མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ།

རྩོམ་སྒྲིག་པ། མཁན་ཆེན་རང་ཉིད་སྐུ་ན་གཞོན་དུས་སུ་གཞུང་ཆེན་སློབ་གཉེར་ལ་ཇི་ལྟར་བརྩོན་ཚུལ་གྱི་བརྒྱུད་རིམ་ཞིག་གསུང་རོགས།

མཁན་ཆེན་རྣམ་གྲོལ། སྤྱིར་ང་ཚོ་མི་ཡི་ལུས་རྟེན་ཁྱད་པར་ཅན་ཐོབ་པ་འདི་ནི་དམ་པའི་ཆོས་བསྒྲུབ་པ་ལ་ལྷ་ཡི་ལུས་རྟེན་ལས་ཀྱང་ལྷག་ཚུལ་ཞིག་གསུངས་བཞག་ཡོད་རེད། དེ་ཙམ་དུ་མ་ཟད་པར་སྤྱིར་གསང་སྔགས་ཀྱི་ཆོས། ཁྱད་པར་དུ་ཡང་རྫོགས་པ་ཆེན་པོའི་ཆོས་བསྒྲུབ་པའི་ལུས་རྟེན་དེ་ལ་རིགས་ཁྱད་པར་ཅན་ཞིག་དགོས་ཚུལ་ཡང་གསུངས་བཞག་འདུག རིགས་ཁྱད་པར་ཅན་ཟེར་བ་དེ། རྒྱལ་པོ་ཡི་རིགས་དང་། བྲམ་ཟེའི་རིགས་དང་། དེ་བཞིན་དུ་རྗེ་བོའི་རིགས་ཆེན་པོ། དེ་འདྲའི་རིགས་ཁྱད་པར་ཅན་གྱི་མི་རྣམས་ལ་གསང་སྔགས་ངེས་དོན་ཟབ་མོ་བསྟན་པར་གསུངས་བཞག་ཡོད་རེད། དེ་ཡིན་དུས། ད་ང་རང་ཚོ་ཐེག་པ་ཐུན་མོང་ལྟར་བྱས་ན་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་པ་ལ། རིགས་དང་རུས་ཀྱི་སྒོ་ནས་ཁྱད་པར་བཤད་ཀྱི་ཡོད་མ་རེད། ཡིན་ཡང་ངས་ད་ལྟ་གོང་དུ་ཞུས་མ་ཐག་པ་ནང་བཞིན་སྤྱིར་གསང་སྔགས་བླ་མེད་དང་། ཁྱད་པར་རྫོགས་པ་ཆེན་པོའི་དབང་དུ་བཏང་ཡོང་དུས་རིགས་ཀྱི་ཁྱད་པར་ཞིག་བཤད་ཀྱི་ཡོད་རེད། རིགས་ཁྱད་པར་ཅན་དེ་རྣམས་ལ་ཐད་ཀར་དུ་བླ་མེད་ཀྱི་རྒྱུད་དང་རྫོགས་པ་ཆེན་པོའི་རྒྱུད་བསྟན་དུ་རུང་གི་ཡོད་ཚུལ་གསུངས་བཞག་ཡོད་རེད། དེ་འདྲའི་ཁྱད་པར་ཅན་གྱི་རིགས་མ་ཡིན་མཁན་དེ་ཚོ་ལ་རྫོགས་པ་ཆེན་པོའི་ཆོས་བསྟན་དུ་རུང་དང་མི་རུང་། ལུས་དང་ངག་ལ་སོགས་པའི་སྤྱོད་ལམ་ལ་བརྟེན་ནས་མཚན་ཉིད་ཚང་དང་མི་ཚང་བརྟག་དཔྱད་སྔོན་དུ་བཏང་སྟེ། མཚན་ཉིད་ཚང་བ་ལ་བསྟན་རུང་ཚུལ་དང་མཚན་ཉིད་དང་མ་ལྡན་ན་བསྟན་མི་རུང་བའི་ཚུལ་དེ་འདྲ་གསུངས་བཞག་ཡོད་རེད།

ད་ང་རང་གི་ངོས་ནས་བསམ་མནོ་བཏང་སྟེ་ཞུས་ན། ང་ཡི་རིགས་ས་མར་རྔུ་ཡི་རྒྱུད་པ་ཟེར་གྱི་ཡོད་རེད། རྔུ་ཡི་རྒྱུད་པ་དེ་ལོ་རྒྱུས་ནང་ལ་བལྟས་ཡོང་དུས་སྡེ་དགེ་ཆོས་རྒྱལ་གྱི་གདུང་རྒྱུད་ཆགས་ཡོད་རེད། དེ་ཡང་ཡར་དེད་ན་མགར་སྟོང་བཙན་གྱི་རྒྱུད་པ་ཡིན་གསུངས་བཞག་ཡོད་རེད། མགར་སྟོང་བཙན་གྱི་རྒྱུད་པ་དེ་ཡང་ལོ་རྒྱུས་ནང་ལ་བལྟས་ཡོང་དུས་འོད་གསལ་ལྷ་ལས་མར་མཆེད་པའི་རིགས་ཤིག་ཡིན་ཚུལ་གསུངས་བཞག་ཡོད་རེད། དེ་འདྲ་ཡིན་དུས་རིགས་ཀྱི་སྒོ་ནས་ཀྱང་རྫོགས་པ་ཆེན་པོའི་ཆོས་བསྒྲུབ་པའི་རྟེན་དུ་རུང་བ་ཅན་ཞིག་ཡིན་སེམས་ཀྱི་ཡོད། དཔེར་ན་དེང་སང་གྲགས་ཆེ་བ་འཁོན་གྱི་གདུང་རྒྱུད་དང་། དེ་བཞིན་དུ་མྱོས་ཀྱི་གདུང་རྒྱུད་སོགས་གདུང་རྒྱུད་ཁྱད་པར་ཅན་དུ་རྩི་ཡི་ཡོད་རེད། རིགས་ཀྱི་སྒོ་ནས་ཁྱད་པར་རྩི་ཚུལ་ང་རང་ཚོར་ཡོངས་གྲགས་ཡོད་བསྡད་རེད།

ང་རང་ལོ་བཅུ་གསུམ་ཡར་མར་ནས་ཕ་དང་ཁུ་བོ་ཚོ་ཚེ་དུས་ལས་ཡོལ་སོང་བ་རེད། དེའི་རྐྱེན་བྱས་ནས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་ཐོག་མར་སྐྱབས་འགྲོའི་སྡོམ་པ་དང་འབྲེལ་ཏེ་སྐྲ་ཕུད་ཕུལ། དེའི་སྐབས་སུ་ཆོས་མིང་དུ་ཐུབ་བསྟན་པདྨ་སེངྒེ་ཟེར་བའི་མིང་ཞིག་༸སྐྱབས་རྗེ་རིན་པོ་ཆེས་གནང་ཡོད་རེད། དེ་ནས་བཟུང་ཐོག་མར་༸སྐྱབས་རྗེ་རིན་པོ་ཆེ་ནས་ཡི་གེ་འབྲི་ཀློག་སློབ་དུས་ཀར་གླིང་ཞི་ཁྲོའི་ཆོས་སྤྱོད་དེའི་ནང་ལ་གསུངས་པའི་བློ་ལྡོག་རྣམ་བཞི་ཆ་ཚང་འགྲེལ་བཤད་གནང་བའི་སྒོ་ནས་ཧ་ལམ་ལོ་ངོ་གཅིག་ཙམ་ལ་༸སྐྱབས་རྗེ་རིན་པོ་ཆེས་ཀློག་སློབ་པའི་དགེ་རྒན་གྱི་བཀའ་དྲིན་བསྐྱངས་སོང་། དེའི་རྗེས་སུ་དཔལ་ཡུལ་བླ་མ་བསོད་ནམས་བསྟན་འཛིན་གྱིས་ང་ལ་ཀློག་སློབ་པའི་དགེ་རྒན་གྱི་འགན་ཁུར་ནས་ལོ་གསུམ་ཡན་མན་ལ་ཡི་གེ་བཀླག་རྒྱུ་དང་། དེ་ག་ནང་བཞིན་དཔལ་ཡུལ་བའི་ལུགས་ལྟར་དུ་ཆོ་ག་ཕྱག་ལེན་སྦྱོང་བ་དེ་འདྲ་བྱས་ཡིན། དེ་ནས་ཧ་ལམ་རང་ལོ་བཅུ་དྲུག་ལོན་དུས་༸སྐྱབས་རྗེ་རིན་པོ་ཆེས་དཔལ་སྤྲུལ་རིན་པོ་ཆེ་ཡིས་གསུངས་པའི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་གསུང་དུས་ང་ཚོ་སློབ་མ་ཉི་ཤུ་ཙམ་ཡོད་རེད། ཐོག་མར་བློ་ལྡོག་རྣམ་བཞིའི་བློ་སྦྱོང་ནས་བཟུང་སྟེ་སྐྱབས་འགྲོ་དང་འབྲེལ་བའི་སྒོ་ནས་ཕྱག་འབུམ། དེ་བཞིན་དུ་སེམས་བསྐྱེད་ཀྱི་བློ་སྦྱོང་། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་འབུམ་ཐེར་སྒོམ་བཟླས། དེ་ནས་ཚོགས་གསོག་པའི་ཐབས་མཎྜལ་འབུམ་ཐེར། མཎྜལ་དང་འབྲེལ་ནས་ཀུ་སུ་ལུའི་ཚོགས་གསོག་སྐབས་གཅོད་ཡུལ་མཁའ་འགྲོ་གད་རྒྱངས་སྒོ་ནས་ཉིན་ལྟར་གཅོད་ཉམས་ལེན་དང་། དེ་ནས་བླ་མའི་རྣལ་འབྱོར་བཅས་ཧ་ལམ་ཟླ་བ་དྲུག་ཙམ་གྱི་རིང་ལ་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་བློ་སྦྱོང་། དེ་བཞིན་དུ་ཐུན་མིན་ནང་གི་སྔོན་འགྲོའི་བསགས་སྦྱང་བཅས་དེང་སང་བལྟས་ཡོང་དུས་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཅན་ཞིག་ཐོབ་མྱོང་།

དེའི་སྐབས་ཙམ་ལ་མཁན་རིན་པོ་ཆེ་པདྨ་ཤེས་རབ་དགོན་པའི་གྲྭ་ཆུང་ཚོར་ཐུན་མོང་གི་རིག་གནས་དང་། གཞུང་ཕྱག་དཔེ་སློབ་མཁན་ཆེད་དུ་༸སྐྱབས་རྗེ་རིན་པོ་ཆེས་གདན་འདྲེན་ཞུས་རེད། ཁོང་གི་མདུན་ནས་སུམ་ཅུ་པ་དང་། རྟགས་འཇུག སྐྱབས་འགྲོའི་བསླབ་བྱ། དེ་ག་ནང་བཞིན་མཁན་པོ་ཀུན་དཔལ་གྱི་ངེས་ཤེས་སྒྲོན་མེའི་འགྲེལ་པ་བཅས་ཀྱི་བཀའ་ཁྲིད་ཐོབ་མྱོང་། དེ་བཞིན་སྨྱོ་ཤུལ་མཁན་རིན་པོ་ཆེ་ཡང་རྣམ་གྲོལ་གླིང་དགོན་པ་ལ་ཕེབས་སོང་། སྨྱོ་ཤུལ་མཁན་རིན་པོ་ཆེའི་མདུན་ནས་ཀྱང་ཁྱད་པར་འཕགས་བསྟོད། རྒྱལ་སྲས་ལག་ལེན་སོ་བདུན་མ། སྟོང་ཐུན་ཆེན་མོ་སེངྒེའི་ང་རོ་བཅས་ཀྱི་དཔེ་ཁྲིད་ཐོབ། དེ་ནས་ས་སྐྱའི་མཁན་པོ་མཁས་གྲུབ་རིན་པོ་ཆེ་ཁོང་ཡང་རྣམ་གྲོལ་གླིང་དགོན་པར་ཕེབས་ནས་ཕལ་ཆེར་ལོ་གསུམ་ཡར་མར་ཙམ་བཞུགས་ཡོད་རེད། ཁོང་ནི་གཞན་དགའི་དངོས་སློབ་ས་སྐྱའི་མཁན་ཆེན་དབོན་སྟོད་མཁྱེན་རབ་ཀྱི་སློབ་མ་རེད། ཁོང་གི་མདུན་ནས་མི་ཕམ་གསུང་དབུ་མ་རྒྱན་འགྲེལ་དང་། མི་ཕམ་བཀའ་འབུམ་ནང་བཞུགས་པའི་མངོན་པའི་འགྲེལ་པ་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ནང་བཞུགས་པའི་གྲུབ་མཐའ་བསྡུས་པ་བཅས་ཐོབ། དེ་ནས་དབྱར་གནས་ཤིག་གི་རིང་མཁན་རིན་པོ་ཆེ་མཁས་གྲུབ་མདུན་ནས་དབུ་མ་ལ་འཇུག་པའི་རྩ་བའི་མཆན་འགྲེལ་སྤྱིར་བཏང་ལན་གཅིག་དང་། སེམས་བསྐྱེད་དྲུག་པ་ལན་གཉིས་ཞུས་ཡིན། སེམས་བསྐྱེད་དྲུག་པ་ཞུ་བའི་སྐབས་སུ་སོ་སོའི་ངོས་ནས་ཀྱང་དབུ་མའི་ལྟ་བ་སྟོང་ཉིད་སྤྲོས་བྲལ་ལ་གཏིང་ནས་མོས་འདུན་ཆེན་པོ་ཞིག་སྐྱེས་སོང་། དེ་དང་མཚུངས་པར་རྨི་ལམ་གྱི་རྟགས་མཚན་ཡ་མཚན་པོ་ཞིག་རྨིས་མྱོང་། རྨི་ལམ་གྱི་རྟགས་མཚན་དེ་ཚོ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ལ་ཞུ་དུས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་སྤྱིར་བཏང་བླ་མ་བླ་ཆེན་ཞིག་ཡིན་ན་ནི། མཛད་པ་ཕྲིན་ལས་རྒྱ་ཆེན་པོ་འབྱུང་བའི་རྟགས་རེད། ཁྱོད་ལ་ག་རེ་ཡིན་མིན་ཧ་མི་གོ་ཞེས་དེ་འདྲའི་ལན་ཞིག་གསུངས་གནང་སོང་།

དེ་ནས་དབྱར་གནས་སྐབས་གཞན་ཞིག་ཏུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་མཁན་པོ་གནང་སྟེ་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ལ་ཡིད་བཞིན་རིན་པོ་ཆེའི་མཛོད་འཆད་ཁྲིད་རྒྱས་པ་ཞིག་གསུངས་པ་ཞུ་རྒྱུའི་གོ་སྐབས་ཐོབ། ད་རུང་ཡང་སོ་སོའི་ངོས་ནས་ཐུན་མོང་གི་གཞུང་ཆེན་ཁག་དང་། ཐུན་མོང་མ་ཡིན་པའི་རྒྱུད་རྒྱལ་གསང་བ་སྙིང་པོ། རྫོགས་ཆེན་གྱི་གཞུང་དེ་འདྲ་སྦྱང་རྒྱུའི་མོས་པ་ཧ་ཅང་ཤུགས་ཆེན་པོ་ཡོད། དེ་ཡོད་པ་ལྟར་དུ་སྨྱོ་ཤུལ་མཁན་རིན་པོ་ཆེས་ང་ཚོ་ལ་ཁྱད་པར་འཕགས་བསྟོད་གསུང་བའི་སྐབས་སུ་མོས་པ་ཡོད་ཚུལ་དེ་འདྲ་ཞུས་མྱོང་། སྨྱོ་ཤུལ་མཁན་རིན་པོ་ཆེས་ད་ལྟ་ཁྱོད་རང་མདོ་ཡི་ཕྱོགས་དེ་ཚོ་སློབ་སྦྱོང་གང་ཐུབ་ཐུབ་བྱེད་ཐུབ་པ་བྱོས་དང་། མ་འོངས་པ་ན་གསང་བ་སྙིང་པོའི་རྒྱུད་དེ་ཚོ་ཁོང་གིས་གསུང་རོགས་བྱེད་ཆོག་གསུངས་ནས་དེ་འདྲའི་ཞལ་བཞེས་གནང་སོང་སྟེ་རྗེས་སུ་གསང་སྙིང་ཞུ་རྒྱུའི་དུས་ཚོད་སྐབས་སྨྱོ་ཤུལ་མཁན་རིན་པོ་ཆེ་བསྙུངས་ནས་ཁོང་གི་སྐུ་མདུན་ནས་ཐོབ་ཐུབ་མ་སོང་།

