ཡབ་རྗེ་བླ་མར་བསྟོད་པ་དྲི་ཟའི་གླུ།

ལོ་རིམ་གསུམ་པའི་སློབ་གཉེར་བ། བསྟན་འཛིན་རྒྱ་མཚོ།

ཟས་གཙང་སྲས་པོས་ཆོས་འཁོར་སྔོན་དུས་བསྐོར།།
དྲིན་གྱིས་གཞལ་མེད་ཁོང་ནི་ཉེར་གཅིག་དུས།།
དེ་ཙམ་ལས་མིན་འབྱེད་ཆོས་གསར་པ་ཞིག།།
ངལ་བས་བསྐལ་བརྒྱར་བརྟགས་ཀྱང་རྙེད་པར་དཀའ།།

དུས་ཀྱིས་བསུས་པའི་ཡར་ངོའི་ཟླ་བ་ཡིས།།
ཁྱེད་ཀྱི་གསེར་ཞལ་འཛུམ་པའི་མཛེས་སྡུག་ལ།།
སྙེམས་པར་མ་བྱེད་ངོ་མཚར་རྫིང་བུའི་ནང་།།
མཛེས་པའི་པད་དཀར་འདིས་ཀྱང་རྗེས་སུ་འགྲན།།

གཤོག་ཟུང་ལྷབ་ལྷབ་བསྐྱོད་དེ་ལྷ་ལམ་ངོས།།
འཕུར་བའི་ལྷ་བྱ་དཀར་མོས་འགྲོ་དྲུག་ལ།།
ཐར་ལམ་དམ་ཆོས་བདུད་རྩི་འགྱེད་ནུས་ན།།
བདག་གི་མགོན་སྐྱབས་དེ་དང་མཚུངས་པར་གྱུར།།

ཞོགས་པའི་ཉི་འོད་ཀྱིས་འཁྱུད་གངས་དཀར་ལ།།
ཐུན་མཚམས་གཞོན་ནུའི་དམར་སེར་འོད་མདངས་འཚེར།།
ཁྱེད་ལ་དད་སེམས་ཆེ་བའི་རྗེས་འཇུག་འགའ།།
ཐལ་མོ་དེ་ལ་སྦྱོར་བཞིན་ཁྱེད་མཇལ་སྨྲ།།

ཁྲི་མ་འབུམ་གྱི་ཚོགས་དབུས་སེང་ཁྲིའི་སྟེང་།།
སྔ་ཕྱི་ཚིག་དོན་ངག་ཚིག་འགལ་མེད་པར།།
ཚངས་པའི་དབྱངས་ཀྱིས་དམ་ཆོས་སྒྲོག་མཁས་པ།།
དྲིན་ཆེན་ཁྱེད་དམ་ཡང་ན་ཤཱཀྱའི་རྒྱལ།།

འཛམ་གླིང་ཤར་ནུབ་ཀུན་ལ་ཞབས་བཅགས་ཏེ།།
ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད།།
སྨྲ་མཁས་ཟས་གཙང་སྲས་བཞིན་རྗེ་བླ་མ།།
ལྷར་བཅས་སྐྱེ་དགུའི་གཙུག་ན་མངོན་པར་མཛེས།།

འདབ་བརྒྱ་པད་དཀར་ལྡེམ་ལྡེམ་དལ་གྱིས་གཡོ།།
ཆུ་འཛིན་དལ་བུས་འཁྱུད་འགྲོ་ཀུ་མུད་གཉེན།།
བྱམས་པའི་དགྱེས་འཛུམ་ཁེངས་པ་གང་གི་ཞལ།།
ཕན་ཚུན་རྣམ་པ་འགལ་ཡང་ཅིས་མི་མཚུངས།།

མཐའ་དང་བྲལ་བའི་སྟོང་གསལ་མཁའ་དབྱིངས་དང་།།
གཏིང་མཐའ་མི་མངོན་རྒྱ་མཚོའི་ཆུ་མཛོད་གཏེར།།
གང་གི་ཐུགས་ཀྱི་དཔེ་ཟླར་མི་འོས་པས།།
སྲིད་ན་དེར་མཚུངས་རང་ལས་གཞན་མི་སྣང་།།

ཤར་རིའི་རྩེ་ནས་ཉི་ཟླ་སྐར་གསུམ་གྱིས།།
ཅིག་ཅར་འོད་སྣང་ས་གཞིར་འགྱེད་པ་བཞིན།།
འཁོར་ལོ་གསུམ་གྱིས་དུས་འདའ་སྙིང་ནོར་ཁྱེད།།
འཇིག་རྟེན་རྨོངས་ཀུན་ཡང་དག་གསལ་བར་མཛད།།

ནམ་མཁའི་ནོར་བུས་ཀུ་མུད་འཛུམ་པ་དང་།།
ཟླ་བས་ཆུ་སྐྱེས་འདབ་མ་གྲོལ་བ་ནི།།
བྱུང་མིན་དེ་བཞིན་དྲིན་ཆེན་བླ་མ་དེས།།
བདག་ཅག་རྗེས་འཇུག་ཡལ་བར་འདོར་རམ་ཅི།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།