྡུས་པ་ཡིན་ལ། སྣང་ཡུལ་རང་ཉིད་ལ་རྫས་དང་ངོ་བོ་མེད་པས་འཁྲུལ་པས་བཏགས་པའི་སྣང་བ་ཙམ་དུ་ཟད་དོ། །ཞེས་གསུངས་སོ།།
གཉིས་པ་ཡེ་ཤེས་རང་སྣང་གི་དོན་ལ་མཐའ་དཔྱོད་པ་ལ་གཉིས་ཏེ། དྲི་བ་འགོད་པ་དང་དེའི་ལན་ཐུན་མོང་དུ་བསྟན་པ་ནི། ཡེ་ཤེས་རང་སྣང་ཡིན་ན་ཡེ་ཤེས་དང་གཅིག་ཡིན་པས་ཁྱབ་པ་ཡོད་དམ་མེད་ཅེ་ན། ཡེ་ཤེས་རང་སྣང་ཡིན་ན་ཡེ་ཤེས་དང་གཅིག་ཡིན་པས་ཁྱབ་སྟེ། ཡེ་ཤེས་རང་སྣང་ཡིན་ལ་ཡེ་ཤེས་ཉིད་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །མཛོད་ལྡེ་ལས།19 འདི་དག་གི་སྐབས་སུ་ཡེ་ཤེས་རང་སྣང་ཞེས་བཤད་པ་ནི། ཡེ་ཤེས་ཉིད་ལས་གཞན་དུ་མ་གྱུར་པའི་སྣང་བ་སྟེ། ཞེས་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།20 ཡེ་ཤེས་དེ་ཉིད་སྐུ་དང་ཞིང་ཁམས་དང་ཕྲིན་ལས་ལ་སོགས་པར་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ལྟར་སྣང་བ་ཡིན་ཏེ། ཞེས་དང་། དཀོན་ཅོག་འགྲེལ་ལས།21 ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་སྟེ། ཡེ་ཤེས་དེ་ཉིད་དེ་ལྟ་བུར་སྣང་བའམ། དེའི་བྱིན་རླབས་སོ་ཞེས་བཤད་པར་བྱའོ། །ཞེས་གསུངས་སོ། །འོན་ཀྱང་ཡེ་ཤེས་ཡིན་ན་ཡེ་ཤེས་རང་སྣང་ཡིན་པས་མ་ཁྱབ་སྟེ། འཆར་གཞིའི་ལྡོག་ཆ་ནས་བཞག་པའི་ཡེ་ཤེས་དོན་དམ་དང་ནང་གསལ་ཕྲ་བའི་རང་བྱུང་གི་ཡེ་ཤེས་ནི་ཡེ་ཤེས་ཡིན་ཡང་ཡེ་ཤེས་རང་སྣང་མ་ཡིན་པའི་ཕྱིར་ཏེ། རང་སྣང་གཉིས་པོ་ནི་གཙོ་བོ་ཕྱི་གསལ་ལམ་གཞི་ལས་གཞི་སྣང་ཤར་བའི་ལྡོག་ཆ་ནས་བཞག་པ་ཡིན་པ་གང་ཞིག་དེ་ནི་ཡེ་ཤེས་རང་གི་དབྱིངས་ཁོ་ན་ལས་གཞན་མི་སྣང་བ་དང་སྣང་བ་བཞི་མཐར་ཕྱིན་པའི་སྐབས་ཡིན་པས་སོ། །མཛོད་ལྡེའི་ཟིན་བྲིས་ལས།22 རིག་པ་ནང་གསལ་ལྟར་ན་ཡེ་ཤེས་རང་གི་དབྱིངས་ཁོ་ན་ལས་གཞན་མི་སྣང་བ་དང་། ཕྱི་གསལ་ལྟར་ན་ཡེ་ཤེས་རང་སྣང་གི་ཆོས་ཐམས་ཅད་རང་སྣང་དུ་མཐོང་བ་ལས་གཞན་དུ་མི་སྣང་བས་ན་རང་རིག་ཅེས་བྱ། ཞེས་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།23 དེ་ལྟར་སྣང་བའི་ཞིང་ཁམས་ཀྱང་གནམ་གང་གི་ཟླ་བ་ལྟར་དབྱིངས་ཆོས་སྐུའི་ཞིང་དུ་ཐིམ་པས་ཕྱི་རོལ་དུ་སྣང་ཆར་མེད་ལ་ནང་གསལ་དུ་མཁྱེན་ཆར་མ་འགགས་པ་ནི་རང་བཞིན་གཅིག་དང་དུ་མ་དང་བྲལ་བ་ཡི་ཆོས་སྐུ་མཐའ་དང་དབུས་མེད་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་ན། ཕྱིར་སྣང་ཐིམ་པར་བཞུགས་པའི་ལོངས་སྐུའི་ཆ་དེ་ཉིད་སངས་རྒྱས་ཀྱིས་ཀྱང་ཕན་ཚུན་མི་གཟིགས་ཏེ་ཤིན་ཏུ་ཕྲ་བའི་རང་བྱུང་གི་ཡེ་ཤེས་དེ་ཉིད་གང་