ལོ་རིམ་གཉིས་པའི་སློབ་གཉེར་བ། པདྨ་རྒྱ་མཚོ།
སྨག་རུམ་སྟུག་པོས་འཐིབས་པའི་འཇིག་རྟེན་གྲོང་དུ།།
ལུགས་གཉིས་བློ་མིག་ལྡོངས་པའི་སྐྱེ་འགྲོ་ཀུན་ལ།།
ལེགས་ཉེས་རྣམ་པར་འབྱེད་པའི་དགྱེས་ཞལ་དཀྱིལ་འཁོར།།
གངས་ལྗོངས་འཛིན་མའི་ཁྱོན་དུ་མྱུ་གུར་འབུས་སོང་།།
ཚད་མེད་བཞི་ཡི་གོམ་ཁ་ཕྱོགས་བཞིར་བསྒྱུར་ནས།།
མཛུབ་མོ་གནམ་ལ་ཀེར་ཏེ་བློ་སྟོབས་ཆེན་པོས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་ན།།
ལྷ་མི་འགྲོ་བ་ཀུན་ཀྱིས་ཅིའི་ཕྱིར་མི་བཀུར།།
སུམ་རྩེན་གྲོང་ནས་ཡིན་པའི་ལྷ་དང་ལྷ་མོས།།
མཐོན་མཐིང་གཡུ་ལོའི་མེ་ཏོག་འབྲུ་ཆར་འབེབས་ཀྱིན།།
སིང་སིང་དྲུག་འགྱུར་འབུམ་གྱི་བསྟོད་དབྱངས་སྙན་མོས།།
འབུམ་འགྱུར་ཟླ་བ་འདི་ལ་སྲུང་བརྩིས་ཞུས་འདུག།།
གཉེར་རིས་ཐོད་དུ་བཅིངས་པའི་རྒན་རྒོན་མང་པོས།།
དུས་ཆེན་གསུམ་འཛོམས་ཟླ་ཞག་སོར་རྩེར་བགྲངས་ཏེ།།
དཀར་ནག་ལེགས་ཉེས་འདི་ལ་ཁོག་བརྩིས་བརྒྱབ་ན།།
འབུམ་འགྱུར་ཟླ་བ་ཞེས་པའི་མིང་ཡང་ལོས་བརྒྱན།།
འཚེ་མེད་ཞི་བའི་སྙིང་རྗེ་གཞན་ལ་གཏད་དེ།།
བྱམས་པའི་འོ་མཚོས་བརླན་ཞིང་དམར་ཟས་སྤངས་ན།།
དཀར་པོ་དཀར་རྐྱང་ཡིན་པའི་དཀར་ཟས་དྭངས་མས།།
དཀར་ཟས་ཟླ་བ་འདི་ཡི་རང་བཞིན་བརྗོད་འདུག།།
སྐྱ་སེར་དད་པའི་སོར་བཅུ་སྙིང་གར་ཟུམ་ཞིང་།།
སྤོས་དང་མཆོད་རོལ་མང་པོས་སེར་འཕྲེང་བསྟར་ནས།།
རྒྱལ་བའི་གསེར་ཐང་བྱིན་ཅན་དགྱེས་ཞལ་མཇལ་དུས།།
འབུམ་འགྱུར་ཟླ་བ་འདི་ལ་དད་རླབས་འཕྱུར་འདུག།།
སྔོ་བསངས་དུ་ཞག་ལང་ལོང་འཁྲིགས་པའི་འོག་ཏུ།།
འདོད་ཡོན་རྒྱན་གྱིས་བརྒྱན་པའི་མཆོད་པ་སྣ་ལྔ།།
སྟེགས་བུའི་གྲལ་དུ་འཁོད་དེ་ལྷའི་བླ་མར།།
དགྱེས་པའི་མཆོད་སྤྲིན་ཕུལ་ནས་རྗེས་སུ་དྲན་ནོ།།
སྐྱ་སེར་ར་བས་བསྐོར་བའི་འཆམ་རའི་དཀྱིལ་ན།།
