ལོ་རིམ་བདུན་པའི་སློབ་གཉེར་བ། འགྱུར་མེད་ཀུན་བཟང་།
བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
ཞེས་དམ་པ་མིན་ཡང་དམ་པའི་སྤྱོད་པ་དང་མཐུན་པར་ཡུལ་གོང་མའི་གོང་མ་རྣམས་ལ་བསྟོད་ཕྱག་སྔོན་དུ་བཏང་ནས་འདིར་བདག་ལ་ལྟོས་ན་ཤིན་ལྐོག་ཏུ་གྱུར་པའི་འཁོར་ལོ་མཐའ་མའི་དགོངས་དོན་ཟབ་མོ་སེམས་ཙམ་པའི་དཀའ་གནད་འགའ་ཞིག་ལ། གཙོ་བོ་མདོ་དང་བསྟན་བཅོས་རྣམས་ཀྱི་ལུང་དང་དགེ་བའི་བཤེས་གཉེན་དག་གི་མན་ངག་ལ་བརྟེན་ནས་རང་བློས་གང་ནུས་ཀྱིས་སེམས་ཙམ་པའི་སྐོར་ཅུང་ཟད་གླེང་བ་ལ། ཐོག་མར་ས་བཅད་ཀྱི་དབང་དུ་བཏང་ན། སེམས་ཙམ་པའི་མཚན་ཉིད་ལ་དཔྱད་པ། ངོ་བོ་ཉིད་གསུམ་གྱི་མཚན་ཉིད་ལ་དཔྱད་པ། བདེན་པ་གཉིས་ཀྱི་མཚན་ཉིད་ལ་དཔྱད་པ། མཚན་ཉིད་གསུམ་བདེན་པ་གཉིས་སུ་བསྡུས་ཚུལ། མཚན་ཉིད་གསུམ་པོ་གཞི་མཐུན་ཡོད་མེད་ལ་དཔྱད་པ། གཞན་དབང་དོན་དམ་བདེན་པ་ཡིན་མིན་ལ་དཔྱད་པ། མཚན་ཉིད་གསུམ་པོ་སྐུ་གསུམ་དང་སྦྱར་ཏེ་མཇུག་བསྡུ་བ་དང་བདུན་ལས། དང་པོ་ནི།
སེམས་ཙམ་པའི་མཚན་ཉིད་ལ་དཔྱད་པ།
དེ་ཡང་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་གྲུབ་མཐའི་བརྗེད་བྱང་ལས།[1] རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་ལུགས་ནི། སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་པར་འདོད་དེ། ཞེས་སོགས་རང་ལུགས་གཙོ་བོ་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་དང་མཐུན་པར། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པ། སེམས་ཙམ་པའི་མཚན་ཉིད་ཡིན་ནོ། །དེ་ལ་མཁས་པའི་དབང་པོ་ལ་ལས། ཆོས་ཐམས་ཅད་སེམས་ཙམ་དུ་སྨྲ་བའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་ཡང་ན། གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་རྩལ་དུ་བཏོན་ནས་འཆད་པའི་གང་ཟག་དེ་སེམས་ཙམ་པའི་མཚན་ཉིད་ཡིན་གྱི། གོང་གི་མཚན་ཉིད་དེ་རང་ལུགས་མ་ཡིན་ཏེ། སེམས་ཙམ་པ་ཡིན་ན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དོན་དམ་དུ་འདོོད་པས་མ་ཁྱབ་པའི་ཕྱིར། སེམས་ཙམ་པ་ལ་བཀའི་སེམས་ཙམ་པའམ་ཐེག་ཆེན་སེམས་ཙམ་པ་དང་གྲུབ་མཐའི་སེམས་ཙམ་པ་གཉིས་ཡོད་པ་ལས། བཀའི་སེམས་ཙམ་པ་འཕགས་པ་ཐོགས་མེད་ཀྱིས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་མི་འདོོད་པའི་ཕྱིར། མི་འདོད་པ་དེ་ཡང་ཀུན་མཁྱེན་མི་ཕམ་གྱི་དགོངས་པ་ཡིན་ཏེ། དེ་ཉིད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།[2] དབུ་སེེེེེེམས་ཀྱི་ཤིང་རྟ་ཆེན་པོ་དག་མཐར་ཐུག་གི་དགོངས་པ་མཐུན་པར་བཟུང་བར་བྱའོ། །ཞེས་པ་ནས། སངས་རྒྱས་ཀྱིས་བསྟན་པའི་སེམས་ཙམ་གྱི་ལམ་ཚུལ་བཞིན་མངོན་པར་རྟོགས་པའི་འཕགས་པ་ཐོགས་མེད་ཀྱི་དགོངས་པ་བཀག་པ་མིན་པར་སྨྲའོ། །ཞེས་སོགས་ཀྱི་གཞུང་རྣམས་དྲངས་ནས་དགོངས་པ་དེ་ལྟར་བཀྲལ་མོད། དེར་མ་ཟད་གཞུང་འདི་ལ་འཁྲུལ་གཞི་བྱས་ནས། སེམས་ཙམ་པ་ཡིན་ན་གཉིས་སྟོང་གི་ཤེས་པ་དོན་དམ་དུ་འདོད་པས་མ་ཁྱབ་པ་དང། སེམས་ཙམ་པ་ལའང་བཀའི་སེམས་ཙམ་པ་དང་གྲུབ་མཐའི་སེམས་ཙམ་པ་དང་། ཐེག་པ་ཆེན་པོ་སེམས་ཙམ་པ་དང་སེམས་ཙམ་མངོན་པའི་ང་རྒྱལ་ཅན་ཞེས་པའི་དབྱེ་བ་དང་ཐ་སྙད་སོགས་མཛད་དོ།།
འགའ་ཞིག་གིས་ནི། དེ་བཞིན་སེམས་ཙམ་པ་དང་དབུ་མ་པ་དག་མཐར་ཐུག་གི་དགོངས་པ་གཅིག་པ་ཡིན་པ་དང། འཕགས་པ་ཐོགས་མེད་སེམས་ཙམ་པར་འདོད་ནས། དེས་བདེན་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ་དེ་དབུ་མའི་ལམ་ལ་བརྟེན་ནས་རྟོགས་པ་ཡིན་པ་དང། ཐེག་པ་ཆེན་པོ་ཡིན་ན་དབུ་མའི་ལམ་ལ་བརྟེན་ནས་བདེན་གཉིས་ཀྱི་གནས་ལུགས་རྟོགས་དགོས་པར་འདོད་པ་སོགས་སྔར་གཞུང་ཆེན་པོ་རྣམས་ལས་རྩ་ནས་མ་གྲགས་པའི་རྣམ་གཞག་མང་པོ་གསར་དུ་མཛད་མོད་ཀྱང། གཞུང་གོང་འོག་དང་ཚིག་དོན་གང་ཅིའི་ཐད་ནས་ལན་བརྒྱ་ཕྲག་བསམས་ཀྱང་གཞུང་གི་དགོངས་པ་དེ་ལྟར་ཡིན་པར་ཡིད་དཔྱོད་ཙམ་གྱི་གོ་བ་ཡང་རྙེད་དཀའ་བས། དེ་ལྟར་མིན་སྙམ་སྟེ། འོ་ན་གང་ཡིན་ཞེ་ན། ཀུན་མཁྱེན་མི་ཕམ་པས་དབུ་སེམས་གཉིས་ཀྱི་ཤིང་རྟ་ཆེན་པོ་ཞེས་ཀླུ་སྒྲུབ་དང་ཐོགས་མེད་གཉིས་མཐར་ཐུག་གི་དགོངས་པ་མཐུན་ཅིང། དབུ་མ་པ་རྣམས་ཀྱིས་སེམས་ཙམ་པའི་གྲུབ་མཐར་དགག་པ་གནང་བ་དེ་ཡང་སེམས་ཙམ་པས་གཉིས་སྟོང་གི་ཤེས་པ་དོན་དམ་བདེན་གྲུབ་ཀྱི་རྫས་སུ་འདོད་པ་དེ་སུན་ཕྱུང་བ་ཡིན་གྱི། དབུ་མའི་དགོངས་དོན་ཇི་ལྟ་བ་བཞིན་རྟོགས་ཤིང་སངས་རྒྱས་ཀྱིས་བསྟན་པའི་སེམས་ཙམ་གྱི་ལམ་ཚུལ་བཞིན་མངོན་པར་རྟོགས་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་དགོངས་པ་བཀག་པ་མིན་གསུངས་པ་ཡིན་ནོ།།
འཕགས་པ་ཐོགས་མེད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ཡང་སེམས་ཙམ་པ་མ་ཡིན་ཏེ། དབུ་མ་པ་ཡིན་པའི་ཕྱིར། དབུ་མའི་དགོངས་དོན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་བྱམས་ཆོས་ཀྱི་དགོངས་པ་དབུ་མ་ལྟར་འགྲེལ་བའི་འཕགས་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་པའང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།[3] ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་དབུ་མའི་དགོངས་དོན་རྟོགས་པ་སྨོས་ཅི་དགོས་ཏེ་འཕགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་བཞིན་ཐེག་ཆེན་སེམས་ཙམ་པར་འདོད་ནས། དེས་དབུ་མའི་ལམ་ལ་བརྟེན་ནས་བདེན་གཉིས་ཀྱི་གནས་ལུགས་ཚུལ་བཞིན་རྟོགས་གསུངས་པ་ཡང་ཁས་ལེན་ནང་འགལ་ཡིན་ཏེ། དབུ་མའི་ལམ་དང་ལྟ་བ་རང་རྒྱུད་ལ་ལྡན་ན་དབུ་མ་པ་ཡིན་དགོས་པའི་ཕྱིར། གལ་སྲིད་ལྟ་བའི་སྒོ་ནས་དབུ་སེམས་གཉིས་ཀྱི་ཁྱད་པར་མི་འཇོག་ན་གཞན་གྱི་སྒོ་ནས་འཇོག་པར་དཀའོ། །ཐེག་པ་ཆེན་པོ་ཡིན་ན་དབུ་མའི་ལམ་ལ་བརྟེན་ནས་བདེན་གཉིས་ཀྱི་གནས་ལུགས་རྟོགས་དགོས་པར་གསུངས་པའང་མི་འཐད་སྙམ་སྟེ། དེ་ལྟར་ན་སེམས་ཙམ་པ་ཡིན་ན་ཐེག་ཆེན་གྱི་གང་ཟག་མ་ཡིན་དགོས་ལ་དེ་མི་འཐད་དེ། གཞུང་ཆེན་པོ་རྣམས་ལས། ཐེག་ཆེན་ལ་དབུ་སེམས་གཉིས་སུ་གསུངས་པ་དང། ཐེག་ཆེན་ཐེག་དམན་སེམས་བསྐྱེད་ཁྱད། །ཅེས་དང། ཐེག་ཆེན་ལམ་གྱི་འཇུག་སྒོ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཡིན་པར་གསུངས་པ་མ་གཏོགས་དབུ་མའི་ལམ་ཡིན་པར་མ་གསུངས་པའི་ཕྱིར་དང་། དེ་བཞིན་དབང་པོ་རྣོ་རྟུལ་ལམ་ལ་ཞུགས་པའི་རིམ་པ་གསུང་སྐབས་རྟུལ་པོས