མདོ་སྔགས་གཉིས་ཀའི་དངོས་བརྒྱུད་ཀྱི་དགོངས་དོན་མཐར་ཐུག་པ་ངེས་དོན་བདེ་གཤེགས་སྙིང་པོའི་གློ་བུར་བའི་གོ་བ་ནོར་བུའི་གྱོ་མོ་ཞེས་བྱ་བ།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཚེ་བརྟན་རྡོ་རྗེ།

ཀུན་ཁྱབ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ།།
གློ་བུར་མ་ཡིན་ཡེ་གནས་བདེ་གཤེགས་མཁའ་དབྱིངས་ལ།།
གློ་བུར་བ་ཡི་རྣམ་རྟོག་སྤྲིན་གྱི་དྲི་མ་འཁྲིགས།།
གློ་བུར་སྤྲོས་པའི་སྤྲིན་གྱི་དྲི་མ་དེ་དག་ཀྱང་།།
གློ་བུར་ལམ་གྱི་རླུང་འཚུབ་གཡོ་བས་རྨང་མེད་གཏོར།།

གློ་བུར་རླུང་གི་ལམ་རིམ་དེ་དག་ཀྱང་།།
གློ་བུར་དྲི་མ་སེལ་བའི་ཆ་རྐྱེན་ཙམ།།
གློ་བུར་རྣམ་རྟོག་གཡའ་དམར་དག་པ་ན།།
གློ་བུར་རླུང་གི་ལམ་ཡང་ངང་གིས་སྤོངས།།

གློ་བུར་སྤྲིན་གྱི་ཚོགས་པ་གློ་བུར་བཞིན།།
གློ་བུར་དྲི་མའི་ཚོགས་ཀྱང་གློ་བུར་ཉིད།།
གློ་བུར་སྤྲིན་སེལ་དྲི་བཞོན་གློ་བུར་བཞིན།།
གློ་བུར་ལམ་གྱི་རིམ་པའང་གློ་བུར་བ།།

གློ་བུར་མ་ཡིན་ཡེ་ནས་གནས་པའི་བདེ་གཤེགས་སྙིང་།།
གློ་བུར་བ་ཡི་དྲི་མ་སྤོང་བྱེད་གཉེན་པོ་མིན།།
གློ་བུར་དྲི་མ་འདམ་གྱིས་གོས་པའི་ནོར་བུ་ཡི།།
གློ་བུར་དྲི་དེ་སྤོང་བྱེད་ནོར་བུ་རང་མིན་བཞིན།།

གློ་བུར་འདམ་གྱི་དྲི་མས་འཐུམས་པའི་ནོར་བུ་ཡི།།
གློ་བུར་བ་ཡི་འདམ་དྲི་འབྱིད་བྱེད་རས་གཞན་བཞིན།།
གློ་བུར་རྣམ་རྟོག་དྲི་མས་འཐུམས་པའི་སྙིང་པོ་ཡི།།
གློ་བུར་དྲི་མ་སྤོང་བྱེད་ལམ་ཡང་གཞན་ཡིན་ནོ།།

གློ་བུར་དྲི་མ་སྤོང་བྱེད་མཉམ་གཞག་ཁམས་ཡིན་ན།།
གློ་བུར་དྲི་མ་སྤོང་བྱེད་ལམ་དེ་སྐྱབས་གཙོར་འགྱུར།།
གློ་བུར་དྲི་མ་སྤོང་བྱེད་ལམ་དེ་སྐྱབས་གཙོ་ན།།
གློ་བུར་ལམ་དེ་སྐྱབས་གཙོ་མིན་ཞེས་གསུངས་དང་འགལ།།

གློ་བུར་དྲི་མ་སྦྱོང་བྱེད་མཉམ་གཞག་གིས།།
གློ་བུར་རྣམ་རྟོག་སྤངས་པའི་ཆ་ཙམ་དེ།།
གློ་བུར་མ་ཡིན་ཡེ་གནས་གཤེགས་སྙིང་ལ།།
གློ་བུར་དྲི་མས་སྟོངས་པའི་ཆ་ཡིན་ནོ།།

གློ་བུར་རྣམ་རྟོག་སྤྲོས་པའི་དྲི་མ་རྣམས།།
གློ་བུར་ལམ་གྱིས་སྤངས་ནས་གཏན་མེད་ཚེ།།
གློ་བུར་དྲི་མས་དབེན་པའི་གཅིག་པུ་བ།།
གློ་བུར་མ་ཡིན་ཡེ་གནས་ཟུང་འཇུག་མཆོག།

གློ་བུར་དྲི་མ་གློ་བུར་ལམ་གྱིས་སངས།།
གློ་བུར་མ་ཡིན་ཡེ་རྫོགས་ཡོན་ཏན་རྒྱས།།
གློ་བུར་རྒྱུ་ཡིས་མ་བྱས་སངས་རྒྱས་འདི།།
གློ་བུར་རྒྱུ་རྐྱེན་སྨྲ་བའི་བློར་མི་ཤོང་།།


གློ་བུར་རྣམ་རྟོག་པད་མའི་སྦུབས་ཆུད་པའི།།
གློ་བུར་སྐྱེས་པའི་གོ་བའི་ཆ་ཤས་འདི།།
གློ་བུར་བརྗེད་པའི་ལག་དུ་ཤོར་དོགས་ནས།།
གློ་བུར་ཡི་གེའི་བྲག་ལ་གཏེར་དུ་སྦས།།

གློ་བུར་ཚིག་གིས་དྲངས་པའི་རྩོམ་ཡིག་འདི།།
གློ་བུར་འཁྲུལ་པའི་བུ་ཆུང་བདག་གིས་བྲིས།།
གློ་བུར་ལེགས་བྱས་དགེ་བའི་རྩ་བ་ཡིས།།
གློ་བུར་ནོངས་པ་གང་མཆིས་དག་གྱུར་ཅིག།
༢༠༢༣/༡༠/༡༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།