དེ་ནས་སྨྱོ་ཤུལ་མཁན་རིན་པོ་ཆེ་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ཁོང་རྣམ་པ་གཉིས་ཀྱིས་ཐུན་མོང་བཀའ་བསྡུར་གནང་སྟེ། ང་ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོའི་མདུན་དུ་དཔེ་ཆ་སྦྱོང་བའི་ཆེད་བཏང་གནང་བ་ལྟར་བལ་ཡུལ་ལ་ཕྱིན་ཡིན། དེ་དུས་ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ་བལ་ཡུལ་པོ་ཁ་རཱ་རུ་བཞུགས་འདུག ཁོང་གི་སྐུ་མདུན་དུ་གཅར་དུས་ཁོང་དགུང་ལོ་མཐོ་ནས་ཁྱོད་ལ་གཞུང་གི་བཤད་པ་འདྲ་པོ་གང་ཡང་གནང་ཐུབ་ས་མ་རེད། ཁྱེད་རང་གིས་ཝཱ་རཱ་ཎ་སཱི་འདྲ་པོ་དང་གང་ནས་ཡིན་ནའང་མཁན་པོ་གཞན་པའི་མདུན་ནས་ཐོབ་ཐུབ་པ་ཞིག་བྱས་ན་དགའ་ས་རེད། ཁྱོད་ལ་སྨོན་ལམ་བཟང་པོ་ཞིག་འདེབས་པ་མ་གཏོགས་པའི་གཞུང་འཆད་ཁྲིད་འདྲ་པོ་གང་ཡང་གནང་ཐུབ་ས་མ་རེད་གསུངས་སོང་། རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་གི་འབྲས་བུ་ཁ་ཤས་གནང་ནས་འབྲས་བུ་འདི་ཆུ་ཚ་པོའི་ནང་ལ་སྦངས་ཏེ་ཁུ་བ་དེ་བཏུངས་ན་ཤེས་རབ་རྒྱས་པའི་ཕན་ཐོགས་ཆེན་པོ་ཡོད་ཚུལ་གསུངས་ནས་སྨོན་ལམ་བཟང་པོ་ཞིག་འདེབས་པ་མ་གཏོགས་ཁྱོད་ལ་དཔེ་ཁྲིད་ཀྱི་ཕན་གང་ཡང་འདོགས་ཐུབ་ས་མ་རེད་གསུངས་ནས་ཞལ་བཞེས་ཐོབ་མ་སོང་ལ། དེའི་ཕྱི་ལོ་དེར་ཁུ་ནུ་རིན་པོ་ཆེའང་དགོངས་པ་རྫོགས་སོང་།

དེའི་རྗེས་སུ་རྡོ་རྗེ་གླིང་བཀའ་འགྱུར་རིན་པོ་ཆེའི་དགོན་པའི་ནང་དུ་མཁན་རིན་པོ་ཆེ་དཔལ་ལྡན་ཤེས་རབ་བཞུགས་འདུག ཁོང་གི་མདུན་དུ་ཧ་ལམ་ཟླ་བ་གཅིག་ལྷག་གི་རིང་དབུ་མ་རིགས་ཚོགས་ལྔ་གཞན་དགའི་མཆན་འགྲེལ་གྱི་སྟེང་ནས་ཞུ་རྒྱུའི་གོ་སྐབས་ཐོབ་སོང་། དེའི་རྗེས་སུ་༸སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་ལྟར་དུ་འབྲས་ལྗོངས་ལ་ཕྱིན་ཡིན། འབྲས་ལྗོངས་སྔ་འགྱུར་གྱི་བཤད་གྲྭའི་ལས་ཐོག་མཁན་པོ། མཁན་རིན་པོ་ཆེ་བརྩོན་འགྲུས་མཆོག་གིས་གནང་བསྡད་ཡོད་རེད། ཁོང་ནི་གཞན་དགའི་དངོས་སློབ་རྫོགས་ཆེན་མཁན་པོ་པདྨ་ཚེ་དབང་དང་། མཁན་པོ་ངག་དབང་ནོར་བུ། མཁན་པོ་ལྷ་སྒང་སོགས་ཀྱི་དངོས་སློབ་རེད། ཁོང་གི་སྐུ་མདུན་ལ་གཅར་དུ་ཕྱིན་པས་བོད་ཟླ་དྲུག་པའི་ཚེས་བཞི་ཡི་ཉིན་མོར་འབྲས་ལྗོངས་བཤད་གྲྭ་རུ་མཁན་རིན་པོ་ཆེ་བརྩོན་འགྲུས་མཆོག་མཇལ་སོང་། ཁོང་གིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་ལོ་ངོ་ལྔ་ཙམ་དགེ་བའི་བཤེས་གཉེན་བསྟེན་པའི་གོ་སྐབས་ཐོབ། ཁོང་གི་མདུན་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དོན་བདུན་ཅུ་ཉིད་ཀྱིས་མཛད་པ་དང་། སྨིན་གླིང་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ཤེར་ཕྱིན་སྤྱི་དོན་བདུད་རྩི་ཉིང་ཁུ་དེ་སྤྱིར་བཤད་རྒྱུན་ཆད་ཟིན་ནའང་རང་ལུགས་ཀྱི་ཡིག་ཆ་ཚད་ལྡན་ཞིག་ཡིན་དུས་འཆད་ཉན་གྱི་སྒོ་ནས་རྒྱུན་སྐྱོང་དགོས་གསུངས་ཏེ་འཆད་ཁྲིད་རྒྱས་པར་གནང་སོང་། དེ་བཞིན་དོན་གསལ་མཆན་འགྲེལ་དང་། དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཤེར་ཕྱིན་གྱི་སྤྱི་དོན། ཤེར་ཕྱིན་གྱི་འབྲུ་འགྲེལ། ཤེར་ཕྱིན་གྱི་དགེ་འདུན་ཉི་ཤུའི་ཟུར་བཀོལ། ཤེར་ཕྱིན་གྱི་སྒོམ་རིམ་དང་བཅས་པ་ཆ་ཚང་ཞིག་ལོ་གཅིག་ལྷག་ཙམ་གྱི་རིང་ཞུ་རྒྱུའི་གོ་སྐབས་ཐོབ། དེ་བཞིན་དུ་ཆོས་ཉིད་རྣམ་འབྱེད་དང་དབུས་མཐའ་རྣམ་འབྱེད་གཞན་དགའི་མཆན་འགྲེལ་དང་མི་ཕམ་རིན་པོ་ཆེའི་འགྲེལ་པ་གཉིས་ཀའི་སྟེང་ནས་ཐོབ། རྒྱུད་བླ་མ་གཞན་དགའི་མཆན་འགྲེལ་གྱི་ཐོག་ནས་ཐོབ། དེ་དང་མཉམ་དུ་མི་ཕམ་རིན་པོ་ཆེའི་སྟོང་ཐུན་སེངྒེའི་ང་རོ་ཡང་ཞུ་རྒྱུའི་གོ་སྐབས་ཐོབ། དེ་ནས་སྤྱོད་འཇུག་མཆན་འགྲེལ་དང་། སྤྱོད་འཇུག་གི་བསྒོམ་རིམ། ཤེར་འགྲེལ་ཀེ་ཏ་ཀ།བརྒལ་ལན་ཉིན་སྣང་། དམ་ཆོས་དོགས་སེལ་བཅས་ཀྱི་འཆད་ཁྲིད་དུས་ཡུན་རིང་པོའི་བར་དུ་ཐོབ། མཁན་པོ་ཀུན་དཔལ་གྱི་སྤྱོད་འཇུག་འགྲེལ་ཆེན་དེ་ཧ་ལམ་ལོ་ངོ་གཅིག་གི་ཡུན་དུ་གསུངས་པ་ཡང་ཐོབ། དེ་བཞིན་དུ་གསང་བ་སྙིང་པོའི་སྤྱི་དོན་མཛོད་ཀྱི་ལྡེ་མིག་གི་འཆད་ཁྲིད། རང་གྲོལ་སྐོར་གསུམ་གྱི་འཆད་ཁྲིད། ཞར་དུ་སི་ཏུའི་སུམ་རྟགས་འགྲེལ་ཆེན། སྙན་ངག་ལེའུ་བར་པ་དེ་ཚོ་ཡང་ཐོབ། མི་ཕམ་རིན་པོ་ཆེས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་ཆེན་ལེའུ་དང་པོ་རྒྱས་བཤད་དང་ལྷག་མ་ཁྲིད་ལུང་བྱས་ནས་ཐོབ།

དེ་ནས་གཙོ་བོ་ཞིག་ལ་ང་འབྲས་ལྗོངས་བཤད་གྲྭར་མཁན་རིན་པོ་ཆེ་བརྩོན་འགྲུས་སྐུ་མདུན་ནས་ཕྱག་དཔེ་ཞུ་དུས་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་མདུན་ནས་མན་ངག་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་མྱོང་ཁྲིད་དུས་ཡུན་རིང་པོའི་བར་དུ་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་སོང་། དེ་བཞིན་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་མདུན་ནས་སྙིང་ཐིག་རྩ་པོད་ཀྱི་དབང་ལུང་། འཇའ་ཚོན་གཏེར་ཆོས་ཀྱི་དབང་། ཁྲིད་ཡིག་ཡེ་ཤེས་བླ་མ་དང་། ཚིག་གསུམ་གནད་བརྡེག་གི་ཁྲིད་ལུང་བཅས་ཀྱི་བཀའ་དྲིན་བསམ་བརྗོད་ལས་འདས་པ་ཞིག་ཐོབ།

དེ་རྗེས་སྤྱི་ལོ་ ༡༩༧༨ ལོ་ལ་མཁན་རིན་པོ་ཆེ་བརྩོན་འགྲུས་མཻ་སོར་རྣམ་གྲོལ་གླིང་དུ་ཕེབས་ནས་བཤད་གྲྭ་ཐོག་མར་འགོ་འཛུགས་གནང་བའི་སྐབས་སུ་ལོ་གཅིག་གི་རིང་སྤྱོད་འཇུག་མཆན་འགྲེལ། སྡོམ་གསུམ་འགྲེལ་པ་མཁན་པོ་ཡོན་དགའི་གསུང་། དེ་བཞིན་དུ་སུམ་ཅུ་པ་དང་། རྟགས་འཇུག རྟགས་རིགས་བཅས་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད། མཁན་རིན་པོ་ཆེ་བརྩོན་འགྲུས་ལྟ་བུ་ལ་མཚོན་ན་ཆོས་ཕྱོགས་ཀྱི་ངོས་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད་པ་ཙམ་མ་ཟད། འཇིག་རྟེན་གྱི་ངོས་ནས་ལྟོ་གོས་ཆོས་གསུམ་གྱི་བཀའ་དྲིན་དང་། འཕྲལ་ཕུགས་གཉིས་ཀྱི་ལམ་སྟོན་ཆ་ཚང་བ་ཞིག་ཐོབ་ས་ཡིན་དུས་བརྗེད་དུ་མེད་པའི་བཀའ་དྲིན་ཅན་ཞིག་ཆགས་བསྡད་ཡོད།

དེ་རྗེས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ནས་གནམ་ཆོས་སྔོན་འགྲོ་དང་རྩ་རླུང་གི་ཁྲིད་དང་འཕྲུལ་འཁོར་གྱི་རིགས་མཐའ་དག་༸སྐྱབས་རྗེ་རིན་པོ་ཆེ་རང་གིས་བརྒྱབས་གནང་སྟེ་མིག་མཐོང་ལག་ཁྲིད་ཀྱི་ཚུལ་དུ་འཕྲུལ་འཁོར་སྦྱང་རྒྱུའི་གོ་སྐབས་ཐོབ། དེ་བཞིན་དཔལ་ཡུལ་ལུགས་ལྟར་བྱས་པའི་ཐོད་རྒལ་གྱི་ཁྲིད་དང་། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་མཛད་པའི་ཁྲིད་འགྲེལ་ཆེན་མོའི་ཁྲིད་ལུང་ཐོབ། བོད་ན་བཀའ་བསྟན་གྱི་ལུང་རྒྱུན་ཇི་ཡོད་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ལ་བཞུགས་པས་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་འཆད་ལུང་དང་། མཁན་ཆེན་ནུས་ལྡན་གྱིས་མཛད་པའི་འདུས་མདོའི་འགྲེལ་ཆེན་གྱི་ཁྲིད་ལུང་ཐོབ། མ་ཟད་བཀའ་གཏེར་གྱི་སྨིན་བྱེད་དབང་དང་རྒྱབ་རྟེན་གྱི་ལུང་རིགས་ཕོན་ཆེན་པོ་ཞུ་བའི་གོ་སྐབས་ཐོབ་པས། ༸སྐྱབས་རྗེ་རིན་པོ་ཆེས་ངས་ཞུས་མ་ཐག་པ་ནང་བཞིན་ང་རང་ཆུང་དུས་ནས་བཟུང་སྟེ་བདག་གིར་བཟུང་། ཆོས་དང་འཇིག་རྟེན་གཉིས་ཀའི་འཚོ་སྐྱོང་དང་། འཕྲལ་ཕུགས་གཉིས་ཀའི་ལམ་སྟོན་གྱི་འོག་ནས་༸སྐྱབས་རྗེ་རིན་པོ་ཆེ་ཞིང་གཞན་དུ་མ་གཤེགས་བར་བསྐྱངས་པའི་བཀའ་དྲིན་དེ་སྐྱེ་བ་ནས་ཚེ་རབས་བར་བརྗེད་དུ་མེད་པ་དེ་འདྲ་ཅན་ཞིག་ཐོབ་ཡོད།

གཞན་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གྲོལ་གླིང་དུ་ལན་གསུམ་ཕེབས་གནང་ཡོད། ཐེངས་དང་པོ། སྤྱི་ལོ་ ༡༩༨༠ ལོར་ཕེབས་པའི་སྐབས་སུ། སྙིང་ཐིག་ཡ་བཞི། རྩ་པོད། མཛོད་བདུན། ངལ་གསོ་སྐོར་གསུམ་བཅས་ཀྱི་དབང་དང་ཁྲིད་ལུང་བཅས་ཐོབ་པ་དང་། དེའི་སྐབས་སུ་༸སྐྱབས་རྗེ་པད་ནོར་རིན་པོ་ཆེའི་ཐུགས་བཞེད་ལྟར་དུ་སློབ་མ་ཉུང་ཤས་ཤིག་ལ་དཔལ་སྤྲུལ་རིན་པོ་ཆེའི་གསུང་།

ཚིག་གསུམ་གནད་བརྡེག་དང་། རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་ཁྲིད་ཡིག་ཧ་ལམ་ཟླ་བ་ཡར་མར་ཙམ་གསུངས་སོང་། དེ་གསུང་དུས་དེའི་མཉམ་དུ་ངོས་ནས་ཀྱང་ཞུ་རྒྱུའི་སྐལ་བཟང་ཐོབ། སྐབས་དེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་འདས་མཆོད་དང་བསྟུན་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་ཕྲན་ལ་མཁན་པོའི་མངའ་གསོལ་མཚོན་བྱེད་མཁན་ཞྭ་དང་ཆོས་གོས་པེ་ར་དང་འབྲེལ། འཇམ་དབྱངས་དགྱེས་པའི་བློ་ལྡན། ཞེས་མཚན་གྱི་ཅོད་པན་གནང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སོགས་སྐབས་དེར་དབང་ལུང་གསན་མཁན་གྱི་བླ་ཆེན་དང་མཁན་སྤྲུལ་དུ་མས་མགུལ་དར་གནང་བ་སོགས་ཀྱིས་རྟེན་འབྲེལ་ཆོས་ཕྱོགས་སུ་བསྒྲིགས།