་དང་པོ་སེམས་བསྐྱེད་ནས་སྤྲོས་བྲལ་རྟོགས་པར་གསུངས་པ་དང་ཡང་འགལ་བར་འགྱུར་རོ། །དེས་ན་ཁོང་རྣམ་པས་འཕགས་པ་ཐོགས་མེད་སེམས་ཙམ་པ་ཡིན་པའི་རྒྱུ་མཚན་ལ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ན་དབུ་མ་པ་ཡིན་དགོས་པའི་ཕྱིར། ཞེས་དེ་འདྲའི་མི་མཚུངས་པའི་རིགས་འགྲེའི་རྒྱུ་མཚན་ལྟར་སྣང་ཡོད་ན་མ་གཏོགས་གཞན་རྒྱུ་མཚན་ཡང་དག་གང་ཡང་བདག་གིས་ནི་མ་མཐོང་ངོ་། །དེ་བཞིན་སེམས་ཙམ་མངོན་པའི་ང་རྒྱལ་ཅན་དང་སེམས་ཙམ་པ་གཅིག་ཡིན་པ་ལས། གཞན་སེམས་ཙམ་མངོན་པའི་ང་རྒྱལ་ཅན་ཞེས་པ་སེམས་ཙམ་པའི་དབྱེ་བ་དམིགས་བསལ་བ་གང་ཡང་མིན་ཏེ། དེ་ནི་གྲུབ་མཐའ་གོང་མས་འོག་མ་རྣམས་འགོག་སྐབས་འོག་མ་རྣམས་རང་རང་གི་གྲུབ་མཐའ་ལ་སེམས་ཁེངས་པའི་མངོན་པའི་ང་རྒྱལ་ཅན་ཡིན་པས་དེ་དག་ལ་སེམས་ཙམ་མངོན་པའི་ང་རྒྱལ་ཅན་དང་ཉན་ཐོས་མངོན་པའི་ང་རྒྱལ་ཅན་ཞེས་དེ་ལྟར་འབོད་པ་གཞུང་ལུགས་ཆེན་པོ་དག་ལས་བྱུང་བའི་ཕྱིར་རོ། །དེས་ན་གྲུབ་མཐའ་གོང་མ་གོང་མ་ལ་ལྟོས་ན་འོག་མ་འོག་མ་རྣམས་མངོན་པའི་ང་རྒྱལ་ཅན་ཡིན་པ་ནི་སྤྱིའི་འགྲོ་སྟངས་ཤིག་གོ།
མདོར་ན་འཕགས་པ་ཐོགས་མེད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ཡང་སེམས་ཙམ་པ་མིན་པ་དང་། སེམས་ཙམ་པ་ཡིན་མིན་དང་སེམས་ཙམ་པའི་གཞུང་ཡིན་མིན་ཡང། གཙོ་བོ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དོན་དམ་དུ་འདོད་མི་འདོད་དང་བསྟན་མ་བསྟན་གྱི་སྒོ་ནས་འཇོག་དགོས་ཏེ། དེ་ནི་རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་ཡིན་པའི་ཕྱིར། ཀུན་མཁྱེན་མི་ཕམ་པས་བྱམས་ཆོས་སྡེ་ལྔ་པོ་དེ་དག་ལས་མདོ་སྡེ་རྒྱན་སེམས་ཙམ་པའི་གཞུང་ཡིན་པ་དང་འབྱེད་གཉིས་པོ་སེམས་ཙམ་པའི་གཞུང་མ་ཡིན་པའི་ཁྱད་གཙོ་བོ་ཡང་འདིའི་སྒོ་ནས་ཕྱེ་གནང་བའི་ཕྱིར་རོ། །དེ་ལྟར་ཡིན་པའང། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད་ལས།[4] འདི་དག་ཏུ་རང་བཞིན་གསུམ་དང་ཕྱི་དོན་མ་གྲུབ་པའི་ཚུལ་རྒྱ་ཆེར་སྟོན་ཀྱང་དེ་ཙམ་ཞིག་གིས་སེམས་ཙམ་པའི་གཞུང་ཁོ་ནར་འགྱུར་བའི་ངེས་པ་མེད་དེ། ཞེས་པ་ནས། སེམས་ཙམ་པའི་འདོད་གཞུང་བཞིན་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་མི་འདོད་འོས་མེད་ཀྱི་ཚིག་ཟིན་དང་རིགས་པ་གང་ཡང་མི་སྣང་བས་ན། ཞེས་པའི་བར་གསུངས་སོ།།
ཡང་མཁས་པ་ཁ་ཅིག་གིས། གོང་གི་མཚན་ཉིད་དེ་མི་འཐད་དེ། སེམས་ཙམ་པས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་འདོད་ན། གཉིས་སྟོང་གི་ཤེས་པ་དེ་འཛིན་པ་ཡིན་པས་སེམས་ཙམ་པས་འཛིན་པ་རང་བཞིན་མེད་པར་མ་རྟོགས་པར་བདེན་གྲུབ་ཏུ་འདོད་པར་འགྱུར་ལ། དེ་ལྟར་ན་རང་སངས་རྒྱས་དང་ཁྱད་མེད་པར་འགྱུར་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་རང་སངས་རྒྱས་ཀྱང་གཟུང་བ་རང་བཞིན་མེད་པ་རྟོགས་ལ་འཛིན་པ་རང་བཞིན་མེད་པར་མ་རྟོགས་པར་གསུངས་པའི་ཕྱིར་ཟེར་རོ། །འོན་ཀྱང་སྐྱོན་དེ་རང་ལུགས་ལ་འཇུག་པར་མི་འགྱུར་ཏེ། སྤྱིར་གཞུང་རྣམས་ལས་ཤེས་པ་ཀུན་ལ་འཛིན་པའི་ཐ་སྙད་ཙམ་སྦྱར་བ་ཡོད་མོད། འོན་ཀྱང་རང་རྒྱལ་གྱིས་གཟུང་བ་གཟུགས་སོགས་ཕྱི་རོལ་གྱི་དོན་དང་དེ་འཛིན་པའི་ཤེས་པ་དེ། མདོར་ན་གཟུང་འཛིན་གཉིས་སུ་ཕྱེ་བའི་གཟུང་བ་གཟུགས་སོགས་རང་བཞིན་མེད་པར་རྟོགས་ཀྱང་དེ་འཛིན་པའི་ཤེས་པ་རང་བཞིན་མེད་པར་མ་རྟོགས་ལ། སེམས་ཙམ་པས་ནི་གཟུང་འཛིན་གཉིས་ཀ་རང་བཞིན་མེད་པར་རྟོགས་པའོ། །སེམས་ཙམ་པས་དོན་དམ་དུ་འདོད་པའི་གཞན་དབང་གི་རྣམ་ཤེས་མཐར་ཐུག་གཉིས་མེད་ཀྱི་ཤེས་པ་དེ། གཟུང་འཛིན་གཉིས་ཀས་སྟོང་བས་དེ་གཟུང་འཛིན་གྱི་ཤེས་པ་གང་ཡང་མ་ཡིན་ནོ། །དེས་ན་སེམས་ཙམ་པས་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་འདོད་པ་ཙམ་གྱིས་འཛིན་པ་བདེན་གྲུབ་ཏུ་འདོད་པའི་དོན་དུ་མི་འགྲོའོ། །འདིའི་གནད་ཤེས་ན་རང་རྒྱལ་དང་སེམས་ཙམ་པའི་ལྟ་བ་ལ་མཐོ་དམན་མེད་པར་འཛིན་པའི་ལོག་རྟོག་དེ་འབད་མེད་རང་གྲོལ་འགྱུར་ཏེ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[5] དེ་ལ་གཟུང་འཛིན་གཉིས་ཀྱི་འཛིན་པ་ཡོད་ལ་གཟུང་བ་མེད་པ་ནི་རང་སངས་རྒྱས་ཀྱང་འདོད་ལ། གཉིས་ཀ་མེད་པ་ནི་སྟོང་པར་སྨྲ་བ་དང་གཅིག་ཏུ་འགྱུར་ན་ཇི་ལྟར་ཡིན་ཞེ་ན། གཟུགས་སོགས་ཡུལ་དང་། དེ་ལ་འཛིན་པའི་སེམས་གཉིས་ཀ་མེད་ཀྱང། གཉིས་མེད་དུ་མྱོང་བའི་རང་རིག་རང་གསལ་འདོད་པས་སྟོང་པའི་ཕྱོགས་དང། རང་སངས་རྒྱས་དང་མི་མཚུངས་སོ། །ཞེས་གསུངས་སོ། །ཡང་འགའ་ཞིག་གིས། སེམས་ཙམ་པ་ཆོས་ཅན། རང་རྒྱལ་ལས་ཀྱང་ལྟ་བ་དམན་པ་ཡིན་ཏེ། དེས་གཟུགས་སོགས་གཟུང་བ་དང་དེ་འཛིན་པའི་ཤེས་པ་གཉིས་ཀ་བདེན་གྲུབ་ཏུ་འདོད་པའི་ཕྱིར་ཏེ། དེ་གཉིས་གཞན་དབང་ཡིན་པ་གང་ཞིག་གཞན་དབང་ཐམས་ཅད་བདེན་གྲུབ་ཏུ་འདོད་པའི་ཕྱིར་ཟེར་རོ། །འདི་ནི་སྣང་ཚུལ་གནས་ཚུལ་འབྱེད་མ་ཤེས་པའི་སྐྱོན་ཆེན་པོ་ཞིག་སྟེ། གཟུགས་སོགས་མ་བརྟགས་མ་དཔྱད་ཐ་སྙད་སྣང་ཚུལ་ལ་ཡོད་ཅིང་དེ་གཞན་དབང་དུ་འདོད་ཀྱང། ཐ་སྙད་གནས་ཚུལ་ལ་གཟུང་འཛིན་གཉིས་ཀ་མེད་ཅིང་དེ་ཀུན་བཏགས་ཙམ་གྱི་ངོ་བོར་འདོད་པས་དེ་བདེན་གྲུབ་ཏུ་འདོད་པ་གཏན་ནས་མིན་ནོ། །དེས་ན་མ་བརྟགས་མ་དཔྱད་པར་ཐ་སྙད་སྣང་ཚུལ་ལ་ཡོད་ན་སྣང་ཚུལ་ལ་ཡོད་པས་ཁྱབ་ཀྱང་སྤྱིར་ཡོད་ན་གནས་ཚུལ་ལ་ཡོད་པས་མ་ཁྱབ་པའི་རྣམ་གཞག་ལེགས་པར་ཤེས་དགོས་པ་གལ་ཆེའོ་སྙམ་མོ། །དེས་ན་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་དེ་སེམས་ཙམ་པའི་མཚན་ཉིད་བཞག་པ་དེ་ལ་གནོད་པ་ཅི་ཡང་མེད་ཅིང་དེ་ལ་རྒྱབ་རྟེན་ལུང་རིགས་ཀྱི་སྒྲུབ་བྱེད་དང་ལྡན་པའོ། །དཔེར་ན་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[6] སེམས་ཙམ་པ་ནི་རྣམ་ཤེས་དོན་དམ་འདོད། །སྤྱི་དང་ཁྱད་པར་ཚུལ་གཉིས་རིམ་པ་ལས། །ཞེས་སོགས་མཐའ་ཡས་སོ།།
གཉིས་པ་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་ལ་དཔྱད་པ།
སྐབས་འདིར་ངོ་བོ་ཉིད་གསུམ་ནི་ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་ཡིན་ལ། ངོ་བོ་ཉིད་གསུམ་གྱི་མཚན་ཉིད་ལ་རང་གཞན་གཉིས་ཀའི་མཁས་དབང་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མི་ཉུང་བ་ཞིག་འདུག་ཀྱང་འདིར་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །འདིར་ནི་གཙོ་བོ་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་དང་མཐུན་པར་སྣང་ཚུལ་གནས་ཚུལ་གཉིས་ཀ་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའི་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་རིམ་བཞིན་བརྗོད་པར་བྱ་སྟེ།