དུའང་གནས་པ་མེད་པར་ཞི་བའི་དབྱིངས་ན་སྣང་བ་སྟེ་གནས་པའི་ཕྱིར་རོ། །དེ་སྐད་དུའང་རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། །ཞེས་སོ། །དེའང་ཁ་ཅིག་འགྲོ་དྲུག་གིས་མི་མཐོང་ལ་སངས་རྒྱས་ཀྱིས་གཟིགས་པར་འདོད་པ་ནི་གཞུང་གི་དགོངས་པ་མ་ཡིན་ནོ། །འདིར་སྣང་བ་བཞི་མཐར་ཕྱིན་པའི་སྐབས་ཡིན་ཏེ། ཞེས་སོགས་གསུངས་སོ།།
དེ་བཞིན་དུ། ཡེ་ཤེས་རང་སྣང་ཡིན་ན་དག་པའི་སྣང་བ་ཡིན་པས་ཁྱབ་སྟེ། བག་ཆགས་ཡོངས་སུ་ཟད་པའི་སྟོབས་ཀྱིས་སྣང་བ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་ཡང་སྤྱི་དོན་འོད་གསལ་སྙིང་པོ་ལས།24 གློ་བུར་འཁྲུལ་པའི་བག་ཆགས་ཐམས་ཅད་ཟད་པ་ན་དེས་བསྐྱེད་པའི་སྣང་བའང་མི་མངའ་མོད། གདོད་མའི་གཞི་དབྱིངས་ཀྱི་རང་མདངས་མ་འགགས་པའི་སྣང་བ་ལྷུན་གྱིས་གྲུབ་པ་ནི་ནམ་ཡང་ལྡོག་པར་མི་སྲིད་དེ་ངོ་བོ་ཉིད་ཀྱིས་བྲལ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་བསླད་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་སྣང་དག་པ་ལྟར་དོན་ལ་གནས་པར་ཤེས་པར་བྱའོ། །ཞེས་དང་། དེ་བཞིན་དུ། དེ་ཉིད་ལས།25 དེས་ན་རང་སེམས་དྲི་མ་དག་པའི་རིམ་པར་དང་མཚུངས་པར་སངས་རྒྱས་ཀྱི་ཆོ་འཕྲུལ་དང་བྱིན་རླབས་ཇེ་མངོན་དུ་སོང་བ་ཡིན་ལ། མཐར་དྲི་མ་ཡོངས་སུ་དག་ནས་གནས་ལུགས་མངོན་དུ་གྱུར་པ་ན་སངས་རྒྱས་ཐམས་ཅད་ཀྱང་རང་ཉིད་དང་། རང་ཉིད་ཀྱང་སངས་རྒྱས་ཐམས་ཅད་དེ་དུས་གསུམ་གྱི་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་བརྙེས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།
འོན་ཀྱང་དག་པའི་སྣང་བ་ཡིན་ན་ཡེ་ཤེས་རང་སྣང་ཡིན་པས་མ་ཁྱབ་སྟེ། སློབ་ལམ་པར་ལྷ་སྐུ་དང་ཞིང་ཁམས་སོགས་སྣང་བ་འདི་དག་པའི་སྣང་བ་ཡིན་ཡང་ཡེ་ཤེས་རང་སྣང་མ་ཡིན་པའི་ཕྱིར་ཏེ། བག་ཆགས་དང་བཅས་པའི་སྟོབས་ཀྱིས་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བག་ཆགས་དང་བཅས་པའི་སྟོབས་ཀྱིས་སྣང་བ་ཡིན་ཏེ། དགེ་བའི་བག་ཆགས་སད་སྟོབས་ཀྱིས་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་པ་འདི་ཡང་། སྣང་བ་ལྷར་སྒྲུབ་ལས།26 ལྷར་སྣང་བ་དེ་དག་ཀྱང་བག་ཆགས་དང་བཅས་པའི་སེམས་ཀྱི་རྣམ་པ་སྣང་བ་ཡིན་པས་སེམས་ཉིད་དུ་བསྡུས་པའོ། །དེ་ལ་བག་ཆགས་ཀྱི་རྒྱུས་ཇི་ལྟར་སྣང་ཞེ་ན། དེ་ལ་འཛིན་པ་གཉིས་ཀྱི་བག་ཆགས་ནི། དེ་ཡང་ཡུལ་དང་ཡུལ་ཅན་དུ་སྣང་བར་འགྱུར་རོ། །དཀར་པོ་ལས་ཀྱི་བག་ཆགས་ཀྱིས་ནི་མཚན་དང་དཔེ་བྱད་ལ་སོགས་པས་བརྒྱན་པ་ཁྱད་པར་ཅན་དུ་སྣང་བ་འགྱུར། ཞེས་གསུངས་སོ།།