ཐེངས་གཉིས་པ་སྤྱི་ལོ་ ༡༩༨༣ ལོར་རྙིང་མ་བཀའ་མའི་དབང་དང་ལུང་གསུང་སྐབས་གསང་བ་སྙིང་པོའི་རྒྱུད་འགྲེལ་གསང་བདག་དགོངས་རྒྱན་ཧ་ལམ་ཟླ་བ་གཅིག་གི་རིང་འཆད་ཁྲིད་གནང་བ་དེ་ཡང་ཐོབ། ཐེངས་གསུམ་པ་སྤྱི་ལོ་ ༡༩༨༧ ལོར་ཕེབས་སྐབས་མི་ཕམ་བཀའ་འབུམ། དཔལ་སྤྲུལ་བཀའ་འབུམ། ཀློང་ཆེན་པའི་གསུང་ཐོར་བུ། རོང་ཟོམ་གསུང་ཕྱག་དཔེ་ཇི་ཡོད་ཀྱི་ལུང་གསུངས་པ་ཆ་ཚང་ཐོབ།

སྤྱི་ལོ་ ༡༩༨༨ ལོར་ངོས་ནས་གསང་བ་སྙིང་པོའི་འཆད་པ་རྒྱས་པ་ཞིག་ཐོབ་ཐུབ་པའི་རེ་བ་བརྒྱབས་ནས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་སློབ་དང་འགྲོ་གྲོན་ལ་བརྟེན་ཏེ་གསེར་རྟ་བླ་རུང་སྒར་ལ་༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་མདུན་དུ་བཅར། ༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་རྒྱུད་རྒྱལ་གསང་བ་སྙིང་པོའི་ཉེ་རྒྱུད་ཀྱི་དབང་སྔོན་དུ་བཏང་སྟེ། མི་ཕམ་རིན་པོ་ཆེས་མཛད་པའི་གསང་བ་སྙིང་པོའི་སྤྱི་དོན། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ། རྡོ་གྲུབ་བསྟན་པའི་ཉི་མས་མཛད་པའི་སྤྱི་དོན་མཛོད་ཀྱི་ལྡེའུ་མིག མི་ཕམ་གསུང་བཀའ་བརྒྱད་རྣམ་བཤད་བཅས་ཀྱི་འཆད་ཁྲིད་རྒྱས་པར་ཐོབ། དེ་བཞིན་དུ་༸སྐྱབས་རྗེ་མཁན་རིན་པོ་ཆེ་རང་ཉིད་ཀྱི་དག་སྣང་ཆོས་སྐོར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་ཁྲིད། ལྕེ་བཙུན་སྙིང་ཐིག་གི་དབང་། འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་ཁྲིད། དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཚིག་གསུམ་གནད་བརྡེག འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་སེམས་ངོ་མཛུབ་བཙུགས་སོགས། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་བཀའ་ཆོས་རྒྱ་ཆེན་པོ་ཞིག་ཐོབ་སོང་། དེ་དང་དུས་མཚུངས་བླ་རུང་སྒར་གྱི་མཁན་པོ་སྒེག་རྡོར་མདུན་ནས་གཏེར་སྟོན་ལས་རབ་གླིང་པས་མཛད་པའི་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཡིག་དེ་ཐོབ། གནུབས་ཟུར་མཁན་པོ་འཇིགས་དབང་མདུན་ནས་འདུལ་བ་མེ་ཏོག་ཕྲེང་རྒྱུད། མདོ་རྩའི་འགྲེལ་པ་མཚོ་ཆེན། མངོན་པའི་འགྲེལ་པ་མཆིམས་ཆེན་བཅས་ཀྱི་ཁྲིད་ལུང་ཐོབ། སྤྱི་ལོ་ ༡༩༩༠ ལོར་༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཻ་སོར་རྣམ་གྲོལ་གླིང་དུ་ཕེབས་སྐབས། བླ་མ་ཡང་ཏིག་གི་དབང་དང་། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་སོགས་ཀྱི་འཆད་པ་ཞིབ་ཕྲའི་ཚུལ་དུ་ཞུ་རྒྱུའི་གོ་སྐབས་ཐོབ།

སྤྱི་ལོ་ ༡༩༩༢ ལོར་ཡང་བླ་རུང་སྒར་དུ་བཅར་ཏེ་༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་མདུན་ནས་རྫོགས་པ་ཆེན་པོ་ཚིག་དོན་རིན་པོ་ཆེའི་མཛོད་ཀྱི་འཆད་ཁྲིད་རྒྱས་པ་ཞིག་ཐོབ། དེ་དང་དུས་མཚུངས་མཁན་རིན་པོ་ཆེའི་ལྕམ་སྲིང་མ་ཨ་ནེ་མེ་སྒྲོན་དང་། ངའི་རོགས་པ་བླ་མ་དངོས་གྲུབ་རྡོ་རྗེ་ངོས་རང་བཅས་གསུམ་ལ་དམིགས་བསལ་དུ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་སྔོན་གྱི་རིག་འཛིན་རྒྱུད་པའི་ཕྱག་སྲོལ་ལྟར་དུ་ཞག་བརྒྱའི་དུས་དང་བསྟུན་ནས་མྱོང་ཁྲིད་རྒྱས་པ་ཞིག་ཐོབ་སོང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་མཆོག་ནས་རང་ལ་དམིགས་བསལ་གྱིས་ཐུགས་བརྩེ་དང་། འདི་ཕྱིའི་བཀའ་སློབ་ལམ་སྟོན་ལན་གཅིག་ཙམ་མ་ཡིན་པར་ཡང་ནས་ཡང་དུ་ཐོབ་པ་མ་ཟད་སྤྱི་ལོ་ ༡༩༩༢ ལོར་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཞག་བརྒྱ་མ་གྲུབ་པའི་མཐའ་རྟེན་དུ་རྡོ་རྗེ་འཆང་གི་སྐུ་རྟེན་རྙིང་པ་བྱིན་ཆེན་ཞིག་མཚོན་བྱེད་དུ་གནང་སྟེ་རྫོགས་པ་ཆེན་པོའི་ཆོས་སྤྱི་དང་། རྗེ་ཉིད་ཀྱི་ཟབ་གཏེར་དང་། དག་སྣང་ཆོས་སྐོར་མཐའ་དག་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་དབང་བསྐུར་ཐོབ་པས་བཀའ་དྲིན་བརྗོད་ལས་འདས་པ་ཞིག་ཆགས་ཡོད།

རྩོམ་སྒྲིག་པ། མཁན་ཆེན་རང་ཉིད་ཀྱིས་གཞུང་ཆེན་ཁག་ལ་འཆད་ཁྲིད་གནང་བའི་སྐོར་སྐུ་ཚེ་གང་གི་ཉམས་མྱོང་དང་འབྲེལ་ནས་གསུང་རོགས།

མཁན་ཆེན་རྣམ་གྲོལ། ད་དེ་ལ་དམིགས་བསལ་ཉམས་མྱོང་ཟེར་ན་གཙོ་བོ་གོང་དུ་ཞུས་པ་ལྟར་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་མདོ་སྔགས་ཆོས་ཀྱི་གནད་དོན་ཅུང་ཟད་སོ་སོ་རང་གིས་ཤེས་བཞག་པ་དེ་གཞན་ལ་ཕན་ཐོགས་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་སྤྱི་ལོ་ ༡༩༧༨ ལོར་སྔ་འགྱུར་མཐོ་སློབ་ཆེན་མོ་འདི་དབུ་བཙུགས་ནས་བཟུང་མི་ལོ་ཧྲིལ་པོ་ ༢༢ རིང་འཛིན་སྐྱོང་དང་དཔེ་ཁྲིད་གཉིས་ཀའི་འགན་ཁུར། ཉིན་རེར་དཔེ་ཁྲིད་གཉིས་རེ་དང་གསུམ་རེ་མ་ཆད་པར་བྱས། དེའི་སྐབས་སུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་ལྟར་དུ་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་ལོ་རིམ་དྲུག་པར་མ་སོན་བར་དུ་གཟིམས་ཆུང་དུ་སྐྱོར་སྦྱོང་བྱས། གཞན་དཔལ་ཡུལ་ཀརྨ་སྐུ་ཆེན་རིན་པོ་ཆེ། གྱང་ཁང་སྤྲུལ་སྐུ། ར་མགོ་མཆོག་སྤྲུལ་སོགས་སྤྲུལ་པའི་སྐུ་རྣམ་པ་དང་། བཤད་གྲྭ་འདི་ནས་ཐོན་པའི་མཁན་པོ་དབང་ཕྱུག་བསོད་ནམས། མཁན་པོ་ཚེ་རིང་རྡོ་རྗེ། ནུབ་རི་མཁན་པོ་བཀྲ་ཤིས་ཚེ་རིང་། མཁན་པོ་འཇིགས་མེད་སྐལ་བཟང་། མཁན་པོ་ཀཱ་ཏྱཱ་ཡ་ན་སོགས་མཁན་སློབ་དང་། སློབ་གཉེར་དུ་མ་ལོ་རིམ་ཐོན་རིམ་བཞིན། རང་ངོས་ནས་རྒྱ་གཞུང་མངོན་པ་མཆན་འགྲེལ། འགྲེལ་པ་དོན་གསལ། འཇུག་པ་རང་འགྲེལ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་འདི་རྣམས་ལན་གྲངས་བརྒྱད་རེ་ཡར་མར་ཞིབ་ཁྲིད་བྱས་མྱོང་།
གཞན་ཡང་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ་གཉིས་ལན་གྲངས་གཉིས་ཞིབ་པར་བྱས་ནས་འཆད་ཁྲིད་བྱས། གསང་བདག་དགོངས་རྒྱན་ལན་གྲངས་གཅིག ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། རྒྱ་གཞུང་རྒྱུད་བླ་མ། འབྱེད་རྣམ་གཉིས། རྩ་བ་ཤེས་རབ་དང་། བཞི་བརྒྱ་པའི་མཆན་འགྲེལ། སྤྱོད་འཇུག་མཆན་འགྲེལ། ཤེར་འགྲེལ་ཀེ་ཏ་ཀ དབུ་མ་རྒྱན་འགྲེལ། མཁས་འཇུག སྡོམ་གསུམ་རིག་འཛིན་འཇུག་ངོགས། རྫོགས་པ་ཆེན་པོ་ཚིག་དོན་རིན་པོ་ཆེའི་མཛོད། མཁན་ཆེན་ངག་གི་དབང་པོས་མཛད་པའི་རྫོགས་པ་ཆེན་པོ་གཉིས་ཀའི་ཡང་ཡིག་བཅས་མདོ་སྔགས་ཀྱི་གཞུང་ལུགས་དུ་མ་འཆད་ཁྲིད་བྱས་ཡིན། སྨིན་གླིང་མཁན་སྤྲུལ་དང་། ད་ལྟ་བོད་ན་བཞུགས་པའི་སྨིན་གླིང་གདུང་སྲས་རྣམ་གཉིས་རྣམ་གྲོལ་གླིང་བཤད་གྲྭར་བཞུགས་སྐབས་ངོས་ནས་མདོ་སྔགས་ཀྱི་གཞུང་དུ་མ་ཞིག་གི་འཆད་པ་ཕུལ་བ་མ་ཟད། སྤྱི་ལོ་ ༡༩༨༧ ལོར་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་རྣམ་གྲོལ་གླིང་དུ་མི་ཕམ་བཀའ་འབུམ་སོགས་ཀྱི་ལུང་གསུང་སྐབས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་ལྟར། སྨིན་གླིང་གདུང་སྲས་རིན་པོ་ཆེ་དང་། དེ་བཞིན་སྨིན་གླིང་མཁན་སྤྲུལ་རིན་པོ་ཆེ། ནམ་མཁའི་སྙིང་པོ་རིན་པོ་ཆེ། དགའ་རབ་རིན་པོ་ཆེ། དགེ་སློང་མེ་ཐུར། བླ་མ་བསྟན་འཛིན་ཆོས་འཕེལ་བཅས་ལ་མི་ཕམ་རིན་པོ་ཆེའི་གསུང་ཤེས་རབ་ལེའུའི་འགྲེལ་ཆེན་ཀེ་ཏ་ཀ་རྒྱས་པ་བྱས་ནས་འཆད་ཁྲིད་ཕུལ་མྱོང་། དེ་དང་དུས་ཚོད་མཚུངས་པར་འཕགས་ཡུལ་སྨིན་གྲོལ་གླིང་གི་བཤད་གྲྭར་སྨིན་གླིང་མཁན་སྤྲུལ་སོགས་སློབ་གཉེར་བ་རྣམས་ལ་འོད་གསལ་སྙིང་པོ་དང་མཛོད་ཀྱི་ལྡེ་མིག་གི་འཆད་ཁྲིད་ཕུལ་མྱོང་།
འབྲུག་ཕུན་ཚོགས་གླིང་དུ་སྒང་སྟེང་གི་བཤད་གྲྭ་བ་རྣམས་ལ་ཐེངས་དང་པོར་དབུ་མ་ལ་འཇུག་པ་རང་འགྲེལ་གྱི་འཆད་ཁྲིད་བྱས། ལོ་ཤས་རྗེས་སྒང་སྟེང་དགོན་དུ་སྒང་སྟེང་རིན་པོ་ཆེ་སོགས་སློབ་གཉེར་བ་དུ་མ་ལ་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་དང་འོད་གསལ་སྙིང་པོ། འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ་གཉིས་ཞིབ་ཁྲིད་བྱས། ཨ་རི་ཨོ་རྒྱན་རྡོ་རྗེ་གདན་གྱི་ཆོས་ཚོགས་སུ་སྔོན་རྗེས་ལོ་དུ་མ་ལ་གླིང་སྤྲུལ་རིན་པོ་ཆེ་དང་། འབྲུག་པ་ཆོས་མགོན་རིན་པོ་ཆེ། ཚོགས་གཉིས་རིན་པོ་ཆེ། བསོད་རྒྱལ་རིན་པོ་ཆེ་སོགས་བླ་སྤྲུལ་ཁག་དང་། ནུབ་ཕྱོགས་པའི་ཆོས་ཞུ་བ་ཉིས་བརྒྱ་ཡར་མར་ལ་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ། འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ། ཚིག་དོན་རིན་པོ་ཆེའི་མཛོད། ལྕེ་བཙུན་སྙིང་ཐིག་ཁྲིད་ཡིག་འཇམ་མགོན་གྱི་གསུང་དེ་ཚོ་འཆད་ཁྲིད་བྱས་ཡོད། ཧྤ་རན་སི་ (France) ལས་རབ་གླིང་པའི་ཆོས་ཚོགས་སུ་གསང་སྙིང་མཛོད་ཀྱི་ལྡེ་མིག་དང་། མཁན་ཆེན་ངག་གི་དབང་པོའི་ཁྲེགས་ཆོད་སྙན་རྒྱུད་དེ་ཚོ་འཆད་ཁྲིད་བྱས།
དེ་ནས་བོད་གངས་ཅན་ལྗོངས་སུ་སྤྱི་ལོ་ ༡༩༨༨ ལོར་༸སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཀྱི་བཀའ་ལྟར་བླ་རུང་ཆོས་སྒར་དུ། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང་། སྤྲུལ་སྐུ་ལུང་རྟོགས། མཁན་པོ་ཚུལ་ཁྲིམས་བློ་གྲོས། མཁན་པོ་བསོད་དར་རྒྱས། མཁན་པོ་ཤེས་རབ་བཟང་པོ། མཁན་པོ་འཆི་མེད་རིག་འཛིན། མཁན་པོ་གུ་རུ་སོགས་མཁན་སྤྲུལ་འདུས་པ་བརྒྱ་ཕྲག་ལྷག་ཙམ་ལ་དབུ་མ་ལ་འཇུག་པའི་རྩ་བའི་མཆན་འགྲེལ་ཟླ་བ་གཅིག་གི་རིང་འཆད་ཁྲིད་རྒྱས་པ་ཞིག་བྱས། ཡང་སྤྱི་ལོ་ ༡༩༩༢ ལོར་གོང་གསལ་མཁན་སྤྲུལ་འདུས་པ་རྣམས་ལ་ཤེར་ཕྱིན་དོན་གསལ་མཆན་འགྲེལ་ཐོག་ཟླ་བ་གཅིག་ལྷག་ཙམ་ལ་འཆད་ཁྲིད་རྒྱས་པ་བྱས། སྤྱི་ལོ་ ༢༠༠༠ ལོར་རྒྱལ་བ་དཔལ་ཡུལ་བའི་བཤད་གྲྭར་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེེས་དབུས་པའི་མཁན་སྤྲུལ་གྲྭ་བཙུན་རྣམས་ལ་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་གི་འཆད་ཁྲིད་བྱས། སྤྱི་ལོ་ ༢༠༡༤ ལོར་རྒྱ་གར་རྡོ་རྗེ་གདན་དུ་བཀའ་མ་རྒྱུན་སྐྱོང་ཚོགས་པའི་གོ་སྒྲིག་འོག་མཁན་སྤྲུལ་དང་སློབ་དཔོན་བཅས་ཆོས་ཞུ་བ་སུམ་བརྒྱ་ལྷག་ཙམ་ལ་གསང་བདག་དགོངས་རྒྱན་གྱི་འཆད་ཁྲིད་རྒྱས་པ་ཞིག་བྱས། སྤྱི་ལོ་ ༢༠༡༤ ལོ་མཇུག་ཏུ་བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་ཁང་དུ་འབྲུག་པ་ཆོས་མགོན་རིན་པོ་ཆེ་དང་། ཚོགས་གཉིས་རིན་པོ་ཆེ། སྒྲུབ་སྡེ་ཁག་གཉིས་ཀྱི་མཚམས་པ་བ། ཕྱི་རྒྱལ་གྱི་སློབ་མ་བཅས་བརྒྱ་ཕྲག་ཙམ་ལ་ཉིན་བཞི་བཅུའི་རིང་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱས་པར་འཆད་ཁྲིད་བྱས། དེ་ཚོ་སོ་སོ་རང་ངོས་ནས་ཉམས་མྱོང་དང་འབྲེལ་ཏེ་གཞན་ལ་ཆོས་འཆད་སྤེལ་བྱས་ཚུལ་སྐོར་ཡིན།