ཞི་དང་ཁྲོ་བའི་རང་གཟུགས་གར་ལ་ཐིམ་ནས།།
སྒེག་ཉམས་སྟོང་གིས་འཁྱུད་པའི་སྟང་སྟབས་སྣ་ཚོགས།།
རྨ་བྱ་གར་ལ་རོལ་འདྲའི་སྒྱུ་རྩལ་ངོམ་འདུག།།
གཡུ་ཞལ་ནེའུ་གསིང་སྐྱེད་ཚལ་བསུང་ཞིམ་འཐུལ་དུས།།
བྱ་ཚོགས་སྐད་སྙན་གྲེ་འགྱུར་བཀུག་པའི་གླུ་ཆུང་།།
ཡ་གི་ལྷ་དང་བླ་མའི་མཛད་རྣམ་གླེང་བཞིན།།
འབུམ་འགྱུར་ཟླ་བ་འདི་ལ་དྲོད་ཅིག་བྱིན་སོང་།།
འབུམ་འགྱུར་ཟླ་བའི་སྲུང་བརྩི་ཞུ་ལུགས་སོམས་དང་།།
ལྷ་ཆོས་སྒྲུབ་ལོང་བྲལ་བའི་ལྷ་མི་ཀུན་ཀྱང་།།
ཕྱག་མཆོད་འཛེམ་བག་མེད་པར་ཉིན་མཚན་ཀུན་ཏུ།།
དུས་ཆེན་གསུམ་འཛོམས་འདི་ལ་བླ་སྲོག་ཕུལ་འདུག།།
དགེ་འདུན་འདུས་པ་རྒྱས་པའི་ལྷ་ཁང་ནང་དུ།།
གསེར་ཟངས་ཁྲ་ཡིས་བརྒྱན་པའི་སྣང་གསལ་ཚོམ་བུ།།
ཕྱོགས་ཀུན་སྣང་བ་མཆེད་དེ་སྒྲ་དབྱངས་རྒྱ་མཚོ།།
ཞི་བདེའི་སྣང་བ་འགག་མེད་ཡིད་ཁར་བསྐྱམས་སོང་།།
རིག་རིག་མིག་གིས་ཟིན་པའི་ས་ག་ཟླ་བ།།
ལྷང་ལྷང་རྣ་བར་སྙན་པའི་ས་ག་ཟླ་བ།།
ཡོད་ཚད་དགེ་ལ་སྐུལ་མཁན་ས་ག་ཟླ་བ།།
ཁྱེད་ལ་ཕུལ་བའི་སྙན་ཚིག་འཇིག་རྟེན་ལུད་སོང་།།
ཡིད་ཀྱི་མཚོ་མོར་སྐྱོམ་པའི་ཚོར་བའི་རླབས་སྒྲ།།
འཆར་ཡན་རྟོག་འགྱུ་གོག་པོ་སྨྱུག་རྩེར་སྤུངས་ན།།
ཤོག་བུ་སྣག་ཚ་རྫོགས་པའི་རྫོགས་ཚིག་བཀོད་ཀྱང་།།
འབུམ་འགྱུར་ཟླ་བའི་སྙན་ངག་རྫོགས་ཐབས་བྲལ་འདུག།།
ཚེས་ཆེན་བཅོ་ལྔའི་དུང་ཟླས་བསིལ་ངད་སྦྱིན་དུས།།
སྟོང་ཉིད་འདབ་ལོ་བཅུ་དྲུག་སྙིང་གར་བཞད་ནས།།
དམ་ཆོས་བདུད་རྩིའི་སྒོ་མོ་ཐོག་མར་ཕྱེ་བས།།
འབུམ་འགྱུར་ཟླ་བའི་བཀའ་དྲིན་འཁོར་ཐབས་མི་འདུག།།
རྟོག་གེའི་སྤམ་བཤད་ཚིག་གིས་སྒྲོ་བཏགས་མིན་ཏེ།།
སྙན་ངག་མཁས་པའི་རྒྱན་གྱིས་འཆིང་རྒྱའང་མེད་པར།།
འབུམ་འགྱུར་ཟླ་བའི་རང་བཞིན་ཅུང་ཟད་གླེང་བའི།།
དགེ་གང་མཆིས་པ་དེ་ཀུན་དོན་ཡོད་འགྱུར་ཤོག།།
༢༣/༠༥/༢༠༢༤