དེ་ལ་དང་པོ་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པ། ཀུན་བཏགས་ཀྱི་མཚན་ཉིད་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[7] དང་པོ་ལ་ཀུན་བརྟགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ། །ཞེས་དང། དེ་བཞིན་མདོ་དགོངས་པ་ངེས་འགྲེལ་དོན་དམ་ཡང་དག་འཕགས་ཀྱི་ལེའུ་ལས།[8] རྣམ་པར་རྟོག་པའི་སྤྱོད་ཡུལ་ཞེས་པ་ནས་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། ཞེས་པའི་བར་དང། མདོ་དེའི་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས་ཀྱང།[9] ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བཏགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་ཡིན་པའོ། །ཞེས་གསུངས་སོ། །དེ་ཡང་དང་པོ་ཀུན་བཏགས་ཀྱི་མཚན་ཉིད་ལ་ཟུར་གཉིས་ལས་བརྟགས་ཙམ་ཞེས་པ་དེ་རྟོག་པའམ་མིང་བརྡས་བཞག་པ་ཙམ་དང། རང་མཚན་དུ་མི་སྲིད་པ་ཞེས་པའི་རང་མཚན་དེ་ཚད་མ་ནས་གྲགས་པའི་དངོས་པོ་དང་དོན་གཅིག་པའི་རང་མཚན་མིན་པར་བདེན་པར་གྲུབ་པའམ་བརྟགས་དོན་བཙལ་བའི་ཚེ་ན་རྙེད་རྒྱུ་ཡོད་པ་ལ་གོ་དགོས་ལ། ལུགས་འདིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་བདེན་པར་གྲུབ་པ་རང་བཞིན་གྱིས་གྲུབ་པ་ཡུལ་རང་ངོས་ནས་གྲུབ་པ་དང་བརྟག་དོན་བཙལ་བའི་ཚེ་རྙེད་རྒྱུ་ཡོད་པ་རྣམས་དོན་གཅིག་ཡིན་པར་ཤེས་དགོས་སོ། །དེས་ན་ཀུན་བཏགས་ལ་རང་མཚན་དུ་མི་སྲིད་པ་གསུངས་ནས་གཞན་དབང་དང་ཡོངས་གྲུབ་ལ་དེ་ལྟར་མ་གསུངས་པ་ཡང་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གནད་ཀྱིས་སོ།།
གཉིས་པ་རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བ་གཞན་དབང་གི་མཚན་ཉིད་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[10] གཞན་དབང་ནི། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །ཞེས་དང། དེ་བཞིན་མདོ་དགོངས་པ་ངེས་འགྲེལ་ལས་ཀྱང།[11] རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་ཀུན་བརྟགས་པའིི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་དང། དེ་ཉིད་ཀྱི་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས་ཀྱང།[12] ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ། ཞེས་པ་ནས། འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ། །ཞེས་གསུངས་སོ། །དེ་དང་དངོས་པོ་དོན་གཅིག་གོ །འོ་ན་གཟུགས་ལ་སོགས་པ་གཞན་དབང་ཡིན་ནམ་མིན་ཞེ་ན། འདི་ལ་རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་དགོངས་པ་དང་མཐུན་པར་ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་གཉིས་སོ་སོར་ཕྱེ་ནས་ལན་འདེབས་དགོས་ཏེ། མིན་ན་བློ་བལ་བ་ཛ་བཞིན་དུ་འཁྲུགས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[13] ཆོས་ཀྱི་གྲགས་པས་ཀྱང་། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཅེས་གསུངས་པར་གྲགས། ཞེས་སོགས་གསུངས་པ་ལྟར། ཐ་སྙད་སྣང་ཚུལ་མདོ་སྡེ་པ་དང་མཐུན་པར་ཁས་ལེན་དགོས་པས། ཐ་སྙད་སྣང་ཚུལ་ལ་གཟུགས་སོགས་ཕུང་ལྔའི་རྣམ་གཞག་ཡོད་པས་གཟུགས་ལ་སོགས་པ་གཞན་དབང་ཡིན་ལ། ཐ་སྙད་གནས་ཚུལ་ལ་ནི་ཀུན་བཏགས་ཏེ་མེད་བཞིན་དུ་འཁྲུལ་བའི་དབང་གིས་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[14] དེས་ན་གཟུགས་ནི་ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ།།
གསུམ་པ་གཞན་དབང་ལ་ཀུན་བཏགས་མེད་པར་ཡོངས་གཅོད་དུ་གྲུབ་པ། ཡོངས་གྲུབ་ཀྱི་མཚན་ཉིད་ཡིན་ཏེ། དེ་ཉིད་ལས།[15] ཡོངས་གྲུབ་ནི་གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པའོ། །ཞེས་དང། མདོ་དགོངས་པ་ངེས་འགྲེལ་ལས་ཀྱང།[16] རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད། དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས། དེ་དང་རྣམ་བྱང་ལམ་གྱི་དམིགས་པ་མཐར་ཐུག་དོན་གཅིག་གོ །མཚན་ཉིད་དེའི་དོན་ཡང། སྟོང་གཞི་གཞན་དབང་དེ་ཉིད་དགག་བྱའི་ཀུན་བཏགས་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པའི་ཆ་གང་ཞིག་ངོ་བོ་བདེན་པར་གྲུབ་པ་ནི་ཡོངས་གྲུབ་ཡིན་པར་གསུངས་པའོ། །འདིར་གང་གིས་སྟོང་པའི་ཀུན་བཏགས་ནི་ཆོས་ཉིད་དེ་བཞིན་ཉིད་གཏན་ལ་འབེབས་པར་ཉེ་བར་ཁོ་བའི་ཀུན་བཏགས་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ཡིན་གྱི། གཞན་ནམ་མཁའ་དང་རི་བོང་གི་རྭ་ལྟ་བུ་མ་ཡིན་ནོ། །སྟོང་ཚུལ་ཡང་ཀ་བ་ཀ་བས་སྟོང་བ་ལྟ་བུ་རང་སྟོང་མ་ཡིན་པར་གཞན་དབང་དེ་ཉིད་གཞན་བདག་གཉིས་ཀྱིས་སྟོང་བས་གཞན་སྟོང་གི་ངོ་བོར་འདོད་དོ། །དེ་ལྟར་ཡིན་པའང་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[17] དེས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་རྣམ་རིག་པ་ཁོ་ན་ལ་འཐད་པ་ཡིན་ཏེ། རང་སྟོང་གཟུགས་རང་གིས་སྟོང་པ་ལྟ་བུ་མ་ཡིན་གྱི། ཀ་བ་ལ་སོགས་པ་གཞན་གྱིས་སྟོང་པ་ལྟ་བུ་ལ་བརྗོད་པས། གཞན་དབང་སེམས་དང་སེམས་བྱུང་འདི་སྟོང་ངོ་། །དགག་བྱ་གང་གིས་སྟོང་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀྱིས་སྟོང་ངོ་། །ཅི་ཡང་མེད་པ་ལ་ནི་དགག་གཞི་མེད་པས་ན་སྟོང་པའི་ཐ་སྙད་ཙམ་ཡང་བརྗོད་དུ་མི་རུང་ངོ་། །ཞེས་གསུངས་སོ། །དེས་ན་གཞན་དབང་དེ་ཉིད་ནམ་མཁའ་དང་རི་བོང་གི་རྭས་སྟོང་པ་ལྟ་བུ་ནི་ཡོངས་གྲུབ་མ་ཡིན་ཏེ། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་པའི་ཕྱིར། དེས་ན་ཡོངས་གྲུབ་ཡིན་ན་ཉོན་སྒྲིབ་རྣམ་པར་དག་བྱེད་ཀྱི་ལམ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའི་དམིགས་པ་མཐར་ཐུག་གང་ཟག་གི་བདག་མེད་དང། ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་ལམ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའི་དམིགས་པ་མཐར་ཐུག་ཆོས་ཀྱི་བདག་མེད་གང་རུང་ཡིན་དགོས་པའི་ཕྱིར་རོ། །དེ་ཡང་རྗེ་བཙུན་བྱམས་པས་དབུས་མཐའ་རྣམ་འབྱེད་ལས།[18] རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུར་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་སོ།།