རྩོམ་སྒྲིག་པ། སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་ནས་བསླབ་པ་སློབ་གཉེར་གནང་ཕྱོགས་དེ་སྤྱི་ཡོངས་ནས་ཆ་ཚང་བ་ཞིག་ཡིན་ནམ། སློབ་གཉེར་གནང་ཕྱོགས་སྐོར་ལ་གཟིགས་ཚུལ་གང་འདྲ་ཡོད།

མཁན་ཆེན་རྣམ་གྲོལ། ད་དེ་དམིགས་བསལ་འདྲ་པོ་ཞུ་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན། བཤད་གྲྭ་ཁག་གི་སློབ་ཚན་དང་སློབ་སྦྱོང་གནང་ཕྱོགས་ཀྱི་སྐོར་གང་འདྲ་ཡིན་མིན་རང་ངོས་ནས་ཤེས་རྟོགས་གང་ཡང་བྱུང་མེད་དུས་ཞུ་ཤེས་ཀྱི་མི་འདུག

རྩོམ་སྒྲིག་པ། དེང་སང་ག་ས་གང་ནས་ཆོས་ཀྱི་བྱེད་སྒོ་སྤེལ་དུས་གར་འཆམ་དང་གཏོར་ཟོར། ཚེ་དབང་སྩོལ་བ་བཅས་གཙིགས་སུ་འཛིན་པའི་ལམ་ལུགས་ཤིག་ཆགས་འདུག་ན། མཁན་ཆེན་མཆོག་གིས་ལམ་ལུགས་དེར་ཇི་ལྟར་གཟིགས་ཀྱི་ཡོད་དམ།

མཁན་ཆེན་རྣམ་གྲོལ། ད་དེང་སང་དེ་འདྲའི་ལག་ལེན་ཞིག་བྱེད་བསྡད་ཀྱི་ཡོད་རེད། ཆོས་དང་མཐུན་པ་རེད་ཟེར་ནའང་ཟེར་མི་ཤེས་པ་ཞིག་རེད། ཡིན་ན་ཡང་སློབ་མ་འདུ་སྐོང་གི་ཐབས་ཤེས་འདྲ་པོ་ནི་ཆགས་བསྡད་ཡོད་རེད། དེ་རེད་མ་གཏོགས་ངའི་ངོས་ནས་དམིགས་བསལ་བཟང་ངན་གྱི་དབྱེ་བ་ཞུ་ཤེས་ཀྱི་མི་འདུག

རྩོམ་སྒྲིག་པ། ད་ཆ་བསླབ་པ་མཐར་སོན་པའི་མཁན་སློབ་ཀྱི་གྲངས་འབོར་ཚད་མཐོན་པོར་སོན་ཡོད་དུས། མཁན་པོ་དང་སློབ་དཔོན་གྱི་གཞི་རྩའི་སྤུས་ཀ་ཤེས་ཡོན་དང་ཉམས་ལེན་གྱི་སྐོར་ལ་དགོངས་ཚུལ་དམིགས་བསལ་ཇི་ཡོད་གསུང་རོགས།

མཁན་ཆེན་རྣམ་གྲོལ། ད་དེ་སྔ་རྣམ་གྲོལ་གླིང་གི་བཤད་གྲྭ་ནས་ཐོན་པའི་མཁན་པོ་སློབ་དཔོན་ཕལ་ཆེ་བ་དེ་ཤེས་ཚད་གང་ལ་གང་འཚམས་ཀྱི་མཐོན་པོའི་གྲས་སུ་སླེབས་ཡོད་རེད། ལོ་རིམ་དགུའི་སློབ་ཚན་ལ་སློབ་སྦྱོང་བྱས་པ་ཙམ་མ་ཟད་གཞན་ལ་ཕར་འཆད་ཁྲིད་བྱས་པའི་ཉམས་མྱོང་ཡིན་ན་ཡང་གང་ལ་གང་འཚམས་ཤིག་ཡོད་བསྡད་རེད། ཡིན་ན་ཡང་བཤད་གྲྭ་ནས་ཐོན་ཚད་གཅིག་པ་རེད་ཟེར་ན་ཡང་ཟེར་ཤེས་ཀྱི་མ་རེད། ཁ་ཤས་ཡང་ཤེས་ཚད་ཀྱིས་མ་ལོངས་མཁན་ཡང་ཡོད་རེད།
ད་ཉམས་ལེན་གྱི་སྐོར་ཟེར་ཡོང་དུས་ཉམས་ལེན་སྐོར་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་པ་ལྟར་དུ་བྱས་ནས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་འདྲ་དང་། དེ་ག་ནང་བཞིན་རྩ་རླུང་དང་རྫོགས་ཆེན་གྱི་ཟླ་ཆོས་དེ་ཚོ་ནི་སོང་བསྡད་ཡོད་རེད། དེའི་སྟེང་དུ་མཁན་པོ་དང་སློབ་དཔོན་རེ་ཟུང་གིས་ཚད་ལྡན་གྱི་བླ་མའི་དྲུང་དུ་བཅར་ནས། སྔ་འགྱུར་རྙིང་མའི་ཐུན་མོང་མ་ཡིན་པའི་ཁྲེགས་ཆོད་དང་ཐོད་རྒལ་སོགས་ཀྱི་ཁྲིད་རྒྱུན་གསན། སོ་སོའི་རྒྱུད་དང་སྦྱར་བ་དེ་འདྲ་གནང་སྡོད་མཁན་ཡང་ཡོད་རེད། དེ་ཧ་ཅང་ཉུང་ཉུང་འདྲ་པོ་ཞིག་མཐོང་གི་ཡོད། དེ་མིན་མང་ཆེ་བ་ནི་ཉམས་ལེན་གི་ཐད་ལ་བསམ་མནོ་བཏང་ན་ཚད་བཟུང་འོས་པ་འདྲ་པོ་གང་ཡང་མཐོང་གི་མི་འདུག གཅིག་ནས་ཉམས་ལེན་གྱི་དུས་ཚོད་ཀྱང་ཞེ་དྲག་ཐོབ་ཡོད་མ་རེད། ཉམས་ལེན་གྱི་རིགས་ཞུ་རྒྱུའི་གོ་སྐབས་ཀྱང་མང་ཆེ་བ་ལ་ཐོབ་ཡོད་མ་རེད། དེ་ཡིན་དུས་ད་ཉམས་ལེན་གྱི་སྐོར་དེ་ཚོ་ཚད་འཇོག་ཐུབ་མཁན་དེ་འདྲ་གང་ཡང་མཐོང་གི་མི་འདུག ཡིན་ན་ཡང་མ་འོངས་པ་ལ་རིམ་པས་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་ཡ་མ་བྲལ་བ་ཞིག་གནང་ཐུབ་རྒྱུའི་རེ་བ་ནི་ཞུ་བཞིན་ཡོད།

རྩོམ་སྒྲིག་པ། མི་ཚེའི་བགྲོད་པ་དང་བསྟུན་ནས་ཐོས་བསམ་སྒོམ་གསུམ་ལ་ཇི་ལྟར་གཞོལ་དགོས་ཚུལ་མཁན་ཆེན་རང་ཉིད་ཀྱི་སྐུ་ཚེའི་ཉམས་མྱོང་དང་འབྲེལ་ནས་གསུང་རོགས།

མཁན་ཆེན་རྣམ་གྲོལ། མི་ཚེའི་བགྲོད་པ་དང་བསྟུན་ཟེར་དུས་ལོ་གཞོན་པའི་སྐབས་སུ་ནི་ཐོས་བསམ་དེ་གཙོ་ཆེ་བ་རེད། ལོ་ཡར་ཡར་རྒས་པའི་སྐབས་སུ་ནི་སྒོམ་པ་ཉམས་ལེན་དེ་གཙོ་ཆེ་བ་རེད། ང་རང་འདྲ་པོ་ཞིག་ལ་ཆ་བཞག་ན་ཡང་། ལོ་གཞོན་པའི་སྐབས་སུ་ནི་གཞུང་ཞུ་རྒྱུ་དང་། གཞུང་དཔེ་ཀློག་བརྒྱག་རྒྱུ་དེ་ཚོ་ཡང་ཐུན་མོང་གི་གཞུང་དེ་ལ་རྩལ་འདོན་བྱས། དེ་ཚོའི་དོན་དག་ལ་བསམ་བློ་གཏང་རྒྱུ་རྩལ་འདོན་བྱས་པ་ཡིན། རིམ་པས་ལོ་ཡར་ལོན་འགྲོ་དུས་ཐུན་མོང་གི་གཞུང་དེ་ཚོ་ལ་བསམ་བློ་གཏང་རྒྱུ་དེ་བར་མཚམས་འདྲ་པོ་ཞིག་བཞག་ནས། གཙོ་བོ་ཀུན་མཁྱེན་ཀློང་ཆེན་པའི་གསུང་རྫོགས་པ་ཆེན་པོའི་སྐོར་ལ་དཔེ་ཀློག་བརྒྱབས། དེ་ཚོའི་དོན་དག་རྣམས་ཡང་ནས་ཡང་དུ་བསམ་བློ་བཏང་། དེའི་ནང་གསུངས་པའི་དོན་དག་རྣམས་སོ་སོའི་རྒྱུད་ལ་གང་ཐུབ་ཐུབ་སྦྱར་ནས་མི་ཚེ་འདི་དེའི་སྒོ་ནས་མཐའ་སྐྱེལ་ཐུབ་པ་ཞིག་བྱེད་དགོས་བསམས་ནས་དེ་འདྲ་ཞིག་གི་ཐོག་ལ་མི་ཚེ་འདི་སྐྱེལ་བསྡད་ཡོད། དེ་འདྲ་པོ་བྱས་ནས་མི་ཚེ་འདི་བསྐྱལ་ན་མི་ཚེའི་བགྲོད་པ་དང་བསྟུན་ནས་མཐའ་སྐྱེལ་སྟངས་དེ་ལེགས་པའི་ཕྱོགས་འདྲ་པོ་ཞིག་ཡིན་པར་བསམ་བློ་འཁོར་གྱི་ཡོད། ད་དེ་འདྲ་རེད་མ་གཏོགས་དམིགས་བསལ་འདྲ་པོ་ངས་ཞུ་ཤེས་པ་ཞིག་མི་འདུག

