མགོན་མཆོག་གྲུབ་དབང་བླ་མའི་མཛད་རྗེས།

ལོ་རིམ་བཞི་པའི་སློབ་གཉེར་བ། ཟླ་བ་བསྟན་འཛིན།

རྨད་བྱུང་ཞི་བ་ལྷ་ཡི་སྤྱོད་པ་དང་།།
མཚུངས་མེད་ཨ་ཏི་ཡོ་གའི་ལྟ་བ་གཉིས།།
ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་སྐྱོང་མཛད་པ།།
འདྲེན་མཆོག་གྲུབ་དབང་བླ་མའི་ཞབས་ལ་འདུད།།

འདྲེན་པའི་མཆོག་གྱུར་གྲུབ་དབང་བླ་མ་ཡིས།།
ཞབས་ཟུང་འཁོར་ལོ་བསྒྱུར་ནས་འཕགས་ཡུལ་འདིར།།
བསྟན་པའི་དོན་ཆེན་ཁུར་བའི་མཛད་རྗེས་ལ།།
དད་པའི་སྤུ་ལོང་མི་གཡོ་དབང་མེད་རེད།།

རྒྱ་གར་དབུས་འགྱུར་འཆང་གི་ལྷོ་ཕྱོགས་འདིར།།
ཕྱི་ནང་གསང་བའི་མཛད་པ་སྣ་ཚོགས་ཀྱི།།
མཁས་མང་བྱེ་བའི་འབྱུང་གནས་གླིང་འདི་ཉིད།།
ཀུན་མཁྱེན་བུ་རམ་ཤིང་པའི་མཛེས་རྒྱན་རེད།།

གང་གིས་བྱམས་བརྩེས་བསྐྱངས་པའི་སློབ་འབངས་རྣམས།།
ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་རྒྱུད་ཕྱུག་ཅིང་།།
ཉིན་མཚན་དུས་དྲུག་སྤོང་ཀློག་འཁོར་ལོ་གསུམ།།
དབྱར་གྱི་ཆུ་མོའི་རྒྱུན་བཞིན་ཆད་མེད་རེད།།

ཐོས་བསམ་རི་བོ་བརྒལ་བའི་ལག་རྗེས་སུ།།
གོ་ལའི་ཁྱོན་འདིར་མཁན་སློབ་མཚན་འཛིན་པ།།
བཤེས་གཉེན་དུ་མའི་མཛད་ཕྲིན་ལ་གཟིགས་དང་།།
དད་ལྡན་དང་བ་འདྲེན་པའི་མིག་རྒྱན་རེད།།

གང་ཉིད་ཞིང་གཞན་ཕེབས་པའི་རྗེས་ཤུལ་དུ།།
དད་ལྡན་སློབ་འབངས་ཡོངས་ཀྱི་ཐུགས་མཐུན་འོག།
ཁྱེད་ཀྱི་ཐུགས་ལ་བརྣགས་པའི་བཞེད་དོན་འདི།།
ས་འཛིན་སྒེག་མོའི་ཁྱོན་འདིར་ཇེ་རྒྱས་རེད།།

བྱང་ཕྱོགས་ཁ་བ་རི་པའི་ཞིང་ཁམས་དེར།།
ཡང་སྤྲུལ་རྟ་བདུན་དབང་པོ་བཞུགས་ནས་ཡོད།།
ཡོངས་འཛིན་བཤེས་གཉེན་དུ་མའི་ལམ་སྟོན་འོག།
གསེར་གྱི་ཉི་མའི་དཀྱིལ་འཁོར་ཇེ་གསལ་རེད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།