གསུམ་པ་བདེན་པ་གཉིས་ཀྱི་མཚན་ཉིད་ལ་དཔྱད་པ།
སྤྱིར་སེམས་ཙམ་པའི་ལུགས་ཀྱི་བདེན་པ་གཉིས་ཀྱི་མཚན་ཉིད་འཇོག་ཚུལ་ལ་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་འགའ་ཞིག་ལས། མཁས་པ་ལ་ལས། དབུས་མཐའི་རྩ་འགྲེལ་ལ་སོགས་པའི་རྗེས་སུ་འབྲངས་ནས་བདེན་པ་གཉིས་ཀྱི་མཚན་ཉིད་ལ་རྣམ་བྱང་ལམ་གྱི་དམིགས་པ་མཐར་ཐུག་ཏུ་དམིགས་པ་ཡིན་མིན་གྱི་སྒོ་ནས་འཇོག་པ་དང།
མཁས་པ་གཞན་དག་གིས། ཀུན་བཏུས་ལས་གསུངས་པ་ལྟར་གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་རྒྱས་སུ་རུང་མི་རུང་གི་སྒོ་ནས་བཞག་པ་དང། ཁ་ཅིག་གིས། མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ཡོད་མིན་མེད་མིན་སོགས་མཚན་ཉིད་ལྔ་ལྡན་ཡིན་མིན་གྱི་སྒོ་ནས་དང། འགའ་ཞིག་གིས། འཕགས་པ་ཐོགས་མེད་ཀྱིས་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པ་ལྟར་བརྗོད་དུ་མེད་པའི་མཚན་ཉིད་དང་གཉིས་སུ་མེད་པའི་མཚན་ཉིད་སོགས་མཚན་ཉིད་ལྔ་ལྡན་ཡིན་མིན་གྱི་སྒོ་ནས་གསུངས་པ་དང། དེ་བཞིན་ལ་ལས་ནི། རྣམ་བཤད་རིགས་པ་ལས་གསུངས་པ་ལྟར་འཇིག་རྟེན་པའི་ཤེས་པ་མ་འཁྲུལ་པའི་ཡུལ་ཀུན་རྫོབ་བདེན་པ་དང། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་དོན་དམ་བདེན་པའི་མཚན་ཉིད་དུ་འདོད་པ་སོགས་བཞེད་ཚུལ་མཐའ་ཡས་སོ། །འོན་ཀྱང་དེ་དག་བདེན་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་དུ་མི་འཐད་སྙམ་མོ།།
དེས་ན་འདིར་སེམས་ཙམ་པའི་ལུགས་ལ། བདེན་གཉིས་ཀྱི་མཚན་ཉིད་ནི། རང་ལུགས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[19] དེའང་བཀའ་དང་བསྟན་བཅོས་རྣམས་ན་བདེན་གཉིས་འཇོག་ཚུལ་གཉིས་སུ་གནས་ཏེ། གནས་ལུགས་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་དུ་བྱས་ཏེ། སྟོང་པ་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཅེས་བཞག་པ་དང་། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ཏེ། གནས་སྣང་མཐུན་པ་མི་བསླུ་བའི་ཡུལ་དང་ཡུལ་ཅན་ལ་དོན་དམ་དང། ལྡོག་ཕྱོགས་ལ་ཀུན་རྫོབ་ཏུ་འཇོག་ཚུལ་གཉིས་ལས། ཞེས་གསུངས་པ་ལྟར། སྔ་མ་གཙོ་བོ་འཁོར་ལོ་བར་པ་དང་ཕྱི་མ་འཁོར་ལོ་མཐའ་མའི་དགོངས་དོན་ལྟར་ཡིན་པས་སེམས་ཙམ་པའི་ལུགས་འདིར་བདེན་གཉིས་འཇོག་ཚུལ་ནི། འཁོར་ལོ་མཐའ་མའི་དངོས་བསྟན་གནས་སྣང་བདེན་གཉིས་ལྟར་ཡིན་ནོ། །འོ་ན་འཁོར་ལོ་དང་པོ་དང་བར་པ་ལྟར་ཁས་མི་ལེན་པའི་རྒྱུ་མཚན་གང་ཞེ་ན། སེམས་ཙམ་པས་འཁོར་ལོ་དང་པོའི་སྐབས་ཕྱི་རོལ་དོན་དུ་གྲུབ་པ་སོགས་ཆོས་ཐམས་ཅད་ཡོད་མཉམ་དུ་གསུངས་པ་དང། བར་པའི་སྐབས་ཐམས་ཅད་བདེན་པར་མེད་པ་མེད་མཉམ་དུ་གསུངས་པས་འཁོར་ལོ་དང་པོ་དང་བར་པ་གཉིས་ཀ་དྲང་དོན་དུ་འདོད་པས་སོ། །འཁོར་ལོ་མཐའ་མའི་སྐབས་ཕྱི་རོལ་དོན་དུ་གྲུབ་མ་གྲུབ་སོགས་ཀྱི་ཁྱད་པར་ལེགས་པར་རྣམ་པར་ཕྱེ་བས་མཐའ་མ་ཉིད་ངེས་དོན་ཡིན་པས། དེ་ལྟར་དུ་ཁས་ལེན་པའོ། །དེས་ན་སེམས་ཙམ་པའི་ལུགས་འདིར། གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་དོན་དམ་པའི་མཚན་ཉིད་དང། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ནོ། །འདི་ནི་ཀུན་མཁྱེན་ཆེན་པོའི་དགོངས་པ་དང་མཐུན་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[20] སེམས་ཙམ་པ་ནི་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ། གཉིས་མེད་ཀྱི་ཤེས་པ་ནི་དོན་དམ་བདེན་པར་འདོད་དེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཞེས་སོགས་གསུངས་པས་སོ།།
བཞི་པ་མཚན་ཉིད་གསུམ་བདེན་པ་གཉིས་སུ་བསྡུས་ཚུལ།
མཚན་ཉིད་གསུམ་ལས་ཀུན་བཏགས་ཀུན་རྫོབ་བདེན་པ་དང་གཞན་དབང་ལ་ཀུན་རྫོབ་དང་དོན་དམ་གཉིས་ཀའི་ཆ་ཡོད་དེ། གཞན་དབང་གི་རྣམ་ཤེས་མཐར་ཐུག་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་དམ་བདེན་པ་དང། དེ་ལས་གཞན་གཟུང་འཛིན་གྱི་རྣམ་པར་རྟོག་པ་འཁོར་དང་བཅས་པ་རྣམས་ཀུན་རྫོབ་བདེན་པའོ། །ཡོངས་གྲུབ་ནི་དོན་དམ་བདེན་པའོ། །འདི་ལ་ཁ་ཅིག་ན་རེ། གཞན་དབང་ཡིན་ན་དོན་དམ་བདེན་པ་ཡིན་དགོས་ཏེ། ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[21] ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་ན། གཞན་དབང་ནི་ཆོས་ཅན་དོན་དམ་དང། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཀུན་བརྟགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར་ཟེར། དེ་ནི་བརྟེན་པ་ཆོས་ཉིད་དོན་དམ་བདེན་གྲུབ་ཀྱི་རྟེན་དུ་ཀུན་བཏགས་ལྟ་བུ་བདེན་པར་མེད་པས་མི་རུང་བས། གཞན་དབང་དེ་ནི་ཆོས་ཉིད་དོན་དམ་གྱི་སྟོང་གཞི་ཆོས་ཅན་ངོ་བོ་བདེན་གྲུབ་ཡིན་པས་ཆོས་ཅན་དོན་དམ་ཞེས་གནས་སྐབས་དོན་དམ་དུ་བཏགས་ནས་བཞག་པ་ལས་དོན་དམ་དངོས་ཡིན་པའི་དོན་ནི་མིན་ནོ། །གཞན་དབང་ལས་དོན་དམ་དངོས་ནི་གཉིས་སྟོང་གི་ཤེས་པ་ཉིད་དོ།།
ཡང་མཁས་པ་ཁ་ཅིག། གཉིས་སྟོང་གི་ཤེས་པ་དེ་དོན་དམ་བདེན་པར་འདོད་པ་མི་འཐད་དེ། དབུས་མཐའ་རྩ་འགྲེལ་རྣམས་ལས་དོན་དམ་བདེན་པ་ནི་མཚན་ཉིད་གསུམ་ལས་ཡོངས་གྲུབ་གཅིག་པུ་ཁོ་ནར་གསུངས་པ་དང། དེ་ཀུན་མཁྱེན་ཆེན་པོའི་དགོངས་པ་ཡང་དེ་ལྟར་ཡིན་ཏེ། ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[22] དབུས་མཐའི་འགྲེལ་པ་ལས། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ན་སྟེ་གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར་རོ་ཞེས་པ་དང་འགལ་ལོ་སྙམ་ན་མཐུན་ཏེ། གཞན་དབང་ནི་རེ་ཞིག་དོན་བྱེད་ནུས་པ་ཉིད་དང། མྱོང་བ་གསལ་བ་ཙམ་དུ་ཡོད་པའི་ཆ་ལ་དེ་སྐད་དུ་བརྗོད་པས་ཕྱོགས་དེར་བླན་པའོ། །དངོས་པོ་ལ་དང་པོ་གཉིས་ཀུན་རྫོབ། ཕྱི་མ་དོན་དམ་དུ་གནས་སོ། །ཞེས་གསུངས་པས་སོ་ཟེར་ཡང་། གཞུང་གི་དགོངས་པ་དེ་ལྟར་མིན་ཞིང་མི་འགལ་བ་མ་ཟད་ད་དུང་མཐུན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡོངས་གྲུབ་དོན་དམ་གྱི་དབང་དུ་བྱས་ནས་གསུངས་པས་མི་འགལ་ལོ། །གཉིས་སྟོང་གི་ཤེས་པ་དེ་གནས་སྣང་མཐུན་པའི་ཡུལ་ཅན་དེ་ཡང་འཁོར་འདས་ཀྱི་སྣང་གཞི་མཐར་ཐུག་པ་ཡིན་པས་དོན་དམ་དུ་འདོད་ཀྱི། ཡོངས་གྲུབ་དེ་བཞིན་ཉིད་དོན་དམ་གྱི་དབང་དུ་བྱས་ན་དང་པོ་ཀུན་བཏགས་དང་གཞན་དབང་གཉིས་ཀ་ཀུན་རྫོབ་དང། ཕྱི་མ་ཡོངས་གྲུབ་ཁོ་ན་དོན་དམ་བདེན་པ་ཡིན་པར་གསུངས་པས་མཐུན་ནོ། །དེས་ན་དོན་དམ་བདེན་པ་ལ་འཇོག་ཚུལ་ལ་གཉིས་ཡོད་པ་རྒྱས་པ་འོག་ཏུ་འཆད་པར་འགྱུར་རོ།།