རྩོམ་སྒྲིག་པ། སྔ་འགྱུར་མཐོ་སློབ་ཆེན་མོར་མཚོན་ན། ལོ་རིམ་བདུན་པ། བརྒྱད་པ། དགུ་པ་བཅས་ཀྱི་ནང་། ནང་རྒྱུད་སྡེ་གསུམ་ལ་སློབ་གཉེར་གང་འཚམས་ཤིག་བྱེད་ས་ཡོད། རྙིང་མའི་ཕ་ཆོས་ཁྱོན་ཡོངས་ནས་བལྟས་ན་ལོ་གསུམ་གྱི་སློབ་གཉེར་དེས་གོ་ཆོད་པ་ཞིག་ལ་བརྩིས་ན་འགྲིག་གམ། ཡང་ན་ཟུར་ནས་ཤུགས་སྣོན་རྒྱག་དགོས་ས་དང་། ཟུར་ལྟའི་ཡིག་ཆ་གལ་ཆེན་རེ་གཉིས་ཀྱི་མཚན་གཞི་འཇོག་རོགས།
མཁན་ཆེན་རྣམ་གྲོལ། སྤྱིར་མདོ་དང་སྔགས་ཀྱི་སློབ་ཚན་དེ་བགོ་བཤའ་བརྒྱབས་ཡོང་དུས་ལོ་རིམ་བདུན་པ་དང་། བརྒྱད་པ། དགུ་པ་ལ་སྔགས་ཀྱི་སློབ་ཚན་ཤུགས་ཆེ་བ་བཞག་ཡོད་རེད། ཡིན་ན་ཡང་སྤྱིར་གསང་སྔགས། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་གྱི་སློབ་ཚན་མཚོན་བྱེད་ཙམ་རེད་མ་གཏོགས་པར་སློབ་ཚན་འདི་ཚོར་སྦྱོང་བརྡར་བྱུང་བ་ཙམ་ཞིག་གིས་ནང་རྒྱུད་སྡེ་གསུམ་སྤྱི་བྱིངས་ལ་སློབ་སྦྱོང་བྱས་པའི་གོ་ཆོད་པ་འདྲ་པོ་ཡོད་རྒྱུ་རེད་དྲན་གྱི་མི་འདུག འདི་ཡིས་གཞི་བཟུང་ནས་ཟུར་དུ་ཤུགས་སྣོན་རྒྱག་དགོས་པ་ཞིག་ཆགས་བསྡད་ཡོད་རེད། ཟུར་ནས་ཤུགས་སྣོན་རྒྱག་དགོས་པའི་གཞུང་གཙོ་བོ་ནི་རྒྱུད་མ་ཧཱ་ཡོ་ག་ལ་ད་ལྟའི་བར་དུ་བཤད་རྒྱུན་མ་ཉམས་པའི་སྤྱི་དོན་དང་། འགྲེལ་ཆེན་ཧ་ཅང་གིས་གནད་འགག་ཆེན་པོ་མང་པོ་ཡོད་རེད། དེ་ཚོའི་ནང་ནས་གཙོ་བོ་འདྲ་པོ་དེ་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཕྱོགས་བཅུའི་མུན་སེལ་འདི་སྒྱུ་འཕྲུལ་གསང་སྙིང་གི་བཤད་པ་ཁམས་ལུགས་སུ་རྩི་ཡི་ཡོད་རེད། དེ་བཞིན་དུ་གསང་བདག་དགོངས་རྒྱན་ལྟ་བུ་ལ་མཚོན་ན་ཟུར་པའི་བཀའ་སྲོལ་ལྟར་དུ་བྱས་ནས་བཀྲལ་བཞག་པ་ཡིན་དུས་དེ་གཉིས་པོ་ཧ་ཅང་གིས་གནད་ཆེ་བ་ཅན་ཞིག་ཆགས་བསྡད་ཡོད་རེད།
དེ་ནས་རྫོགས་པ་ཆེན་པོའི་ངོས་ནས་བསམ་མནོ་བཏང་ན། རྫོགས་པ་ཆེན་པོ་ལ་རྫོགས་ཆེན་གྱི་རྒྱུད་ཁོ་རང་གི་སྟེང་དུ་བཤད་པའི་རྒྱུན་ད་ལྟའི་བར་དུ་བར་མ་ཆད་པ་འདྲ་པོ་གང་འདྲ་ཡོད་མེད་ཤེས་ཀྱི་མེད། ཡིན་ན་ཡང་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་རྒྱུད་ཀྱི་དགོངས་པ་རང་སྟོབས་སུ་བཀྲལ་བཞག་པ་དེ་ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་གྱི་ནང་དུ་ཐེག་མཆོག་རིན་པོ་ཆེའི་མཛོད། ཚིག་དོན་རིན་པོ་ཆེའི་མཛོད། འདི་གཉིས་ལ་བསམ་བློ་བཏང་ན་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་ལམ་ཐོད་རྒལ་གྱི་རྣམ་གཞག་དེ་ཧ་ཅང་གིས་རྒྱས་པ་བྱས་ནས་བཀྲལ་བཞག་པའི་གཞུང་ཆགས་བསྡད་ཡོད་རེད། དེ་བཞིན་དུ་ཆོས་དབྱིངས་རིན་པོ་ཆེའི་མཛོད་དང་། གནས་ལུགས་རིན་པོ་ཆེའི་མཛོད་ལྟ་བུ་ལ་ཆ་བཞག་ན་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཐིག་གི་ཁྲེགས་ཆོད་ཀྱི་དགོངས་པ་གཙོ་བོར་བྱས་ནས་བཀྲལ་བཞག་པ་ཡིན་དུས་གཞུང་དེ་ཚོ་ལ་ཐོས་བསམ་དང་། དེ་ཚོའི་དོན་དག་ཐམས་ཅད་ལ་སོ་སོས་གང་ཐུབ་ཐུབ་ཉམས་མྱོང་གི་སྒོ་ནས་ཉམས་ལེན་བྱེད་ཐུབ་ན་དེང་སང་གི་དུས་ཚོད་ལ་དེ་ལས་ལྷག་པ་མེད་པ་འདྲ་པོ་བསམ་བློ་འཁོར་གྱི་ཡོད།

རྩོམ་སྒྲིག་པ། ལོ་རེ་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་སྟངས་འཛིན་འོག རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱོགས་མཐའ་ཁག་ལ་མཁན་སློབ་ལྔ་བརྒྱ་མ་ཟིན་ཙམ་དགེ་རྒན་དུ་གཏོང་བཞིན་པ་ལགས་ན། མཁན་སློབ་རྣམ་པའི་འོས་འགན་གཙོ་བོ་གང་ཡིན་སྐོར་ལ་བཀའ་སློབ་ལམ་སྟོན་ཞིག་ཅི་ནས་ཀྱང་སྩོལ་གནང་རོགས།

མཁན་ཆེན་རྣམ་གྲོལ། ད་ཡང་བསྐྱར་རྩོམ་སྒྲིག་ཚོགས་པས་རྣམ་གྲོལ་གླིང་བཤད་གྲྭ་ནས་ཐོན་པའི་དགེ་རྒན་རྣམས་ལ་བཀའ་སློབ་ཅིག་དགོས་ཚུལ་གསུངས་བཞག་འདུག དེའི་དབང་དུ་བཏང་ནས་སོ་སོའི་བསམ་ཚུལ་འགའ་ཤས་ཞུ་རྒྱུ་ཡིན།
སྤྱིར་བཏང་སོ་སོ་རང་གི་ངོས་ནས་ཐོག་མར་ཆོས་དེ་ཚུར་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་ཞུ་བའི་སྐབས་དང་། དེ་དང་མཐུན་པའི་ཆོས་ཀྱི་དོན་དག་དེ་ཚོར་བསམ་བློས་དཔྱད་པ་ཞུགས་པའི་སྐབས་སུ་གཙོ་བོ་སློབ་ཕྲུག་གི་གནས་སྐབས་ཆགས་བསྡད་ཡོད་རེད། སློབ་ཕྲུག་གི་གནས་སྐབས་ཆོས་དེ་ཚུར་ཞུ་བའི་སྐབས་སུ་ཀུན་སློང་དེ་ཧ་ཅང་གིས་དོ་གལ་ཆེན་པོ་ཡིན་གསུངས་ནས། ང་ཚོ་ཆུང་དུས་སྐབས་སུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་ཡང་ནས་ཡང་དུ་གསུངས་མྱོང་། དེ་ཚོ་བློ་ངོ་ལ་ག་དུས་ཡིན་ནའང་འཁོར་སྡོད་ཀྱི་འདུག དེ་ལྟར་ཡིན་དུས་ཀུན་སློང་དེ་སྤྱིར་ཐེག་པ་ཆེན་པོའི་དབང་དུ་བཏང་ན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་བསྐྱེད་ཀྱི་ཀུན་སློང་དེ་བཤད་མ་དགོས་པ་རེད། དེ་སྔོན་དུ་གཏོང་དགོས་པ་ཞིག་ཆགས་བསྡད་ཡོད་རེད། དེ་ཡི་སྟེང་དུ་སོ་སོས་ཆོས་དེ་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་ཚུར་ཞུ་བའི་སྐབས་སུ་དམིགས་བསལ་མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག དེ་ག་ནང་བཞིན་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་རྒྱ་ཆེན་པོ་ཞིག་ཡོང་རྒྱུའི་བསམ་བློ་དེ་རྒྱུན་དུ་འཆང་དགོས་རྒྱུ་དང་། དམིགས་སུ་བཀར་དགོས་པ་ཞིག་ཡིན་ཚུལ་དེ་འདྲ་གསུངས་མྱོང་།

དེ་ཡང་མཚམས་མཚམས་༸སྐྱབས་རྗེ་རིན་པོ་ཆེས་དཔེ་སྦྱོར་གནང་གི་ཡོད། ཀཿཐོག་ན་མཁན་ཆེན་ནུས་ལྡན་དང་འབྱོར་ལྡན་ཟེར་ནས་དམིགས་བསལ་སྐད་གྲགས་ཆེ་བའི་མཁན་ཆེན་རྣམ་པ་གཉིས་བྱུང་ཡོད་རེད། ཁོང་གཉིས་ཀ་༸སྐྱབས་རྗེ་རིན་པོ་ཆེ་ཁོང་རང་གི་དགེ་བའི་བཤེས་གཉེན་བླ་མར་བསྟེན་མྱོང་ཡོད་རེད། ཁོང་གཉིས་ལ་དཔེ་མཚོན་གནང་གི་ཡོད། དེ་གང་འདྲ་མཚོན་གྱི་ཡོད་རེད་ཟེར་ན། མཐུན་སྣང་དུ་མཁས་ཚུལ་གྱི་སྒོ་ནས་བསམ་མནོ་བཏང་ན། མདོ་དང་། སྔགས་སོགས་གཞུང་ལུགས་རབ་འབྱམས་ཀྱི་སྒོ་ནས་ཀཿཐོག་མཁན་ཆེན་འབྱོར་ལྡན་ལས་ཀྱང་ནུས་ལྡན་དེ་མཁས་ཆེ་ཡི་རེད་གསུང་གི་ཡོད། ཡིན་ན་ཡང་། བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་བསྐྱངས་ཡོང་དུས། ཀཿཐོག་མཁན་པོ་ནུས་ལྡན་ལས་ཀྱང་འབྱོར་ལྡན་དེ་འགྲོ་དོན་ཞེ་དྲག་གིས་ཆེ་ཡི་ཡོད་རེད་གསུང་གི་འདུག དེའི་རྒྱུ་མཚན་༸སྐྱབས་རྗེ་རིན་པོ་ཆེ་ཁོང་རང་གིས་གསུངས་ཡོང་དུས། སྤྱིར་བཏང་འགྲོ་དོན་ཆེ་ཆུང་ཟེར་བ་དེ། སྔོན་ཀུན་སློང་རྒྱ་ཆེ་ཆུང་གི་སྒོ་ནས་རག་ལས་ཚུལ་ཞིག་གཞུང་ལུགས་ནང་ལོགས་ལའང་བཤད་བསྡད་ཡོད་རེད། དེ་ག་ནང་བཞིན་མཁས་པ་ཚོའི་ངག་རྒྱུན་ལ་ཡང་དེ་འདྲ་ཡོང་བསྡད་ཡོད་རེད། དེ་ཡིན་དུས་ཕྱོགས་གཅིག་ནས་ཀུན་སློང་རྒྱ་ཆེ་ཆུང་ལ་རག་ལས་ཚུལ་ཞིག་དང་། ཕྱོགས་གཅིག་ནས་མིའི་གཤིས་ཀ་དེའི་སྒོ་ནས་ཀྱང་ཁྱད་ཞེ་དྲག་ཞུགས་ཀྱི་ཡོད་གསུངས། ད་མིའི་གཤིས་ཀ་བཟང་ངན་ཟེར་བ་དེ་ལུས་ཀྱི་རྣམ་འགྱུར་དང་། ངག་གི་སྐད་ཆ་ཤོད་སྟངས་ཁོ་ནས་ཁ་མཚམས་གཅོད་དགོས་ན་གཅོད་མི་ཐུབ་པ་ཞིག་རེད། གཙོ་བོ་བསམ་པ་ཀུན་སློང་དེ་རང་གཤིས་བཟང་ངན་གྱི་ཕུགས་གཏུག་ས་ཆགས་ཀྱི་ཡོད་རེད། དེ་ལྟར་ཡིན་དུས་༸སྐྱབས་རྗེ་རིན་པོ་ཆེས་ཀཿཐོག་གི་མཁན་པོ་རྣམ་པ་གཉིས་ཀྱི་ནང་ནས་ཀྱང་མཁན་ཆེན་འབྱོར་ལྡན་དེ་ཞེ་དྲག་གིས་གཤིས་ཀ་བཟང་ཆེ་ཡི་ཡོད་གསུངས།

དེ་འདྲ་ཡིན་དུས་ཁོང་འགྲོ་དོན་ཆེ་བའི་ཚུལ་གསུངས་མྱོང་། དེ་ཡིན་དུས་འགྲོ་དོན་ཆེ་ཆུང་གཙོ་བོ་ཀུན་སློང་ལ་རག་ལས་པ་ཞིག་ཡིན་དུས། ཐོག་མར་སློབ་སྦྱོང་བྱེད་པའི་སྐབས་སུ་ཀུན་སློང་བཟང་པོ་ལན་གཅིག་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་བསྐྱེད་རྒྱུ་ཞེ་དྲག་གིས་དོ་གལ་ཆེན་པོ་ཡིན་གསུངས་ནས་ངེད་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་སྟོན་གཙོ་བོ་དེ་འདྲ་གསུང་གནང་གི་ཡོད།

དེ་ནས་བར་དུ་ཆོས་ཞུ་བའི་སྐབས་སུ། ཆོས་གསུང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་ཡིན་ནས་བཟུང་སྟེ། སྙིང་ཐག་པ་ནས་དད་པ་དང་། མོས་གུས་ངོ་ལྐོག་མེད་པ་ཞིག་བྱེད་ཐུབ་དགོས་ཀྱི་ཡོད་པ་གསུང་གི་ཡོད། དེ་ལ་ཡང་རྒྱུ་མཚན་འདྲ་པོ་གསུངས་ཡོང་དུས། ཆོས་གསུང་མཁན་གྱི་དགེ་བའི་བཤེས་གཉེན་ལ་མོས་གུས་ག་ཚོད་ཅིག་ཤུགས་ཆེ་ཡི་ཡོད་པ། དེ་ཡི་ཚོད་ཀྱིས་སོ་སོ་ལ་ཆོས་ཀྱི་སློབ་སྦྱོང་ཡིན་ནའང་ཤེས་སླ་བ་དང་། སློབ་སྦྱོང་དེ་ཡང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོང་ཐུབ་པའི་དགོས་པ་ཡོད་ཚུལ་གསུང་གི་ཡོད། དེ་ལ་ཡང་༸སྐྱབས་རྗེ་རིན་པོ་ཆེས་དཔེ་སྦྱོར་གནང་གི་ཡོད། གྲུབ་དབང་གོང་མ་དཔལ་ཆེན་འདུས་པས་རྒྱུན་དུ་ཁོང་གིས་སློབ་སྦྱོང་ག་རེ་སྦྱངས་ནའང་ལས་སླ་པོ་བྱས་ནས་ཤེས་ཐུབ་ཀྱི་ཡོད། ཡིན་ན་ཡང་བཀའ་མའི་རྩ་འཆམ་སྦྱོང་དུས་ཞེ་དྲག་གིས་ཤེས་དཀའ་མོ་ཞིག་ཆགས་སོང་། དེའི་རྒྱུ་མཚན་ག་རེ་རེད་འདུག་ཁོང་གིས་ཐུགས་བསམ་བཞེས་ཡོང་དུས། སློབ་མཁན་དེ་དཔལ་ཡུལ་དགོན་པའི་ལྟོ་ཕོ་ཞིག་ཆགས་ཡོད་དུས། ཁོང་དེ་ལ་ལྟོ་ཕོའི་འདུ་ཤེས་འདྲ་པོ་ཞིག་སྐྱེས། དད་པ་དང་མོས་གུས་ཀྱི་བསམ་བློ་དེ་མེད་བསྡད་པ་དེའི་རྒྱུ་མཚན་ལ་ཐུག་འདུག ཅེས་༸གྲུབ་དབང་གོང་མའི་དེ་འདྲའི་གསུང་སྒྲོས་ཡོད་རེད་ཅེས་༸སྐྱབས་རྗེ་རིན་པོ་ཆེས་ང་ཚོའི་ཨ་ལྕོག་སྦུག་ལ་ལན་མང་པོ་ཞིག་གསུངས་མྱོང་། དཔལ་ཡུལ་དགོན་གྱི་ལྟོ་ཕོ་ཟེར་བ་ཡི་གེ་ཞེ་དྲག་མི་ཤེས་མཁན། ཕྱི་ནང་གི་ལས་ཀའི་གཡོག་རྒྱུག་མཁན། ཚོགས་པ་འཚོག་པའི་སྐབས་སུ་དགེ་འདུན་སྤྱི་ལ་གཡོག་བྱེད་མཁན་དེ་ལ་ཟེར།