མདོར་ན་ཡེ་ཤེས་རང་སྣང་ཡིན་ན་སངས་རྒྱས་ཀྱི་སྣང་བ་ཡིན་པས་ཁྱབ་པ་དེ་བཞིན་དུ་དག་པའི་སྣང་བ་ཡིན་ན་ཡེ་ཤེས་རང་སྣང་ཡིན་པས་མ་ཁྱབ་པ་སོགས་དང་། དེའི་སྟོབས་ཀྱིས་སེམས་རང་སྣང་ཡིན་ན་སེམས་ཅན་གྱི་སྣང་བ་ཡིན་པས་ཁྱབ་པ་དང་དེ་བཞིན་དུ་སེམས་རང་སྣང་ཡིན་ན་མ་དག་པའི་སྣང་བ་ཡིན་པས་མ་ཁྱབ་པ་སོགས་ང་དང་ང་འདྲ་བའི་བློ་དམན་པ་དག་ལ་དཔྱད་པའི་ས་བོན་ཙམ་དུ་ཅི་ནས་ཀྱང་འགྱུར་སྙམ་ནས་བྲིས་པའོ།།
གསུམ་པ་མཐའ་མར་དགེ་བ་མཇུག་གི་དོན།
དེ་ལ་ཁོ་བོས་མཇུག་གཏམ་བརྗོད་པ་དང་དེ་ལྟར་བགྱིས་པའི་དགེ་རྩ་གཞན་དོན་དུ་བསྔོ་བ་ཐུན་མོང་དུ་བསྟན་པ་ནི། དེ་ཡང་རྩ་རྒྱུད་གསང་སྙིང་གི་ལེའུ་གསུམ་པའི་བརྗོད་དོན་གཙོ་བོ་སེམས་རང་སྣང་དང་ཡེ་ཤེས་རང་སྣང་འདི་ལྟ་བུ་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་སྨྲ་བསམ་བརྗོད་མེད་ཀྱི་རང་བཞིན་ལ་ཁོ་བོ་ལྟ་བུ་སྐྱེས་སྦྱངས་ཀྱི་ཤེས་རབ་དབེན་པའི་བློ་དམན་པས་གླེངས་པ་ནི་བཞད་གད་ཀྱི་གནས་སུ་ཅི་ནས་ཀྱང་གྱུར་མོད། འོན་ཀྱང་རིག་བྱེད་ཀྱི་གཏམ་རྒྱུད་ནང་གསལ་བ་ལྟར་རྒྱ་མཚོ་བསྲུབས་པ་ལས་ཟླ་བ་ཐོན་པའི་དཔེ་བཞིན་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལྟ་བུ་བསྲུབས་པ་ལས་བྱུང་བའི་རིའི་རྒྱལ་པོ་རི་རབ་ལྟར་གཡོ་བ་མེད་པའི་ངེས་ཤེས་རིན་པོ་ཆེ་ལ་མངའ་དབང་བསྒྱུར་པའི་མཐོ་སློབ་འདི་ལ་བཀའ་དྲིན་གྱི་ཕུང་པོ་གཞལ་དུ་མེད་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དང་ཁོང་རྣམ་པའི་སྐྱབས་འོག་ཏུ་ཚུད་ནས་ལོ་ཤས་རིང་ཐོས་བསམ་བྱས་པའི་ས་བོན་ལ་བརྟེན་ནས་དཀར་པོ་ལས་ཀྱི་བག་ཆགས་རང་རྒྱུད་ལ་འཇོག་པའི་ཆེད། ཅུང་ཟད་ཙམ་འབྲི་ཁུལ་བྱས་པ་འདི་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཐོག་ལ་ནོར་བ་དང་འཁྲུལ་པ་མང་དག་ཅིག་ཡོད་པ་སྨོས་མ་དགོས། དེ་ལ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བརྒྱུད་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་འཆད་རྩོད་རྩོམ་གསུམ་གྱི་རྩལ་ཕུན་སུམ་ཚོགས་པ་འགྲན་ཟླ་དང་བྲལ་བའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་དམ་ཚིག་གཅིག་པའི་སྤུན་གྲོགས་ཡོངས་ཀྱི་སྤྱན་སྔར་མཐོལ་ཞིང་བཟོད་པར་གསོལ་ལོ།།
སླར་སྨྲས་པ།
དེ་ལྟར་བགྱིས་པ་དག་ལ་དགེ་བ་ཅི་མཆིས་ན།།
ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།།