ལྔ་པ་མཚན་ཉིད་གསུམ་པོ་གཞི་མཐུན་ཡོད་མེད་ལ་དཔྱད་པ།
དེ་ཡང་མཚན་ཉིད་གསུམ་པོ་གཞི་མཐུན་ཡོད་མེད་ཀྱི་ཐད་ལ། མཁས་པའི་དབང་པོ་ལ་ལས། མཚན་ཉིད་གསུམ་ལས་ཀུན་བཏགས་ཡིན་ན་བདེན་པར་མ་གྲུབ་པས་ཁྱབ་པ་དང་། གཞན་དབང་དང་ཡོངས་གྲུབ་གཉིས་ལ་བདེན་པར་གྲུབ་པས་ཁྱབ་ཀྱང། གཞན་དབང་ཡིན་ན་དོན་དམ་བདེན་པ་མ་ཡིན་པས་ཁྱབ་ཟེེར། ཡང་མཁས་པ་འགའ་ཞིག་གིས། ཡོངས་གྲུབ་དང་དོན་དམ་བདེན་པ་དོན་གཅིག་པས་དེ་གསུམ་པོ་ནང་ཕན་ཚུན་གཞི་མཐུན་གཏན་ནས་མེད་པར་འདོད། མཁས་པ་གཞན་ཞིག་གིས། ཡང་དག་པའི་ཡེ་ཤེས་ལྟ་བུ་དེ་དངོས་པོ་ཡིན་པས་གཞན་དབང་དང། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པས་ཡོངས་གྲུབ་ཡིན་པའི་ཕྱིར། གཞན་དབང་དང་ཡོངས་གྲུབ་ཀྱི་གཞི་མཐུན་དུ་འདོད། ཡང་ཁ་ཅིག་ན་རེ། གཞུང་ལ་ལས་གཟུགས་སོགས་ཀུན་བཏགས་དང་ལ་ལར་གཞན་དབང་དུ་གསུངས་པས་གཟུགས་དེ་ཀུན་བཏགས་དང་གཞན་དབང་གཉིས་ཀ་ཡིན་ཟེར་བ་དང། མཐའ་གཅིག་ཏུ་གཞན་དབང་དང་མཐའ་གཅིག་ཏུ་ཀུན་བཏགས་ཡིན་པར་འདོད་པ་སོགས་འདོད་ཚུལ་མཐའ་ཡས་ཀྱང་ཡི་གེ་མང་བར་འཇིགས་ནས་འདིར་འདོད་པ་གཙོ་བོ་འགའ་ཞིག་ལས་མ་བྲིས་སོ།།
དེ་ལ་འདིར་འདོད་པ་དེ་དག་མི་འཐད་པའི་རྒྱུ་མཚན་རེ་ཙམ་བཀོད་ནས་རྒྱས་པ་འོག་ཏུ་རང་ལུགས་བརྗོད་སྐབས་བཤད་པར་བྱའོ། །དེ་ལ་འདོད་པ་དང་པོ་གཞན་དབང་ཡིན་ན་དོན་དམ་བདེན་པ་མ་ཡིན་པས་ཁྱབ་པར་འདོད་པ་མི་འཐད་དེ། གཟུང་འཛིན་གཉིས་སྟོང་གི་ཤེས་པ་དེ་དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་པ་གཉིས་པ་དོན་དམ་བདེན་པ་དང་ཡོངས་གྲུབ་དོན་གཅིག་ཏུ་འདོད་པ་མི་འཐད་དེ། གཟུང་འཛིན་གཉིས་སྟོང་གི་ཤེས་པ་དེ་དོན་དམ་བདེན་པ་ཡིན་ཀྱང་ཡོངས་གྲུབ་མ་ཡིན་པའི་ཕྱིར་རོ། །འདོད་པ་གསུམ་པ་ལ་ཡང་དག་པའི་ཡེ་ཤེས་དེ་གཞན་དབང་དང་ཡོངས་གྲུབ་ཀྱི་གཞི་མཐུན་དུ་འདོད་པ་མི་འཐད་དེ། དེ་ཡོངས་གྲུབ་མ་ཡིན་པའི་ཕྱིར་ཏེ། གཞན་དབང་ལ་ཀུན་བཏགས་ཀྱིས་སྟོང་པའི་ཆའམ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་པའི་ཕྱིར་རོ། །འདོད་པ་བཞི་པ་ཡང་མི་འཐད་དེ། དེ་ནི་གཟུགས་སོགས་ཐ་སྙད་སྣང་ཚུལ་ལ་གཞན་དབང་དང་ཐ་སྙད་གནས་ཚུལ་ལ་ཀུན་བཏགས་སུ་བསྡུ་རུང་བའི་གནད་མ་གོ་བའི་རྣམ་འགྱུར་ལས་གཞན་མ་མཆིས་པས་སོ།།
འོ་ན་རང་ལུགས་ཇི་ལྟར་ཡིན་ཞེ་ན། དེ་ལ་སྔ་འགྱུར་རང་ལུགས་འདི་ལྟར་ཡིན་ཞེས་བདག་འདྲ་བས་རང་སྟོབས་ཀྱིས་བརྗོད་པར་དཀའ་ཡང། འདིར་ཀུན་མཁྱེན་རོང་ཟོམ་པས་གྲུབ་མཐའི་བརྗེད་བྱང་ལས།[23] ཡང་ན་གང་དག་མེད་པ་ལས་ཡོད་པར་སྒྲོ་བཏགས་པ་ཐམས་ཅད་ཀུན་བརྟགས་སུ་བསྡུའོ། །ཆོས་གང་རྒྱུ་རྐྱེན་གྱིས་བསྡུས་པ་ཐམས་ཅད་གཞན་དབང་དུ་བསྡུའོ། །ཆོས་ཉིད་ཀུན་བརྟགས་ལྟར་མེད་པ་ཡང་མ་ཡིན། གཞན་དབང་ལྟར་རྒྱུ་རྐྱེན་གྱིས་བསྐྱེད་པ་ཡང་མ་ཡིན་པ་ནི་ཡོངས་སུ་གྲུབ་པར་བསྡུའོ། །ཡོད་པ་གསུམ་ཞེས་བྱ་བ་ནི། ཀུན་བརྟགས་ཐ་སྙད་དུ་ཡོད། གཞན་དབང་རྫས་སུ་ཡོད། ཡོངས་སུ་གྲུབ་པ་ཆོས་ཉིད་དུ་ཡོད་དོ། །ཞེས་སོགས་གསུངས་པ་ལྟར་ན། མཚན་ཉིད་གསུམ་ཀ་ཡིན་པ་མེད་ཅིང་ནང་ཕན་ཚུན་ཡང་གཞི་མཐུན་གཏན་ནས་མེད་དོ། །འོན་ཀྱང་གོང་གི་གཞན་གྱི་ལུགས་དང་མི་འདྲ་སྟེ། གཞན་དབང་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་མ་ཁྱབ་ལ། ཡོངས་གྲུབ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་ཀྱང་དོན་དམ་བདེན་པ་ཡིན་ན་ཡོངས་གྲུབ་ཡིན་པས་མ་ཁྱབ་པས་གཞན་དབང་དང་ཡོངས་གྲུབ་ལ་མུ་གསུམ་ལས་དེ་གཉིས་དོན་གཅིག་ཡིན་པ་རང་ལུགས་ལ་ཁས་མི་ལེན་པའི་ཕྱིར་རོ།།
དེ་ཡང་སེམས་ཙམ་པའི་གཞུང་རྣམས་ལ་བློས་ཞིབ་མོར་དཔྱད་ན་དོན་དམ་བདེན་པ་འཇོག་ཚུལ་ལ་རྣམ་པ་གཉིས་སུ་གནས་ཏེ། དེ་ཁོ་ན་ཉིད་ཡོངས་གྲུབ་ཡིན་པའི་ཆ་ནས་དོན་དམ་བདེན་པར་འཇོག་ཚུལ་དང། གནས་སྣང་མཐུན་པའི་ཡུལ་ཅན་སྣང་གཞི་མཐར་ཐུག་པ་ཡིན་པའི་ཆ་ནས་དོན་དམ་བདེན་པར་འཇོག་ཚུལ་གཉིས་སོ། །དང་པོ་ནི། སྟོང་གཞི་གཞན་དབང་དགག་བྱའི་ཀུན་བཏགས་ཀྱིས་སྟོང་བའི་ཆ་གང་རྣམ་བྱང་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པས་དོན་དམ་དུ་འཇོག་པའོ། །དེ་ལ་ཡང་ཉོན་སྒྲིབ་རྣམ་པར་དག་བྱེད་ཀྱི་ལམ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའི་དམིགས་པ་མཐར་ཐུག་གང་ཟག་གི་བདག་མེད་དང། ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་ལམ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའི་དམིགས་པ་མཐར་ཐུག་ཆོས་ཀྱི་བདག་མེད་གཉིས་ཏེ། མདོར་ན་གང་ཟག་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་དང་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་གཉིས་སོ། །དེ་ལྟར་ཡང་དབུས་མཐའ་རྣམ་འབྱེད།[24] རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུར་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། ཕྱི་རོལ་དོན་དུ་གྲུབ་པ་དང་དེར་འཛིན་པ་གཉིས་མེད་ནའང་གནས་སྣང་མཐུན་པའི་ཡུལ་ཅན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་ཡིན་པས་དོན་དམ་བདེན་པར་འདོད་པའོ། །དེ་ལྟར་ཡང་སློབ་དཔོན་འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས།[25] གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་འདོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་གྲགས། །ཞེས་དང། ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་གྱི་སྤྱི་དོན་ལས།[26] འཁོར་འདས་གཉིས་ཀྱི་སྣང་ཆ་འདི་རྣམས་ལ་སྣང་གཞི་རྣམ་ཤེས་ཤིག་ཀྱང་མེད་ན་ནམ་མཁའི་མེ་ཏོག་ལྟར་འགྱུར་རོ་སྙམ་དུ་རྣམ་རིག་ཙམ་དོན་དམ་དུ་སྨྲའོ། །ཞེས་གསུངས་སོ།།