ལོ་རྒྱུས་དེ་དོན་དང་མཐུན་པར་བདེན་པ་ཡིན་དང་། ཡང་ན་ཁ་རྒྱུན་གྱི་བཤད་སྲོལ་འདྲ་པོ་ཡིན། ཟེར་ཤེས་ས་མ་རེད་དེ། དོན་དུ་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་བཞེད་དེ་དགེ་བའི་བཤེས་གཉེན་སུ་འདྲ་པོ་ཞིག་ཡིན་ན་ཡང་། དད་པ་དང་མོས་གུས་སྐྱེ་ཐུབ་པ་དང་། དད་པ་དང་མོས་གུས་ཤུགས་ག་ཚོད་ཅིག་ཆེ་ན། དེའི་ཚོད་ཅིག་ཆོས་ཀྱི་སློབ་སྦྱོང་ཡག་ཏུ་འགྲོ་ཚུལ་དམིགས་སུ་བཀར་ནས་གསུངས་ཡོད་རེད།

དེ་ཡིན་དུས་ང་ཚོའི་བཤད་གྲྭ་ཐོག་མར་འགོ་ཚུགས་པའི་སྐབས་ནས། སློབ་ཕྲུག་ཚོས་མཁན་པོ་ཡི་རིགས་ལ་ཆོས་ཐུན་ཞུ་བའི་སྔོན་དུ་ཕྱག་འཚལ་བའི་སྲོལ་དེ་ཡོད་བསྡད་རེད། རྗེས་སུ་སློབ་ཕྲུག་ནང་ནས་དཔེ་ཆ་ཡག་ག་ཚོ་སྐྱོར་དཔོན་བསྐོས་ཡོང་དུས། འབོལ་གདན་ཙམ་ཞིག་རེད་མ་གཏོགས་བཞུགས་ས་དམིགས་བསལ་ཡང་མེད། སློབ་ཕྲུག་ཚོའི་ངོས་ནས་ཀྱང་སོ་སོ་དང་འདྲ་མཉམ་གྱི་བསམ་མནོ་འཁོར་སྡོད་དུས་སྐྱོར་སྦྱོང་གི་སྔོན་དུ་ཕྱག་འཚལ་སྲོལ་ཡང་ཡོད་མ་རེད། དེ་འདྲ་བྱས་པ་༸སྐྱབས་རྗེ་རིན་པོ་ཆེས་མཁྱེན་ནས་རྗེས་སུ་སྐྱོར་དཔོན་ཚོས་སྐྱོར་སྦྱོང་བྱེད་པའི་སྐབས། སློབ་མ་སུ་འདྲ་པོ་ཞིག་ཡིན་ཡང་ཕྱག་འཚལ་བ་དང་གུས་བཀུར་བྱེད་པ་དེ་སྔོན་དུ་འགྲོ་དགོས་ཀྱི་ཡོད་གསུངས་ཡོད་རེད།

མདོ་དོན་ཆོས་ཀྱི་སྒོ་ནས་འབྲེལ་བ་བྱས་ཚར་ནས་བཟུང་སྟེ་གུས་བཀུར་བྱ་རྒྱུ་དེ་ཞེ་དྲག་གིས་དོ་གལ་ཆེན་པོ་ཞིག་རེད། གུས་བཀུར་བྱོས་ཤིག་དང་། གུས་བཀུར་བྱེད་མཁན་རང་ལ་ཚོགས་རྫོགས་རྒྱུ་དང་། དེ་ག་ནང་བཞིན་ཆོས་ཀྱི་སློབ་སྦྱོང་དེ་ཚོ་ཡག་ཏུ་འགྲོ་རྒྱུའི་དགོས་པ་ཡོད་རེད་ལ། ཐ་ན་མིའི་ལྟ་སྟངས་ལ་བསམ་བློ་བཏང་ན་ཡང་སྤྱོད་པ་བཟང་པོ་ཞིག་རེད་མ་གཏོགས། ཆོས་གསུང་མཁན་ལ་གུས་པ་བྱེད་པ་དང་ཕྱག་བཙལ་བ་དེས་སོ་སོ་རང་ལ་ཉེས་པ་ཕོག་ཟེར་བ་དང་། སོ་སོའི་སྤྱོད་ལམ་དེ་ལོག་པའི་ཕྱོགས་ལ་འགྲོ་ཟེར་བ་དེ་འདྲ་རྩ་བ་ནས་ཡོད་མ་རེད།

སྤྱིར་བཏང་འདུལ་བ་ལ་ཡིན་ན་བསླབ་པ་རྒན་གཞོན་ཟེར་ཡོང་དུས། བསླབ་པ་རྒན་པ་ཚོས་གཞོན་པ་ལ་ཕྱག་འཚལ་མི་རུང་གསུངས་པ་ཞིག་ཡོད་རེད། དེ་ཕྱག་འཚལ་མཁན་ལ་ཉེས་པ་ཕོག་འགྲོ་ཡི་ཡོད་པའི་སྐད་ཆ་མ་རེད། བསླབ་པ་རྒན་པས་བསླབ་པ་གཞོན་པ་ལ་ཕྱག་བཙལ་ན་གཞོན་པ་དེས་རྒན་པའི་ཕྱག་དེ་ལེན་ཐུབ་ཀྱི་མེད་གསུངས་བཞག་རེད། ཕྱག་འཚལ་མཁན་བསླབ་པ་རྒན་པ་ལ་ཉེས་པ་ཕོག་ཟེར་གྱི་ཡོད་མ་རེད། ཕྱག་འཚལ་སའི་ཡུལ་བསླབ་པ་གཞོན་པ་དེའི་བསོད་ནམས་ཟད་བྱེད་དང་། ཉེས་པ་གསོག་བྱེད་ཡོང་གི་ཡོད་ཚུལ་གྱི་སྒོ་ནས་འདུལ་བའི་ནང་བསླབ་པ་རྒན་གཞོན་བར་གུས་བཀུར་གྱི་རིམ་པ་གསུངས་རེད། དེ་འདྲ་ཡིན་དུས། སྤྱོད་པ་བཟང་པོ་ལུས་ངག་ཡིད་གསུམ་གའི་སྒོ་ནས་འགྲོ་བ་དང་མཉམ་དུ་ཆོས་ལ་སློབ་སྦྱོང་བྱ་རྒྱུ་དེ་གནད་ཆེན་པོ་ཞིག་རེད་སེམས་ཀྱི་ཡོད།

དེ་རྗེས་སློབ་སྦྱོང་གི་རིམ་པ་ཚོ་མཐར་ཕྱིན། སོ་སོ་རང་ཉིད་ཀྱིས་ཀྱང་གདུལ་བྱ་སློབ་མ་སྐྱོང་བའི་དུས་ཚོད་གཏན་གཏན་བསླེབ་རྒྱུ་ཞིག་ཡོད་རེད། དེ་འདྲ་ཡིན་དུས། ད་ལྟ་སོ་སོའི་ངོས་ནས་ཚུར་ཆོས་ཞུ་བའི་སྐབས་སུ་དགེ་བའི་བཤེས་གཉེན་ཚོ་ལ་དད་པ་དང་མོས་གུས། ལུས་ངག་ཡིད་གསུམ་གྱི་ཀུན་སློང་དང་ཀུན་སྤྱོད་བཟང་པོ་ག་ཚོད་ཅིག་སྐྱེ་ཡི་ཡོད་ན། རྟེན་འབྲེལ་དེའི་དབང་གིས་མ་འོངས་པ་ན་སོ་སོས་གདུལ་བྱ་སློབ་མ་སྐྱོང་བའི་སྐབས་སུ། སློབ་མ་ཚོའི་ངོས་ནས་དད་པ་དང་མོས་གུས། ཆོས་ཀྱི་སློབ་སྟོན་གང་དང་གང་ཡིན་ཐམས་ཅད་ཐུགས་ལ་གཟུང་བ་དང་། ཚུལ་བཞིན་ལག་ལེན་བསྟར་རྒྱུ་སོགས་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་རེད་དྲན་གྱི་ཡོད། དེ་ནས་སློབ་སྦྱོང་གི་རིམ་པ་ཚོ་མཐར་ཕྱིན། མཐར་ཕྱིན་ཟེར་བ་དེའང་ངོ་མ་མཐར་ཕྱིན་འགྲོ་བ་ཞིག་མ་རེད། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་མཐར་ཕྱིན་ནས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་བརྩོན་མི་དགོས་པ་དེ་འདྲ་མེད་པ་ཡིན་ནའང་། གནས་སྐབས་ཤིག་ལ་རིམ་པ་འདྲ་པོ་ཞིག་ཕར་བརྒལ་ཚར་འགྲོ་དུས། སོ་སོ་རང་གི་ངོས་ནས་ལོ་ནས་ལོ་མཐུད་དེ་སྦྱངས་བཞག་པ་དང་། ཤེས་བཞག་པའི་ཆོས་དེ་ཚོ་སློབ་མ་ཚོ་ལ་ཕར་སྤེལ་ཐུབ་དགོས་ཀྱི་ཡོད་རེད། དེ་ལྟར་སྤེལ་བའི་སྐབས་འཇིག་རྟེན་ཆོས་བརྒྱད་ཟེར་ཡོང་དུས། དེའི་ནང་ནས་གཙོ་བོར་དང་དུ་ལེན་པ། རྙེད་པ། བདེ་བ། གྲགས་པ། གུས་བཀུར་དེ་ཚོ་ཤུགས་ཆེ་བསྡད་ཡོད་རེད། གང་ལྟར་ཡང་ཆོས་ཀྱི་སྒོ་ནས་སློབ་མ་སྐྱོང་དུས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་ཤོར་བ། དེ་ཡང་འཇིག་རྟེན་ཆོས་བརྒྱད་རྩ་བ་ནས་སྤངས་ཟེར་བ་དེ་འདྲ་སོ་སོ་སྐྱེ་བོའི་གནས་སྐབས་ལ་ཁག་པོ་ཞིག་ཡིན་ན་ཡང་། ཆོས་བརྒྱད་ཀྱི་ཆ་དེ་ག་ཚོད་ཡིན་ནའང་མར་ཉུང་དུ་བཏང་། བསྟན་པ་དང་སེམས་ཅན་ལ་ཕན་འདོད་ཀྱི་བསམ་པ་དེ། ག་ཚོད་ཡིན་ནའང་ཤུགས་ཆེ་རུ་བཏང་སྟེ་ཆོས་དང་མཐུན་པའི་སྒོ་ནས་སློབ་མ་བསྐྱངས་ན། ཕ་རོལ་སློབ་མ་ཚོ་ལ་ཕན་ཐོགས་ཆེན་པོ་ཞིག་སླེབས་འགྲོ་ཡི་ཡོད་རེད། སོ་སོའི་ངོས་ནས་བསམ་མནོ་བཏང་ན་ཀུན་སློང་བཟང་པོ་དེ་དང་མཐུན་པའི་བྱ་བ་ཡིན་ན་ཡང་སྟོན་པ་བཅོམ་ལྡན་འདས་དང་། རྗེས་འཇུག་འཕགས་པའི་གང་ཟག་ཚོས་གསུངས་བཞག་པའི་བརྗོད་བྱ་དང་རྗོད་བྱེད་བསླུ་བ་མེད་པའི་སྒོ་ནས་སློབ་སྟོན་བྱེད་དུས། དེ་ལས་ལྷག་པའི་ཕན་ཡོན་རྩི་ས་མེད་པ་ཧ་ཅང་གིས་ཕན་ཡོན་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད།

ཡང་ཆོས་ཟེར་བ་དེ་ཁའི་སྟེང་དུ་ཁུར། བསམ་བློ་གཏོང་སྟངས་དེ་འཇིག་རྟེན་པའི་བསམ་བློ་ཆོས་བརྒྱད་ཀྱི་དབང་དུ་བཏང་། དེ་འདྲའི་སྒོ་ནས་ཆོས་འཆད་ཉན། མཚམས་བསྙེན་སྒྲུབ་གང་འདྲ་ཞིག་ལ་བརྩོན་ན་ཡང་། ལྟར་སྣང་ལ་ཆོས་ལྟར་དུ་བྱས་པ་སྣང་ན་ཡང་། དོན་དག་ངོ་མར་ཆོས་དང་མཐུན་གྱི་ཡོད་མ་རེད། ཆོས་དེ་བེད་སྤྱོད་ལོག་པའི་ཐོག་ལ་བཏང་འགྲོ་ཡི་ཡོད་རེད། ཆོས་དེ་འཇིག་རྟེན་སྒྲུབ་བྱེད་ཆགས་འགྲོ་ཡི་ཡོད་རེད། ཆོས་དེ་སྐད་གྲགས་སྒྲུབ་བྱེད་ཆགས་འགྲོ་ཡི་ཡོད་རེད། ཆོས་དེས་གོ་གནས་སྒྲུབ་བྱེད་ཆགས་འགྲོ་ཡི་ཡོད་དུས། ལྟར་སྣང་ལ་ཆོས་ལྟར་དུ་སྣང་ན་ཡང་། ཀུན་སློང་ངན་པའི་སྟོབས་ཀྱིས་བེད་སྤྱོད་ཕྱིན་ཅི་ལོག་པ་གཏན་གཏན་ཆགས་འགྲོ་ཡི་ཡོད་རེད། དེ་ཡང་མཁན་ཆེན་ངག་གི་དབང་པོས་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས་ནང་ལ་གསུངས་བཞག་འདུག མི་གཡོ་སྒྱུ་ཅན་གྱིས་བོང་བུའི་ཤ་ལ་རི་དྭགས་ཀྱི་སྤུ་གཏོར་ནས་རི་དྭགས་ཀྱི་ཤ་ཡིན་མདོག་བྱས་ཏེ། མི་མགོ་བསྐོར་ནས་འཚོང་གི་ཡོད་པ་དེ་དང་ཁྱད་རྩ་བ་ནས་མེད་པ་དེ་འདྲ་གསུངས་ཡོད་རེད། དེ་འདྲ་ཡིན་དུས་དེ་ལས་ཐབས་སྡུག་ཅིག་མེད་རེད། སྤྱིར་བཏང་འཇིག་རྟེན་གྱི་བྱ་བ། དེའི་ནང་ནས་ཀྱང་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་ཟེར་རྒྱུ་དེ་ཚོ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡིག་པ་ཆེན་པོའི་གྲས་ལ་བརྩིས་བསྡད་ཡོད་རེད་དེ། དེ་འདྲའི་སྡིག་པ་ལས་ཀྱང་ཆོས་དེ་ཚུལ་བཞིན་དུ་མ་བྱས་པར། བེད་སྤྱོད་ཕྱིན་ཅི་ལོག་པར་བཏང་བཞག་པ་དེ་ཉེས་པ་ཆེ་ཡི་ཡོད་རེད། ཆོས་བཤད་པའི་སྐབས་སུ་ཁ་ཤས་ཀྱིས་ཆོས་ཀྱི་དོན་དག་ཚུལ་བཞིན་དུ་ཧ་མ་གོ་ནས། དོན་དག་ཕྱིན་ཅི་ལོག་པར་འགྲེལ་བཤད་རྒྱག་མཁན་རིགས་ཤིག་ཀྱང་ཡོད་རེད། དེས་ཀྱང་ཆོས་དེ་བེད་སྤྱོད་ལོག་པར་བཏང་འགྲོ་ཡི་ཡོད་རེད། བསམ་བཞིན་དུ་བཏང་བཞག་པ་དེ་འདྲ་མིན་ནའང་ཆོས་ཀྱི་དོན་དག་དེ་ཧ་མ་གོ་ནས་ལོག་པ་ཆགས་པ་ཞིག་རེད།

