ལྷ་མོ་དབྱངས་ཅན་མའི་རང་བཞིན་བརྗོད་པ་སྒྲ་ཡི་དངོས་གྲུབ་སྦྱོར་བའི་སྨོན་ཚིག

མཁན་པོ་ཚེ་དགའ་དབང་རྒྱལ། རྣམ་གྲོལ་གླིང་།

རིན་ཆེན་རྣམ་ལྔ་དབུ་ལ་བརྒྱན།།
དར་དང་གོས་ཆེན་སྐུ་ལ་གསོལ།།
ཕྱག་ན་ལྷ་ཡི་པི་ཝང་བསྣམས།།
ཆུ་སྐྱེས་པདྨའི་གདན་ལ་བཞུགས།།

གནག་སྣུམ་སྐྲ་ལོ་ལན་བུ་ཅན།།
མཁུར་ཚོས་དམར་ལ་བཀྲག་མདངས་རྒྱས།།
ཚེམས་ཕྲེང་དཀར་པོ་དུང་ལྟར་འཚེར།།
སྒེག་མོའི་ལང་ཚོའི་ཆ་ཀུན་རྫོགས།།

ཞལ་རས་ཟླ་བའི་དཀྱིལ་འཁོར་ལ།།
འཛུམ་མདངས་གེ་སར་སྦྲང་རྩི་རྒྱས།།
རི་དྭགས་མིག་ཅན་བའི་རྫི་མ།།
མཚར་སྡུག་ལང་ཚོའི་དཔལ་འབར་མ།།

བཅུ་དྲུག་ལང་ཚོ་སྨིན་ལེགས་མ།།
མིག་འཕྲུལ་ལྟ་བུའི་གཡོ་ལྡན་མ།།
འདོད་ལྡན་ཀུན་ཀྱི་ཡིད་འཕྲོག་མ།།
འགྲོ་ཀུན་དགའ་བའི་གཟུགས་ཅན་མ།།

སྙན་ངག་ཀུན་ཀྱི་མཛོད་འཆང་མ།།
གསུང་སྙན་འགྱུར་ཁུགས་སྟོང་ལྡན་མ།།
སྙན་ཚིག་འབུམ་གྱི་གཏེར་མཛོད་མ།།
སྒྲ་ཡི་ལྷ་མོ་མཆོག་བརྙེས་མ།།

རྣ་བར་འཇེབས་པའི་དབྱངས་ཅན་མ།།
མིག་དབང་འཕྲོག་པའི་མེ་ཏོག་མ།།
ཡིད་དགའ་སྟེར་བའི་རིག་ལྡན་མ།།
ཀུན་ལ་སྙན་པའི་ཚངས་དབྱངས་མ།།

རྒྱན་དང་ཆ་ལུགས་སྣ་ཚོགས་སྤྲས།།
སྙན་པའི་སྒྲ་དབྱངས་ལྷང་ལྷང་སྒྲོག།།
སྒྲ་ལ་ཆགས་པའི་སྐྱེ་འགྲོ་ལ།།
དགོས་འདོད་སྩོལ་བའི་ནོར་བུ་ལགས།།

ངག་གི་དངོས་གྲུབ་མཆོག་བརྙེས་མ།།
སྙན་ཚིག་འབུམ་གྱི་འབྱུང་ཁུངས་མ།།
དབྱངས་ལ་མོས་པའི་ལས་ཅན་ལ།།
དགོངས་བརྒྱུད་རྟོགས་པ་འཕོ་བར་མཛད།།

ལང་ཚོའི་མེ་ཏོག་ཕྱི་ནས་མཛེས།།
སྙིང་རྗེའི་སྒྲོན་མེ་ནང་ནས་འབར།།
མགྲིན་པའི་སྦུགས་ན་གླུ་དབྱངས་ཅན།།
ངག་གི་སྒྱུ་རྩལ་ཀུན་གསལ་མ།།

དུང་སེམས་ལྷ་མོ་མཆོད་པའི་ཡུལ།།
སྨྲ་བའི་མགྲིན་བཟང་བདག་ལ་སྩོལ།།
མི་ཟད་ངག་གི་གཏེར་སྒོ་ནས།།
འདོད་འཇོའི་སྙན་ཚིག་ཤར་ཤར་ཕོབ།།

ལོངས་སྤྱོད་རྫོགས་པའི་འཁོར་ལོ་ན།།
ཚངས་པའི་སྲས་མོ་རྟག་ཏུ་བཞུགས།།
མགྲིན་པའི་རྩ་མདུད་རབ་གྲོལ་ནས།།
གསུང་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ།།

འགྱུར་མེད་དད་སེམས་ཀུ་མུད་ལ།།
མཚོ་བྱུང་དགྱེས་པའི་འོད་ཟེར་ཕོག།།
མ་རིག་ལོ་འདབ་རབ་བསལ་ནས།།
མཁྱེན་གཉིས་སྦྲང་རྩི་ཅི་གར་འཇོ།།


དགེ་ལེགས་དབྱངས་ཀྱི་སྟོང་གཟུགས་མ།།
རང་སྣང་དག་པའི་དབྱིངས་ནས་བཞེངས།།
སྒྲ་ལ་དུང་བའི་འགྲོ་བ་ལ།།
སྙན་འགྱུར་ངག་གི་དངོས་གྲུབ་སྩོལ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།