དེ་བཞིན་སེམས་ཙམ་པའི་ལུགས་ལ་གཟུགས་ཀུན་བཏགས་ཡིན་མིན་དང་ཕུང་ལྔའི་རྣམ་གཞག་ཡོད་མེད་ཐད་ལ། ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་སོ་སོར་ཕྱེ་ནས་ལན་འདེབས་དགོས་ཏེ། ཀུན་མཁྱེན་མི་ཕམ་མཆོག་གིས་དམ་ཆོས་དོགས་སེལ་ལས།[27] སེམས་ཙམ་པའི་ལུགས་ལ་ཐ་སྙད་སྣང་ཚུལ་དང་བསྟུན་ན་ཕུང་པོ་ལྔའི་རྣམ་བཞག་ཀྱང་ཡོད། བེམ་ཤེས་ཀྱི་རྣམ་བཞག་ཀྱང་ཡོད། ཕྱི་དོན་དང་ནང་གི་འཛིན་པའི་རྣམ་བཞག་ཀྱང་ཡོད་པ་ལ་སོགས་སྣང་ཚུལ་ཐམས་ཅད་མ་ཉམས་པར་འཇོག་ཤེས་དགོས་ཀྱི། དེ་མེད་ཅེས་སུ་ཞིག་གིས་སྨྲས། གནས་ཚུལ་ལ་ཡང་དག་པར་དཔྱད་པའི་དབང་དུ་ན། གཟུགས་སོགས་བེམ་པོས་བསྡུས་པའི་ཕྱི་དོན་མེད་དེ། ཕྱི་རོལ་དོན་ནི་ཡོད་མེད་དེ། །ཞེས་པ་ལ་སོགས་གསུངས་པ་བཞིན་ནོ། །ཞེས་གསུངས་སོ། །དེ་བཞིན་ཐ་སྙད་སྣང་ཚུལ་ལ་མ་བརྟགས་མ་དཔྱད་པའི་ངོར་སྣང་བའི་གཟུགས་སོགས་གཟུང་བ་དང་དེ་འཛིན་པའི་རྣམ་པར་རྟོག་པའི་ཚོགས་བརྒྱད་ལ་སོགས་པ་ཐམས་ཅད་ཀུན་རྫོབ་བདེན་པ་དང། ཐ་སྙད་གནས་ཚུལ་ལ་དེ་དག་མེད་བཞིན་དུ་སྣང་བ་དོན་ལ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་ལས་མ་འདས་པས་ན། གནས་ཚུལ་དབང་བཙན་དུ་བྱས་པའི་གཉིས་མེད་ཀྱི་ཤེས་པ་ཉིད་དོན་དམ་བདེན་པ་ཡིན་ཏེ། དེ་ལྟར་ཡིན་པའང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུ་མ་རྒྱན་གྱི་སྤྱི་དོན་ལས།[28] དེས་ན་གཞན་དབང་དོན་དམ་དང་ཀུན་རྫོབ་ཏུ་བཤད་ཚུལ་གཞུང་སོ་སོར་བྱུང་བ་གནད་མ་ཤེས་ན་བློ་བལ་བ་ཛ་བཞིན་འཁྲུག་པར་འགྱུར་བས་ན། གཞན་དབང་ཉིད་ལ་གནས་ཚུལ་མཐར་ཐུག་པའི་དོན་དབང་བཙན་དུ་བྱས་ན་དོན་དམ་དང། སྣང་ཚུལ་དབང་བཙན་དུ་བྱས་ཏེ་གཞལ་ན་ཀུན་རྫོབ་ཏུ་བསྡུར་རུང་བ་གནད་ཀྱི་དོན་ཏོ། །ཞེས་གསུངས་སོ། །དེས་ན་ཐ་སྙད་སྣང་ཚུལ་ལ་གཟུགས་རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང་ཡིན་ནའང་ཐ་སྙད་གནས་ཚུལ་ལ་ནི་ཀུན་བཏགས་ཏེ་མེད་བཞིན་དུ་སྣང་བ་ཡིན་ནོ།།
ཡང་མཁས་པ་ལ་ལས། རྒྱུ་རྐྱེན་ལས་སྐྱེས་པའམ་དངོས་པོ་ཡིན་ནའང་གཞན་དབང་ཡིན་པས་མ་ཁྱབ་སྟེ་ཀུན་བཏགས་པའི་ཤེས་པ་དེ་དེའི་ཕྱིར་ཏེ། དེ་ཡང་ཀུན་མཁྱེན་ཆེན་པོའི་དགོངས་པ་ཡིན་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[29] རྣམ་ཤེས་མེད་པར་གསུངས་པའང། ཀུན་བརྟགས་ཀྱི་རྣམ་ཤེས་ལ་དགོངས་པའོ། །ཞེས་སོགས་གསུངས་པས་སོ་ཟེར། ཀུན་མཁྱེན་ཆེན་པོའི་དགོངས་པ་ནི་ཀུན་བཏགས་དང་རྣམ་ཤེས་ཀྱི་གཞི་མཐུན་བཞག་ནས་དེ་མེད་པའི་དོན་ནི་གཏན་ནས་མིན་སྙམ་སྟེ། གཟུང་འཛིན་གྱི་ཤེས་པ་རྣམས་ཐ་སྙད་སྣང་ཚུལ་ལ་གཞན་དབང་ཡིན་ནའང་ཐ་སྙད་གནས་ཚུལ་ལ་མེད་ཅིང་གཉིས་མེད་ཀྱི་རྣམ་ཤེས་རང་རིག་རང་གསལ་ཙམ་ལས་མ་འདས་པས་ན། གནས་ཚུལ་ལ་གཟུང་འཛིན་གྱི་ཤེས་པ་རྣམས་ཀྱང་ཀུན་བཏགས་ཡིན་པར་གསུངས་པ་ཡིན་ནོ། །ཡང་ཁ་ཅིག་གིས། གོང་གི་ཡོངས་གྲུབ་ཀྱི་མཚན་ཉིད་དེ་མི་འཐད་དེ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡང་དག་པའི་ཡེ་ཤེས་དེ་ཡོངས་གྲུབ་ཡིན་པའི་ཕྱིར་ཏེ། དེའི་དབྱེ་བ་ཡིན་པའི་ཕྱིར་ཟེར་རོ། །དེ་ལ་ནི་དེའི་དབྱེ་བ་ཡིན་ན་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན་ཤིན་ཏུ་སླའོ། །དེས་ན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ་ཡོངས་གྲུབ་ཀྱི་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི་ཡོངས་གྲུབ་དངོས་མ་ཡིན་ཏེ། རྒྱུ་མཚན་ནི་ཡོངས་གྲུབ་ཡིན་ན་དེ་ཁོ་ན་ཉིད་གནས་ལུགས་ཀྱི་ལྡོག་ཆ་ནས་གཞག་དགོས་པའི་ཕྱིར་ཏེ། མདོ་དང་བསྟན་བཅོས་ཀུན་ལས་ཡོངས་གྲུབ་ཀྱི་ངོ་བོ་ངོས་འཛིན་སྐབས། སྟོང་གཞི་གཞན་དབང་དེ་ཉིད་བདག་གིས་སྟོང་པའི་ཆོས་ཉིད་ལ་ཡོངས་གྲུབ་ཏུ་གསུངས་པའི་ཕྱིར། ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོས་གྲུབ་མཐའི་བརྗེད་བྱང་ལས།[30] ཡོངས་སུ་གྲུབ་པ་ནི་སྟོང་པའི་ཆོས་ཉིད་ལ་བྱ། ཞེས་དང། མདོ་དགོངས་པ་ངེས་འགྲེལ་ལེའུ་དྲུག་པ་ལས་ཀྱང།[31] ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། ཞེས་སོགས་གསུངས་སོ། །དེ་ལ་ཡང་ཁ་ཅིག་ན་རེ། ཡང་དག་པའི་ཡེ་ཤེས་དེ་ཡོངས་གྲུབ་ཡིན་ཏེ། སེམས་ཙམ་པས་ཤེས་པ་ཀུན་ངོ་བོ་རང་རིག་རང་གསལ་དུ་འདོད་ཅིང། ཡང་དག་པའི་ཡེ་ཤེས་རང་ཉིད་རང་གིས་ཡུལ་དུ་བྱེད་པས། དེ་ཡེ་ཤེས་དམ་པའི་སྤྱོད་ཡུལ་ལམ་རྣམ་བྱང་ལམ་གྱི་དམིགས་པར་འགྱུར་རོ་ཟེར། སེམས་ཙམ་པའི་ལུགས་འདིར་ཤེས་པ་ཀུན་རང་གི་ངོ་བོ་ལ་རང་རིག་རང་གསལ་ཡིན་པ་བདེན་མོད་ཀྱང། ཤེས་པ་ཀུན་ཀྱི་ངོ་བོ་གསལ་ཞིང་རིག་པ་ཡིན་པའི་གནད་ཀྱིས་ངོ་བོ་ལ་རང་རིག་ཏུ་འདོད་ཀྱི། རང་གིས་རང་བསྒོམ་བྱའི་དམིགས་པར་བྱེད་པ་ནི་མ་ཡིན་ཏེ། སེམས་ཙམ་པའི་ལུགས་གསུང་བའི་སྐབས་སུ་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[32] སྒོམ་པ་དམིགས་པའི་གཞི་ནི་བདག་མེད་པ་ཡིན་པས་གཞན་དབང་ལ་ཡང་བློ་མི་གཏད་པར་ཅི་ཡང་མི་དམིགས་པའི་ངང་ལ་བཞག་པ་སྟེ། ས་བསྡུ་བ་ལས། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལའང་མི་གནས་སོ། །ཞེས་གསུངས་པས་སོ།།
དྲུག་པ་གཞན་དབང་དོན་དམ་བདེན་པ་ཡིན་མིན་ལ་དཔྱད་པ།
གཞན་དབང་དོན་དམ་བདེན་པ་ཡིན་མིན་གྱི་ཐད་ལ། མཁས་པའི་དབང་པོ་འགའ་ཞིག་གིས། ལུགས་འདིར་དོན་དམ་དུ་འདོད་ཚུལ་ལ་གཉིས་ཡོད་དེ། བྱང་ས་དང་བསྡུ་བ་རྣམས་ལས་མིང་བརྡས་བཞག་པ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་དོན་དམ་བྱས་ནས་གཞན་དབང་དེར་གྲུབ་པས་གཞན་དབང་འཇོག་ཚུལ་དང་པོའི་དབང་དུ་བྱས་པའི་དོན་དམ་དུ་ཡོད་པ་དང་། དེར་མ་གྲུབ་པ་ལ་ཀུན་རྫོབ་ཏུ་ཡོད་པར་གསུངས་སོ། །མདོ་སྡེ་དགོངས་འགྲེལ་དང་དབུས་མཐའ་རྩ་འགྲེལ་རྣམས་ལས་ཡུལ་ཅན་དམ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་བྱས་ནས་དེའི་དོན་ཏེ་སྤྱོད་ཡུལ་ཡིན་པ་ལ་དོན་དམ་དང་དེ་མ་ཡིན་པ་ལ་ཀུན་རྫོབ་ཏུ་འདོད་པས། གཞན་དབང་འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དུ་མ་གྲུབ་པས་གཞན་དབང་འཇོག་ཚུལ་གཉིས་པའི་དབང་དུ་བྱས་པའི་དོན་དམ་དུ་མེད་གསུངས། མདོར་ན་གཞན་དབང་འཇོག་ཚུལ་དང་པོའི་དོན་དམ་དུ་ཡོད་ཀྱང་འཇོག་ཚུལ་གཉིས་པའི་དབང་དུ་བྱས་པའི་དོན་དམ་དུ་མེད་པར་གསུངས།