ཡང་ཁ་ཤས་ཀྱིས་ཆོས་ཀྱི་དོན་དག་དེ་ཧ་གོ་བསྡད་ཡོད་ན་ཡང་། ཀུན་སློང་ངན་པའི་སྒོ་ནས་བེད་སྤྱོད་ལོག་པ་བཏང་འགྲོ་བ་དེ་འདྲ་ཡང་ཡོད་རེད། གང་ལྟར་དེ་གཉིས་ཀས་བེད་སྤྱོད་ལོག་པར་བཏང་བ་དེ་འདྲ་འདྲ་རེད། དེ་ལ་བཟང་ངན་དབྱེ་འབྱེད་བྱ་རྒྱུ་ཅི་ཡང་མེད་རེད། གཅིག་གིས་མ་ཤེས་བཞིན་དུ་བེད་སྤྱོད་ལོག་པ་ཆགས་འགྲོ་ཡི་ཡོད་རེད། གཅིག་གིས་ཤེས་བཞིན་དུ་བེད་སྤྱོད་ལོག་པར་བཏང་བཞག་པ་ཞིག་ཆགས་ཡོད་དུས། ད་དུང་དེ་གཉིས་ནང་ནས་ཤེས་བཞིན་དུ་བེད་སྤྱོད་ལོག་པར་བཏང་བཞག་པ་དེ་ཉེས་པ་ཆེ་ཡི་ཡོད་རྒྱུ་རེད་དྲན་གྱི་འདུག དེ་འདྲའི་ཆོས་བེད་སྤྱོད་ལོག་པར་བཏང་བཞག་པ་དེ། རྣམ་སྨིན་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུའི་ནང་ནས་དེ་ལས་ཉེས་པ་ཆེ་ཚད་ཅིག་མེད་གསུངས་བཞག་འདུག་ག རྒྱུད་བླ་མའི་ནང་ཆོས་ཀྱི་དོན་དག་ཕྱིན་ཅི་ལོག་པར་བཀྲལ་བཞག་པ་དེ་ཉེས་པ་ཆེ་ཚུལ། སེམས་ཅན་བརྒྱ་ཕྲག་མང་པོའི་སྲོག་བཅད་པ་ལས་ཀྱང་ཉེས་པ་ཆེས་ཆེ་ཚུལ་དེ་འདྲ་ཡང་གསུངས་བཞག་འདུག་ག རྒྱུ་མཚན་དེ་ཚོ་ལ་བརྟེན་ནས། མཁན་པོ་གཞན་དགའི་གསུང་སྲོལ་ལ་ཆོས་ཕྱིན་ཅི་ལོག་པར་འགྲེལ་མཁན། ལྟར་སྣང་ལ་ཆོས་པའི་གཟུགས་བརྙན་དེ་འདྲ་ཞིག་དང་། མི་ཚེ་ཧྲིལ་པོ་ལ་སེམས་ཅན་བསད་དེ་རྔོན་བརྒྱབས་ནས་སྡོད་མཁན་རྔོན་པ་རྒད་པོ་གཉིས་ལས་འདམ་ག་རྒྱག་དགོས་ན། ཁོང་རྔོན་པ་རྒད་པོ་ལ་དགའ་ཆེ་ཡི་ཡོད་གསུངས་འདུག མི་ཚེ་ཧྲིལ་པོ་ལ་རི་དྭགས་གསོད་སྡོད་མཁན་རྔོན་པ་དེ་སྡིག་པ་ཆེན་པོ་ལོས་ཡིན། ཁོ་སྡིག་རྒན་ཡིན་ནའང་། ཆོས་ཕྱིན་ཅི་ལོག་པར་འཆད་མཁན་དེ་སྡིག་རྒན་རྔོན་པ་བས་ཀྱང་སྡིག་པ་ཆེ་བ་ཅན་ཞིག་ཡིན་དུས་ཁོང་གིས་རྔོན་པ་རྒད་པོ་འདེམས་ཀྱི་ཡིན་གསུངས་པའི་རྒྱུ་མཚན་དེ་འདྲ་ཞིག་ལ་ཐུག་ཡོད་རེད།

དེ་འདྲ་ཡིན་དུས་སོ་སོས་ཤེས་པའི་མདོ་དང་སྔགས་གང་ཡིན་ན་ཡང་། ནམ་ཞིག་གདུལ་བྱ་ལ་ཕར་སྤེལ་དགོས་ཀྱི་ཡོད་རེད། སློབ་མ་རྗེས་སུ་གཟུང་དགོས་ཀྱི་ཡོད་རེད། དེ་འཛིན་པའི་སྐབས་ཡིན་ན་ཡང་ཆོས་དང་མཐུན་པ། དེའང་མདོ་ལྟ་བུའི་ཆོས་ཡིན་ན། ཧ་ལམ་ཁྱབ་གདལ་དུ་བཤད་ན་ཡང་བཤད་རུང་བ་རེད། གསང་སྔགས་ཀྱི་ཆོས་ལྟ་བུ་ཡིན་ན། སློབ་མ་ལ་ཕན་ཐོགས་མི་ཐོགས་སྐད་ཆ་ཡོད་མ་རེད། སྣོད་དང་ལྡན་མི་ལྡན། སྣོད་ལྡན་ཡིན་ན་ཡང་སྨིན་བྱེད་ཀྱི་དབང་སྐུར་སྔོན་དུ་འགྲོ་དགོས་པ། སྨིན་བྱེད་ཀྱི་དབང་སྐུར་ཡིན་ན་ཡང་ཞུ་མཁན་ག་ཚོད་ཡོད་ཡོད་ལ་བསྐུར་ཟེར་བའི་ལོ་རྒྱུས་དེ་འདྲ་དེ་སྔ་རྩ་ནས་བྱུང་མེད་པ་ཞིག་རེད། དཔེར་ན་ཡ་བཞི་ཡིན་ན་སློབ་མ་བདུན་ལས་ཡར་མང་མི་རུང་བ་གསུངས་བཞག་ཡོད་རེད། སྣོད་ལྡན་གྱི་སློབ་མ་གྲངས་ཉུང་ཉུང་ལ་གསང་བའི་སྒོ་ནས་བསྐུར་སྲོལ་ཡོད་རེད། སྔོན་གྱི་ལོ་རྒྱུས་སུ་པཎ་ཆེན་བི་མ་མི་ཏྲས་བོད་ན་ཐུན་མོང་གི་ཆོས་སློབ་མ་མང་པོ་ལ་གསུངས་པའི་ལོ་རྒྱུས་ཡོད་རེད། དེའི་ནང་ནས་ཐུན་མོང་མ་ཡིན་པའི་རྫོགས་ཆེན་གྱི་ཆོས་དེ་སློབ་མ་ལྔ་མ་གཏོགས་དེ་ལས་མང་བ་ལ་གསུངས་པའི་ལོ་རྒྱུས་རྩ་བ་ནས་མེད་རེད། དེ་ཡང་ལྐོག་ཆོས་སུ་བྱས་ནས་གསུང་ཚུལ་དེ་འདྲ་གསུངས་བཞག་འདུག་ག གུ་རུ་རིན་པོ་ཆེས་རྫོགས་ཆེན་གསུང་སའི་སློབ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རེད་མ་གཏོགས་ཁྱབ་གདལ་དུ་གསུངས་མེད་པ་དེ་འདྲའི་ལོ་རྒྱུས་ལ་བསམ་བློ་བཏང་ཡོང་དུས། གསང་སྔགས་ཀྱི་ཆོས་ཟེར་བ་དེ་ཁྱབ་གདལ་བྱས་ནས་གསུང་མི་རུང་བ། ཁྱབ་གདལ་ཟེར་རྒྱུ་དེ་སློབ་མ་མང་པོ་ལ་གསུང་བསྡད་རྒྱུ་དེ་ལ་ཁྱབ་གདལ་ཟེར་གྱི་ཡོད་རེད་མ་གཏོགས། གཞན་ཁྱབ་གདལ་གྱི་དོན་དག་མཛུ་གུ་འཛུགས་ས་མེད་རེད། དེ་འདྲ་ཡིན་དུས་སྣོད་དང་ལྡན་མི་ལྡན་བརྟག་པ་སྔོན་དུ་བཏང་། སྣོད་ལྡན་ཡིན་ན་ཡང་སློབ་མ་ཉུང་ཤས། ཉམས་ལེན་བྱ་ངེས་པ་ཅན་གྱི་རིགས་ལ་སྔོན་གྱི་རིག་འཛིན་རྒྱུད་པའི་ཕྱག་སྲོལ་དང་བསྟུན་ནས་གསུང་བའི་སྲོལ་ཞིག་ཡོད་རེད།

དེ་འདྲ་ཡིན་དུས། ད་ང་རང་ཚོས་ཆོས་ཕར་འཆད་པའི་སྐབས་ཡིན་ན་ཡང་ཆོས་དང་མཐུན་པར་བྱས་ནས་བཤད་དགོས་ཀྱི་ཡོད་རེད། ཆོས་དང་མཐུན་ཟེར་བ་དེ། སྔོན་གྱི་སངས་རྒྱས་དང་འཕགས་པའི་གང་ཟག་ཚོས་གང་འདྲ་ལག་ལེན་བསྟར་འདུག དེ་དང་རྗེས་སུ་བསྟུན་ནས། ང་ཚོའི་ཁ་དཔེ་ལ་ཡང་། བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོའི་ནང་ནས་གང་མཁས་ཡིན། །ཟེར་བ་ནང་བཞིན་སྔོན་གྱི་བླ་མ་གོང་མ་ཚོར་ལད་མོ་བྱེད་པའི་སྒོ་ནས་ཆོས་དེ་ཕར་སྤེལ་དགོས་རེད། དེ་འདྲའི་བསམ་བློ་དེ་ཚོ་རྒྱུན་དུ་བཅངས། དེ་དང་བསྟུན་པའི་སྒོ་ནས་སོ་སོས་ཤེས་པའི་ཆོས་དེ་སློབ་མ་ཚོ་ལ་ཕར་སྤེལ་བ་ཡིན་ན། དམིགས་བཅས་དགེ་རྩའི་ནང་ནས་ཆོས་འཆད་པའི་དགེ་བའི་རྩ་བ་དེ་བསམ་གྱིས་མི་ཁྱབ་པ། ཚད་གཟུང་དུ་མེད་པའི་དགེ་བ་རླབས་པོ་ཆེ་ཡིན་ཚུལ་གསུངས་པས། སོ་སོས་དགེ་བའི་རྩ་བ་རྒྱ་ཆེན་པོ་ཞིག་གསོག་དགོས་ཀྱི་འདུག་བསམས་ན། སྣོད་ལྡན་གྱི་སློབ་མ་ལ་ཆོས་དང་མཐུན་པའི་སྒོ་ནས་ཆོས་ཀྱི་སྦྱིན་པ་ཆོས་བཤད་ན། བསོད་ནམས་གསོག་པའི་རྒྱུ་དེ་ལས་ལྷག་མེད་པ་ཞིག་རེད། དེ་འདྲའི་དགེ་བ་རླབས་པོ་ཆེ་གསོག་པའི་འཇོན་ཐང་ནུས་པ་རང་ལ་ཡོད་དུས་སོ་སོ་རང་གི་ངོས་ནས་ཀྱང་ལག་ལེན་བསྟར་ཐུབ་པ། བེད་སྤྱོད་བྱེད་ཐུབ་པ་དེ་གནད་འགག་ཆེན་པོ་རེད་མ་གཏོགས། རྒྱ་མཚོ་དེ་ཕར་བཞག།བ་གླང་གི་རྨིག་རྗེས་ཆུ་དེ་འཚོལ་བའི་བཟོ་འདྲ་པོ་བྱས་ནས། སོ་སོ་ལ་འཇོན་ཐང་དང་ནུས་པ་ཡོད་དུས། བསོད་ནམས་རླབས་པོ་ཆེ་བསྒྲུབ་རྒྱུའི་བྱ་བ་དེ་ཕར་བཞག་ནས། ཆོས་ཀྱི་གནད་དོན་རྒྱ་ཆེན་པོ་མ་ཤེས་མཁན་ཚོས་བསོད་ནམས་གསོག་དུས་ཕྱག་སྐོར་སྒྲིབ་སྦྱོང་ཟེར་བ་དང་། དེ་བཞིན་དུ་སྐུ་གསུང་ཐུགས་རྟེན་བཞེང་རྒྱུ་དང་། ཡར་མཆོད་མར་སྦྱིན་གྱི་སྦྱིན་པ་གཏོང་ཟེར་བ་འདྲ་པོའི་བསོད་ནམས་གསོག་པའི་ཐབས་ཤིག་ཡོད་རེད། དེ་ཚོས་བསོད་ནམས་ཀྱི་ཚོགས་རྫོགས་ཀྱི་མ་རེད་ཟེར་གྱི་ཡོད་མ་རེད་དེ། དེ་བས་ཆོས་ཀྱི་སློབ་སྦྱོང་ཡོད་མཁན། ཆོས་དང་མཐུན་པའི་ཆོས་སྦྱིན་གྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཐུབ་པའི་ནུས་པ་དང་མཐུན་རྐྱེན་ཡོད་མཁན་ཚོས། དེ་ཡི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་གནད་ཆེན་པོ་རེད། དེ་ང་ཚོའི་ལས་འགན་ཞིག་ཆགས་བསྡད་ཡོད་རེད།

ད་ང་ཚོ་བོད་ཀྱི་མི་རིགས་དེ་ཕྱིའི་རྒྱལ་ཁབ་ལ་སྐྱབས་བཅོལ་ནས་མི་ལོ་ལྔ་བཅུ་ལྷག་ཙམ་སོང་ཡོད་རེད། དེ་ཡང་དོན་དག་གཙོ་བོ་སྤྱིར་སངས་རྒྱས་ཀྱི་བསྟན་པ། བྱེ་བྲག་ཏུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཟེར་བ་ནང་བཞིན། རང་རང་གི་ཆོས་བརྒྱུད་དེར་ཉམས་ཉེས་ཆེན་པོ་ཞིག་སླེབས། ཉམས་ཉེས་དེ་བློས་རྩ་བ་ནས་བཟོད་མ་ཐུབ་ནས་རྒྱལ་ཁབ་གཞན་དག་ལ་སྐྱབས་བཅོལ་ནས་བསྡད་ཡོད་རེད། སྐྱབས་བཅོལ་བ་ཐམས་ཅད་དེ་འདྲ་རེད་ཅེས་ངས་བཤད་ཀྱི་ཡོད་མ་རེད། བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཚོ་དེ་འདྲའི་རྒྱུ་མཚན་འོག་ནས་སྐྱབས་བཅོལ་ལ་ཕེབས་བསྡད་ཡོད་རེད། ལྷག་པར་དུ་རང་རེ་རྣམས་ཀྱི་རྩ་བའི་བླ་མ་༸སྐྱབས་རྗེ་བདེ་བར་གཤེགས་པ་༸གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་ཡང་རྒྱུ་མཚན་དེའི་སྒོ་ནས་ཕྱིའི་རྒྱལ་ཁབ་ལ་སྐྱབས་བཅོལ་ནས་ཕེབས་ཡོད་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་སྤྱི་ལོ་ ༡༩༦༠ ཙམ་ནས་བཟུང་། རྒྱ་གར་གྱི་ས་ཆ་ལ་སླེབས་མ་ཐག་ཏུ་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ན་ལ་རྩལ་འདོན་གནང་བའི་ལོ་རྒྱུས་ཤིག་གཏན་གཏན་ཡོད་རེད། ཐོག་མར་བྷ་ལིང་པུར་ཟེར་བར་བོད་ནས་ཚུར་འབྱོར་བའི་སྐྱབས་བཅོལ་ཐམས་ཅད་ཕྱོགས་གཅིག་ལ་སྤུང་ས་དེ་རུ་བཞུགས་པའི་སྐབས། ཡར་ངོ་མར་ངོའི་ཚེས་བཅུ་འཚོག་རྒྱུ་དང་། དུང་སྒྲུབ་འཚོག་རྒྱུ་དེ་འདྲ་གནང་འདུག དེ་ནས་ལྷོ་ཕྱོགས་སྦེལ་ཀོབ་ལ་ཕེབས་ནས་གཞིས་གྲོང་དང་པོའི་སྨྱུག་ཁང་ནང་ལ་བཞུགས་པའི་སྐབས། ཡར་ངོ་མར་ངོའི་ཚེས་བཅུ་དང་། ས་སྐྱའི་ཁྲི་ཚོ་མཁན་པོ་འཇམ་དབྱངས་དཔལ་ལྡན་མཁན་པོར་བསྐོས་ཏེ། གྲྭ་པ་ལོ་གཞོན་ཁ་ཤས་ལ་དཔེ་ཁྲིད་ཞུ་རུ་བཅུག་ནས། བཤད་པའི་རྒྱུན་འདྲ་པོ་སྤྱི་ལོ་ ༡༩༦༡ ཙམ་ནས་འགོ་བཙུགས་བཞག་ཡོད་རེད། དུས་ཚོད་དེ་ལ་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ལྷག་པའི་བསམ་པ་ཉམས་པ་མེད་པ་ཞིག་ཡིན་དུས། དེ་འདྲའི་ཐུགས་ཁུར་བཞེས་རེད་མ་གཏོགས། རང་གར་མི་སུ་དང་སུ་ཡིན་ཡང་སོ་སོའི་ལྟོ་གོས་ཙམ་གྱི་བསམ་བློ་རེད་མ་གཏོགས། བསྟན་པ་སྤྱི་ཐོག་ལ་བཤད་སྒྲུབ་ཀྱི་བྱ་བ་འདུལ་བ་གཞི་གསུམ་གྱི་ལག་ལེན་བསྟར་རྒྱུ་ཕར་བཞག བསམ་བློ་ཙམ་ཡང་འཁོར་མཁན་དཀོན་པོ་རེད། ཐམས་ཅད་ཧ་ཅང་གིས་དཀའ་ངལ་འོག་ལ་ཚུད་བསྡད་ཡོད་རེད། ཡིན་ནའང་༸སྐྱབས་རྗེ་རིན་པོ་ཆེས་དུས་ཚོད་དེའི་སྐབས་ནས་བཟུང་སྟེ་ཆོས་འཆད་ཉན་གྱི་འགོ་བཙུགས་བསྡད་ཡོད་རེད།