སྒོ་གསུམ་སྒྲིབ་དག་འཁྲུལ་སྣང་རབ་ཏུ་ཞི་མཛད་ཅིང་།།
མ་འབད་བཞིན་དུ་གདོད་མའི་ས་ལ་ཕྱིན་པར་ཤོག །
སརྦ་མངྒ་ལཾ། དགེའོ།།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༥༥ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༧ སྟོད་ཆ། ཤོག་ངོས་ ༥༢༠ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༡ ལོའི་པར་མ། སྟོད་ཆ། དེབ་གཟུགས། ཤོག་ངོས་ ༡༤ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༩ ཤོག་ངོས་ ༨༨ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༤༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༡ ལོའི་པར་མ། སྟོད་ཆ། དེབ་གཟུགས། ཤོག་ངོས་ ༡༥ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༧ སྟོད་ཆ། ཤོག་ངོས་ ༥༣༠ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༩ ཤོག་ངོས་ ༨༨ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༡༨༢ པར་གསལ།
- Shechen Tantra Series 9 ལེའུ་གསུམ་པའི་ཤོག་ངོས་ ༥ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༡༨༣ པར་གསལ།
- Shechen Tantra Series 9 ལེའུ་གསུམ་པའི་ཤོག་ངོས་ ༥ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༡ ལོའི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༩༡ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༩ ཤོག་ངོས་ ༨༩ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༡༣༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༡ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༤༧༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༡༣ པར་གསལ།
- དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༡༤༥ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༡༨༣ པར་གསལ།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་གསུང་འབུམ། པོད་དང་པོ། ཤོག་ངོས་ ༡༣༣ པར་གསལ།
- དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་པར་མ། དེབ་གཟུགས། སྨད་ཆ། ཤོག་ངོས་ ༢༡༡ པར་གསལ།
- དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༢༣ ཤོག་ངོས་ ༣༤༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༨༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༢༩ པར་གསལ།