ལ་ལས་ནི། གཞན་དབང་ཡིན་ན་བདེན་པར་གྲུབ་པས་ཁྱབ་ཀྱང་དོན་དམ་བདེན་པ་མ་ཡིན་པས་ཁྱབ་སྟེ་གཞན་དུ་ན་མདོ་སྡེ་རྒྱན་ལས་དོན་དམ་བདེན་པ་ལ་མཚན་ཉིད་ལྔ་ལྡན་དུ་གསུང་སྐབས་སྐྱེ་བ་མེད་པ་དང་འཇིག་པ་མེད་པར་གསུངས་པ་དང་འགལ་ལོ་ཞེས་ཟེར། དེ་ནི་མི་འགལ་བ་མ་ཟད་དེ་དག་གིས་གཞན་དབང་དོན་དམ་དུ་ཡོད་གསུངས་པའི་གཞན་དབང་དེ་གང་ཡིན་ངོས་བཟུང་མ་ཐུབ་པ་དང། ཐ་སྙད་རང་ལ་སྣང་ཚུལ་དང་གནས་ཚུལ་སོ་སོར་ཤན་འབྱེད་མ་ཤེས་པའི་སྐྱོན་ཆེན་པོ་ཞིག་མིན་ནམ་སྙམ་སྟེ། དེས་ན་ཐོག་མར་གཞན་དབང་དོན་དམ་དུ་གསུངས་པའི་གཞན་དབང་དེ་དང་པོར་ངོས་འཛིན་ཐུབ་དགོས་པ་ནི་གལ་ཆེས་ཤོས་ཤིག་སྟེ། མདོ་དང་བསྟན་བཅོས་རྣམས་ལས་གཞན་དབང་དོན་དམ་དུ་གསུངས་པ་མང་ཡང་དེ་གཞན་དབང་ཡོད་ཚད་ལ་གོ་བ་གཏན་ནས་མིན་ནམ་སྙམ་སྟེ། འོ་ན་གང་ལ་གོ་དགོས་ཟེར་ན། གཞན་དབང་གི་རྣམ་ཤེས་མཐར་ཐུག་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དེ་ཡིན་ནོ། །དེས་ན་ལུགས་འདིར་གནས་སྣང་མི་མཐུན་པའི་གཟུང་འཛིན་གྱི་ཡུལ་ཅན་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པ་དང། མཐུན་པའི་ཡུལ་ཡུལ་ཅན་དོན་དམ་དུ་འདོོད་དེ། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[33] སེམས་ཙམ་པ་ནི་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ། གཉིས་མེད་ཀྱི་ཤེས་པ་ནི་དོན་དམ་བདེན་པར་འདོད་དེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཆ་ཤས་ཅན་ཞེས་བྱ་མེད་ཅིང། །ཕྲ་རབ་རྡུལ་རྣམས་མེད་པ་དང། །སོ་སོར་སྣང་ལ་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་བསྒྲགས། །ཞེས་དང། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས་ཀྱང་། མི་རྟོག་པའི་ཡེ་ཤེས་ཆོས་ཉིད་དག་པ་འབའ་ཞིག་ཡུལ་དུ་བྱེད་པ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ་དོན་དམ་ཡིན་ལ། ཞེས་སོགས་གསུངས་སོ།།
སེམས་ཙམ་པས་གཉིས་མེད་ཀྱི་ཤེས་པ་དེ་ཉིད་དོན་དམ་བདེན་པར་འདོད་དགོས་པའི་གནད་མཐར་གཏུགས་ན། ཕྱི་རོལ་གཟུང་བ་དང་དེར་འཛིན་པ་མེད་ཀྱང་དག་མ་དག་གི་སྣང་བ་བསླུ་མེད་བསྙོན་མེད་དུ་སྣང་བ་འདི་དག་གི་སྣང་གཞི་རྣམ་ཤེས་ཙམ་ཡང་མེད་ན་སྣང་བ་འདི་དག་མི་འཐད་དོ་སྙམ་ནས་གཉིས་མེད་ཀྱི་རྣམ་ཤེས་ཙམ་དོན་དམ་དུ་སྨྲ་བ་ཡིན་ཏེ། ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་གྱི་སྤྱི་དོན་ལས།[34] འཁོར་འདས་གཉིས་ཀྱི་སྣང་ཆ་འདི་རྣམས་ལ་སྣང་གཞི་རྣམ་ཤེས་ཤིག་ཀྱང་མེད་ན་ནམ་མཁའི་མེ་ཏོག་ལྟར་འགྱུར་རོ་སྙམ་དུ་རྣམ་རིག་ཙམ་དོན་དམ་དུ་སྨྲའོ། །ཞེས་གསུངས་སོ། །འོ་ན་གཉིས་མེད་ཀྱི་ཤེས་པ་དོན་དམ་བདེན་པ་ཡིན་ན། མདོ་སྡེ་རྒྱན་ལས།[35] ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་བྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་དོན་དམ་བདེན་པའི་མཚན་ཉིད་གསུང་སྐབས་དོན་དམ་བདེན་པ་ཡིན་ན་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་ལ་སོགས་མཚན་ཉིད་ལྔ་ལྡན་དུ་གསུངས་པ་དངོས་སུ་མི་འགལ་ལམ་ཞེ་ན། མི་འགལ་བ་ཤིན་ཏུ་འདོད་པ་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡོངས་གྲུབ་ཀྱི་ངོ་བོར་གྱུར་པའི་དོན་དམ་བདེན་པའི་མཚན་ཉིད་འཆད་པའི་སྐབས་ཡིན་པས་སྐྱོན་མེད་པ་ཉིད་ཡིན་ནོ། །དེར་ཐལ། གཞུང་དེ་མདོ་སྡེ་རྒྱན་གྱི་ལེའུ་བདུན་པ་དེ་ཁོ་ན་ཉིད་ཀྱི་རྣམ་གཞག་བསྟན་པ་ལས་ཡིན་པ་དང། ཀུན་མཁྱེན་མི་ཕམ་པས་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་ཀྱང།[36] ས་བཅད་སྐབས། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ། གཏན་ལ་དབབ་པ་བདག་མེད་གཉིས། དེ་ཇི་ལྟར་རྟོགས་ཚུལ་གྱི་གོ་རིམ་གསུམ། དང་པོ། ཞེས་སོགས་གསུངས་པས་སོ། །ཡང་མཁས་པ་ཁ་ཅིག་གིས། ཡང་དག་པའི་ཡེ་ཤེས་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། ཆོས་ཉིད་ཡིན་པའི་ཕྱིར། དེར་ཐལ། དོན་དམ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དོན་དམ་ཡིན་པའི་ཕྱིར། དེ་ཡང་ཀུན་མཁྱེན་ཆེན་པོའི་དགོངས་པ་ཡིན་པའི་ཕྱིར་ཏེ། ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[37] ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་ན། གཞན་དབང་ནི་ཆོས་ཅན་དོན་དམ་དང། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཞེས་གསུངས་པས་སོ་ཟེར། དེ་ནི་མི་འཐད་དེ། གཞན་དབང་ཆོས་ཉིད་ཡིན་ན་དེ་ལ་ཆོས་ཅན་ཞེས་བརྗོད་དགོས་དོན་ཅི་ཡང་མེད་དོ། །འོ་ན་གཞན་དབང་ཆོས་ཉིད་དམ་དོན་དམ་མིན་ན་དེ་ལ་ཆོས་ཅན་དོན་དམ་ཞེས་དོན་དམ་གྱི་སྒྲས་བརྗོད་དགོས་དོན་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། བརྟན་པ་ཆོས་ཉིད་བདེན་གྲུབ་ཀྱི་རྟེན་ལ་སྟོང་གཞི་ཆོས་ཅན་གཞན་དབང་ལྟ་བུ་བདེན་གྲུབ་ཀྱིས་རུང་གི གཞན་ཀུན་བཏགས་ལྟ་བུ་བདེན་པར་མ་གྲུབ་པས་མི་རུང་སྟེ། བདེན་གྲུབ་ཀྱི་རྟེན་ལ་བདེན་གྲུབ་གཅིག་དགོས་ཀྱི་གཞན་བདེན་མེད་ཀུན་བཏགས་རྣམས་བརྟན་པོ་མེད་པ་ཡོངས་གྲུབ་ཀྱི་རྟེན་དུ་མི་རུང་བས་སོ། །དེས་ན་གཞན་དབང་ལ་ཆོས་ཅན་དོན་དམ་དང་ཡོངས་གྲུབ་ལ་ཆོས་ཉིད་དོན་དམ་གསུངས་པ་ཡིན་གྱི། དེ་མིན་པར་དེ་གཉིས་ཀ་དོན་དམ་བདེན་པ་དང་ཆོས་ཉིད་ཡིན་པར་གསུངས་པ་ཡིན་ཞེས་པ་ནི་གཞུང་གི་དགོངས་པ་མ་རྟོགས་པའོ། །དེ་ཡང་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོའི་ལེའུ་བཅུ་གཉིས་པ་ལས།[38] གཞན་དབང་སེམས་དང་སེམས་བྱུང་འདི་སྟོང་ངོ་། །དགག་བྱ་གང་གིས་སྟོང་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀྱིས་སྟོང་ངོ་། །ཅི་ཡང་མེད་པ་ལ་ནི་དགག་གཞི་མེད་པས་ན་སྟོང་པའི་ཐ་སྙད་ཙམ་ཡང་བརྗོད་དུ་མི་རུང་ངོ་། །ཞེས་གསུངས་པས་སོ། །དེས་ན་སེམས་ཙམ་པའི་མདོ་དང་བསྟན་བཅོས་ཀུན་ལས་ཡོངས་གྲུབ་དོན་དམ་གྱི་ངོ་བོ་གསུང་སྐབས། དབུ་མ་པ་ལྟར་ཆོས་ཀུན་ཀྱི་གནས་ལུགས་ལ་ཡོངས་གྲུབ་ཏུ་མ་འདོད་ནས། སྟོང་གཞི་ཆོས་ཅན་ལ་གཞན་དབང་ཉིད་ལས། གཞན་ཀུན་བཏགས་སྟོང་གཞིར་མ་བཞག་ནས་གཞན་དབང་དེ་ཉིད་དགག་བྱའི་ཀུན་བཏགས་ཀྱིས་སྟོང་པ་ལ་ཡོངས་གྲུབ་དོན་དམ་བདེན་པ་གསུང་དགོས་པའི་གནད་འགག་ཀྱང་དེ་ཡིན་ནོ་སྙམ་མོ། །དེ་ཡང་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོས་གྲུབ་མཐའི་བརྗེད་བྱང་ལས་ཀྱང།[39] ᨵཞན་དབང་ཆོས་ཅན་དེ་ལ་གཟུང་འཛིན་ཆ་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ཆོས་ཉིད་ནི་རྟོག་པའི་མཚན་མ་དང་དངོས་པོར་ནམ་ཡང་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཞེས་གསུངས་སོ།།
མདོར་ན་གྲུབ་མཐའ་སྨྲ་བ་དེ་དང་དེས་དེ་དང་དེར་འདོད་ན་དེའི་ལུགས་ལ་དེ་དང་དེ་ཡིན་དགོས་པ་ནི་སྤྱིར་རིགས་པའི་འགྲོ་སྟངས་ཞིག་ཡིན་པས། སེམས་ཙམ་པས་གཞན་དབང་ལ་གནས་སྣང་མཐུན་པའི་ཡུལ་ཅན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དང། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བཅས་པ་རྣམས་ཀུན་རྫོབ་བདེན་པར་འདོད་དོ། །དེས་ན་གཞན་དབང་ཡིན་ན་བདེན་པར་གྲུབ་པས་ཁྱབ་ཀྱང་དོན་དམ་བདེན་པ་ཡིན་པས་ཁྱབ་པ་ནི་འདོད་པ་མིན་པས། ལུགས་འདིར་དོན་དམ་བདེན་པ་དང་བདེན་གྲུབ་ལ་མུ་གསུམ་ཡོད་པའི་གནད་ལེགས་པར་ཤེས་ན། དེའི་ཐད་ལ་ཚིག་གི་སྤྲོས་པ་སྣ་ཚོགས་ཀྱིས་ཞིབ་ཆ་སྣ་ཚོགས་བྱ་དགོས་པའི་ངལ་བ་ལས་འབད་མེད་དུ་གྲོལ་བར་འགྱུར་རོ།།
བདུན་པ་མཚན་ཉིད་གསུམ་པོ་སྐུ་གསུམ་དང་སྦྱར་ཏེ་མཇུག་བསྡུ་བ་ནི།
དེ་ཡང་མཐར་རྟེན་འབྲེལ་གྱི་ཚུལ་དུ་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་དགོངས་པ་ལྟར་མཚན་ཉིད་གསུམ་པོ་སྐུ་གསུམ་དང་སྦྱར་བ་ནི། དེ་ཉིད་ཀྱིས་མཛད་གནང་བའི་གྲུབ་མཐའི་བརྗེད་བྱང་ལས།[40] སྐུ་གསུམ་དང་སྦྱར་བ་ནི། ཡོངས་སུ་གྲུབ་ནི་དབྱིངས་དང་ཡེ་ཤེས་ཡིན་པས་ཆོས་ཀྱི་སྐུའོ། །གཞན་དབང་ནི་ཏིང་ངེ་འཛིན་གྱི་ངོ་གང་ལ་སྣང་བས། ལོངས་སྤྱོད་རྫོགས་པའི་སྐུའོ། །ཀུན་བརྟགས་ནི་མེད་པ་རྣམས་ཡོད་པར་བརྟགས་པས་སྤྲུལ་པའི་སྐུའོ། །ཞེས་གསུངས་སོ།།
མཇུག་གི་གཏམ་ནི། དེ་ཡང་མདོ་དང་བསྟན་བཅོས་རྣམས་ཀྱི་དགོངས་དོན་ཟབ་མོ་རྒྱ་མཚོ་ལྟ་བུ་ལ་བདག་ཉིད་དབང་པོ་དམན་ལ་གཞུང་ལུགས་དག་ལ་སྦྱངས་པ་མཐར་མ་སོན་ཅིང་མཐོང་རྒྱ་ཆུང་བས་གཞུང་གི་དགོངས་དོན་ཟབ་མོ་འདི་ལྟ་བུ་ལ་དགག་གཞག་སྤོང་གསུམ་བྱེད་ཁུལ་དེར་གཞན་མཁས་པ་རྣམས་བཞད་གད་ཀྱི་གནས་སུ་འགྱུར་སྲིད་མོད། འོན་ཀྱང་སྤྱིར་མཁས་བླུན་སུ་དང་སུ་ཡིན་ནའང་སོ་སོའི་དབང་པོ་དང་དཔག་པའི་གཞུང་དོན་དག་ལ་གོ་བ་ལེན་ཚུལ་མི་འདྲ་བ་རེ་ཏན་ཏན་ཡོད་པས། འདིར་ཡང་གཙོ་བོ་བདག་གིས་གཞུང་ལུགས་རྣམས་ལ་གོ་བ་ལེན་ཚུལ་དང་མཐུན་པར་སེམས་ཙམ་པའི་དཀའ་གནད་འགའ་ཞིག་ལ་དཔྱད་གཞི་ཙམ་གྱི་ཚུལ་དུ་ཚིག་ཉུང་ཤས་ཤིག་བྲིས་པ་འདིའི་དགེ་བའི་རྩ་བ་ཅུང་ཟད་ཡོད་ན་དེ་ཡང་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཐུགས་དགྱེས་པའི་རྒྱུར་ཅི་ནས་ཀྱང་གྱུར་ཅིག
[1] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༢ དེབ་ཕྲེང་ ༢ ཤོག་ངོས་ ༢༠༡ པར་གསལ།
[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༩༤ ནས་ ༩༥ བར་དུ་གསལ།
[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༩༥ པར་གསལ།
[4] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༩ པར་གསལ།
[5] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ ཤོག་ངོས་ ༧༡ པར་གསལ།
[6] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༠ པར་གསལ།
[7] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༦ པར་གསལ།
[8] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཤོག་ངོས་ ༥༣ པར་གསལ།
[9] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ། ཅ། ཤོག་ངོས་ ༣༢ པར་གསལ།
[10] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༦ པར་གསལ།
[11] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ། ཅ། ཤོག་ངོས་ ༥༣ པར་གསལ།
[12] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ། ཅ། ཤོག་ངོས་ ༣༢ ནས་ ༣༣ བར་དུ་གསལ།
[13] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༨ པར་གསལ།
[14] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༧ པར་གསལ།
[15] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང ༡༤ ཤོག་ངོས་ ༧༦ ནས་ ༧༧ བར་དུ་གསལ།
[16] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ། ཅ། ཤོག་ངོས་ ༥༣ ནས་ ༥༤ བར་དུ་གསལ།
[17] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༨༠ པར་གསལ།
[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༣༤༤ པར་གསལ།
[19] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༧ པར་གསལ།
[20] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༢༡ ཤོག་ངོས་ ༡༥༢ པར་གསལ།
[21] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༨ པར་གསལ།
[22] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༨ པར་གསལ།
[23] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༢ དེབ་གཟུགས། པོད་གཉིས་པ། ཤོག་ངོས་ ༢༢༥ པར་གསལ།
[24] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༣༤༤ པར་གསལ།
[25] ཝཱ་ཎ་པར་མ། ཕྱི་ལོ་ ༢༠༠༨ དེབ་གཟུགས། ཤོག་ངོས་ ༩༩ པར་གསལ།
[26] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༩ པར་གསལ།
[27] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༦ པར་གསལ།
[28] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༡ པར་གསལ།
[29] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༩ པར་གསལ།
[30] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༢ དེབ་གཟུགས། པོད་གཉིས་པ། ཤོག་ངོས་ ༢༢༤ པར་གསལ།
[31] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ མདོ། ཅ། ཤོག་ངོས་ ༣༣ པར་གསལ།
[32] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༨༠ པར་གསལ།
[33] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༢ ལོའི་པར་མ། དེབ་ཕྲེང་ ༢༡ ཤོག་ངོས་ ༡༥༢ པར་གསལ།
[34] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༩ པར་གསལ།
[35] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༡༨༣ པར་གསལ།
[36] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༩༡ པར་གསལ།
[37] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༧༨ པར་གསལ།
[38] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༢ དེབ་ཕྲེང་ ༡༤ ཤོག་ངོས་ ༨༠ པར་གསལ།
[39] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༢ དེབ་གཟུགས། པོད་གཉིེས་པ། ཤོག་ངོས་ ༢༢༤ པར་གསལ།
[40] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༢ དེབ་གཟུགས། པོད་གཉིས་པ། ཤོག་ངོས་ ༢༢༥ པར་གསལ།