དེའི་རྗེས་སུ་སྤྱི་ལོ་ ༡༩༦༣ ནས་རྣམ་གྲོལ་གླིང་གི་གཙུག་ལག་ཁང་ཐོག་མའི་རྨང་བཏིང་། ཡིན་ན་ཡང་མཐུན་རྐྱེན་དཔལ་འབྱོར་གྱི་སྐུ་ངལ་ཡོད་དུས་གཙུག་ལག་ཁང་དེ་མཐའ་གྲུབ་པ་ལ་ལོ་དཔེ་མང་པོ་འགོར་སོང་བ་རེད། འགོ་འཛུགས་དུས་དེ་སྤྱི་ལོ་ ༡༩༦༣ ནས་རེད། དེའི་སྐབས་ལའང་ཁྲི་ཚོ་མཁན་པོས་དཔེ་ཆ་གསུངས་པའི་ལོ་རྒྱུས་ཡོད་ས་ཡོད། ངས་ཤེས་པའི་སྐབས་སུ་སྨྱོ་ཤུལ་མཁན་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་ཁོང་དེ་དུས་དགོན་པ་ལ་བཞུགས་འདུག ཁོང་ལ་སློབ་མ་ཕལ་ཆེར་བཅུ་ཕྲག་ཙམ་འདུག དེ་ཚོ་ལ་ཉིན་ལྟར་དཔེ་ཆ་གསུང་བསྡད་འདུག ག་རེ་གསུང་གི་ཡོད་མེད་མི་ཤེས། ཤེར་ཕྱིན་དེ་ཚོ་གསུངས་པའི་སྐད་ཆ་འདུག དེ་འདྲ་བྱས་ནས་དེའི་སྐབས་སུ་ཡིན་ན་ཡང་འཆད་པའི་རྒྱུན་དེ་ད་དུང་སྐུ་ངལ་བསྐྱོན་ནས་བཙུགས་གནང་བསྡད་འདུག དེའི་རྗེས་སུ་མཁན་རིན་པོ་ཆེ་པདྨ་ཤེས་རབ་ཕེབས་རེད། དེ་དུས་ང་རང་ཐོག་མར་དཔེ་ཆ་སྦྱོང་བའི་སྐབས་རེད། ཁོང་གིས་ང་ཚོར་སྐྱབས་འགྲོའི་བསླབ་བྱ་ནས་བཟུང་སྟེ། སུམ་ཅུ་པ་དང་། རྟགས་འཇུག་དང་། གཞུང་ཕྲན་ཚེགས་འཆད་ཉན་གྱི་བཀའ་དྲིན་བསྐྱངས་རེད། དེ་ནས་མཁན་པོ་མཁས་གྲུབ་ཅེས་པ་ས་སྐྱའི་མཁན་པོ་ཁོང་ཕེབས། ཁོང་གིས་ཡིན་ནའང་དེ་ག་ནང་བཞིན་བྱས་ནས་ལོ་གསུམ་ལྷག་ཙམ་ལ་དཔེ་ཁྲིད་གནང་ཡོད་རེད། མདོར་ན་ད་ལྟ་ང་རང་ཚོའི་བཤད་གྲྭ་འདི་སྤྱི་ལོ་ ༡༩༧༨ ལ་དབུ་བརྙེས་པ་རེད། དེའི་སྔོན་ནའང་བཤད་གྲྭའི་དོན་དུ་སྐུ་ངལ་རབ་དང་རིམ་པ་མང་པོ་ཞིག་བསྐྱོན་ཡོད་རེད། སྤྱི་ལོ་ ༡༩༧༨ ལོ་ལ་མཁན་རིན་པོ་ཆེ་བརྩོན་འགྲུས་ཁོང་ཕེབས་ནས་ཁོང་གིས་མཁན་པོ་གནང་སྟེ་ད་ལྟ་ང་རང་ཚོའི་བཤད་གྲྭ་འདི་དབུ་ཚུགས་ཡོད་རེད། ད་ཧ་ལམ་ད་ལྟའི་བར་དུ་ལོ་སུམ་ཅུ་ལྷག་ཆགས་བསྡད་ཡོད་རེད། དེ་ནས་ལོ་རེ་བཞིན་དུ་ཡར་སྐྱེད་ཀྱི་རྣམ་པ་ཇེ་ཆེ་ཇེ་ཆེར་ཕྱིན་ནས་ད་ལྟའི་བར་དུ་གནས་བསྡད་ཡོད་རེེད། ཕྱི་དངོས་པོའི་སྟེང་ནས་ཀྱང་ཡར་སྐྱེད་འགྲོ་ཡི་ཡོད་རེད། ནང་དགེ་འདུན་གྱི་གྲངས་འབོར། ཆོས་ཀྱི་སློབ་སྦྱོང་གང་ཅིའི་ཐད་ནས་ཀྱང་ཡར་སྐྱེད་འགྲོ་ཡི་ཡོད་རེད། ད་ལྟ་ཞུས་མ་ཐག་ནང་བཞིན་གྱི་ད་ལྟའི་བར་དུ་ཡར་སྐྱེད་ཀྱི་རྣམ་པ་རེད་མ་གཏོགས། མར་རྒུད་པའི་རྣམ་པ་འདྲ་པོ་ཕལ་ཆེར་བྱུང་ཡོད་མ་རེད། ༸སྐྱབས་རྗེ་རིན་པོ་ཆེ་ཞི་བར་གཤེགས་ནས་ལོ་བརྒྱད་ལྷག་ཙམ་སོང་ཡོད་ནའང་མར་རྒུད་པའི་རྣམ་པ་འདྲ་པོ་བྱུང་ཡོད་མ་རེད།

དེ་འདྲ་ཡིན་དུས་བཤད་གྲྭ་འདི་ནས་ཐོན་པའི་གོང་ན་བཞུགས་པའི་སྤྲུལ་པའི་སྐུ་རྣམ་པ། མཁན་པོ་རྣམ་པ། སློབ་དཔོན་རྣམ་པ་སུ་དང་སུ་ཡིན་ནའང་༸སྐྱབས་རྗེ་རིན་པོ་ཆེ་ལ་དད་པ་དམ་ཚིག་གཡོ་བ་མེད་པ། འདི་ཕྱི་ཚེ་རབས་ཀུན་ཏུ་བླ་མའི་འདུ་ཤེས་སྐྱེད་མཁན་ཞིག་ཡིན་ནས་བཟུང་སྟེ། ༸སྐྱབས་རྗེ་རིན་པོ་ཆེ་སྐུ་དངོས་སུ་བཞུགས་མེད་ནའང་། སྐུའི་ཕྲིན་ལས་དེ་ད་ལྟ་ཡང་རྒྱུན་མ་ཆད་པ་ཞིག་ཡོད་བསྡད་པ་རེད། བཤད་གྲྭ་འདི་ཕྲིན་ལས་ཀྱི་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། སློབ་མ་རྣམས་ཀྱི་ལས་འགན་གཙོ་བོ་དེ་བླ་མའི་ཕྲིན་ལས་རྒྱུན་བསྐྱང་རྒྱུ་དེ་ཆགས་བསྡད་ཡོད་རེད། དཔེར་ན། སྔོན་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་འཛམ་བུ་གླིང་ལ་བྱོན། གདུལ་བྱ་སློབ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལ་སོགས་པ་བསྐོར་ནས་དགུང་གྲངས་བརྒྱད་ཅུ་ལྷག་ཙམ་གྱི་རྗེས་སུ་སྐུ་དངོས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཚར་ན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་སློབ་མ་ཐུན་མོང་ལྟར་དུ་བྱས་ན། སྟོན་པའི་གཏད་རབས་བདུན་སོགས་འཕགས་པའི་གང་ཟག་དེ་ཚོས་སྟོན་པས་ཆོས་གསུངས་པའི་མཛད་པ་ཕྲིན་ལས་དེ་ད་ལྟའི་བར་དུ་མི་ཉམས་པར་རྒྱུན་བསྐྱངས་བསྡད་ཡོད་རེད། དེས་ན་སྟོན་པ་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཟེར་ནའང་འདྲ། བསྟན་པ་དེ་དེང་སང་གི་བར་དུ་གནས་ཡོད་རེད། དེ་ལྟར་གནས་བྱེད་ཀྱི་འབད་རྩོལ་གཙོ་བོ་བྱེད་མཁན་དེ་སྟོན་པའི་རྗེས་འཇུག་སློབ་མ་དེ་ཚོ་ཆགས་ཡོད་རེད་མ་གཏོགས། སྟོན་པའི་རྗེས་འཇུག་སློབ་མ་ཚོས་ཐུགས་ཁུར་མ་བཞེས་ན། སྟོན་པ་སྐུ་མྱ་ངན་ལས་འདས་ཚར་འགྲོ་དུས་སྟོན་པའི་ཞལ་ནས་གསུངས་པའི་ཆོས་དེ་ཡང་ཧ་ལམ་ནུབ་འགྲོ་རྒྱུ་རེད་མ་གཏོགས་རྒྱུན་བསྐྱངས་ཟེར་བ་དེ་མེད་པ་རེད། དེ་ག་ནང་བཞིན་༸སྐྱབས་རྗེ་རིན་པོ་ཆེའི་ངོས་ནས་ཀྱང་། ངས་ད་ལྟ་ལོ་རྒྱུས་དང་སྦྲེལ་ནས་ཕྱིའི་རྒྱལ་ཁབ་ལ་སྐུ་ངལ་ཆེན་པོའི་སྒོ་ནས་བཙན་བྱོལ་བྱས་ཏེ་ཕེབས་ནས་བཟུང་ཐུགས་ཀྱི་འདུན་པ་གཏོད་ས་གཙོ་བོ་དེ་བཤད་སྒྲུབ་གཉིས་རེད་བསྡད་ཡོད་རེད། དེའི་ནང་ནས་ཀྱང་བཤད་པ་དེ་ལ་རྩལ་འདོན་ཤུགས་ཆེན་པོ་ཞིག་གནང་བཞག་ཡོད་རེད། དེ་ལྟར་གནང་བཞག་པའི་རྒྱུན་དེ་ད་ལྟའི་བར་དུ་གནས་བསྡད་ཡོད་རེད། དེ་ལྟར་གནས་བསྡད་པ་དེ་ཡང་རྣམ་གྲོལ་གླིང་གི་བཤད་གྲྭ་དེ་ནས་ཐོན་པའི་སྤྲུལ་པའི་སྐུ་རྣམ་པ། མཁན་པོ་རྣམ་པ། སློབ་དཔོན་རྣམ་པ་སོགས་ཐམས་ཅད་ཀྱིས་ཐུགས་ཁུར་བཞེས་བཞག་པའི་རྒྱུ་མཚན་དེ་ལ་རག་ལས་ཡོད་རེད།

ད་མ་འོངས་པ་ན་ཡང་༸སྐྱབས་རྗེ་རིན་པོ་ཆེའི་མཛད་པ་ཕྲིན་ལས་དེ་ཡུན་ནས་ཡུན་དུ་གནས་ཐུབ་པར་བྱེད་པ་ལ། བཤད་གྲྭ་ནས་ཐོན་པའི་མཁན་སློབ་སྤྲུལ་པའི་སྐུ་དགེ་བའི་བཤེས་གཉེན་དེ་ཚོ་ལ་རག་ལས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། སུ་དང་སུ་ཡིན་ཡང་འགན་འཁྲི་དམིགས་སུ་བཀར་བ་ཞིག་ཡིན་བསམ་པའི་བསམ་བློ་ཞིག་ཁུར་ནས། མཻ་སོར་བཤད་གྲྭ་ལ་བཞུགས་ནས་ཞབས་ཕྱི་ཞུས་ནའང་འདྲ། ཕྱི་ལོགས་དགོན་པ་ཁག་དང་། ཕྱིའི་རྒྱལ་ཁབ་ཁག་ནས་ཞབས་ཕྱི་ཞུས་ནའང་འདྲ། མདོ་དོན་༸སྐྱབས་རྗེ་རིན་པོ་ཆེའི་མཛད་ཕྲིན་དེ། མི་ཉམས་རྒྱུན་སྐྱོང་གི་ཞབས་ཕྱི་ཆེ་ཤོས་ཤིག་རེད་དྲན་གྱི་འདུག དེ་ཡིས་ངམ་ངམ་ཤུགས་ཤུགས་ཀྱིས་ཚོགས་རྒྱ་ཆེན་པོ་ཞིག་རྫོགས་བྱེད་དང་། རང་དོན་ཡིད་བྱེད་ཀྱི་ཀུན་སློང་སྒོ་ནས་མཚམས་བསྙེན་སྒྲུབ་སྡོད་པ་འདྲ་པོ་མ་ཡིན་པར། གནད་དུ་སྨིན་པའི་ས་ལམ་བགྲོད་བྱེད་ཀྱི་ཐབས་དེ་ལས་ལྷག་པ་ཞིག་མེད་པ་ང་རང་གིས་ག་དུས་ཡིན་ན་ཡང་དྲན་སྡོད་ཀྱི་ཡོད། དེ་འདྲ་ཡིན་དུས་རྩོམ་སྒྲིག་ཚོགས་ཆུང་གིས་བཤད་གྲྭ་ནས་ཐོན་པའི་མཁན་སློབ་དགེ་རྒན་ཚོ་ལ་བཀའ་སློབ་གསུང་རྒྱུར་རེ་བ་ཞུས་པའི་སློབ་སྟོན་སྙིང་པོའི་ནང་གི་སྙིང་པོ་དེ་ཡིན་དྲན་གྱི་ཡོད། ཐམས་ཅད་ཀྱིས་ཐུགས་ལ་བཞག་གནང་རོགས་ཞེས་པའི་སྐུལ་མ་དང་བཅས་ཏེ་མཚམས་འཇོག་རྒྱུ་ཡིན། ཐུགས་རྗེ་ཆེ།

རྩོམ་སྒྲིག་པ། མཐའ་དོན་དུ། མཁན་ཆེན་དམ་པ་གང་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ང་ཚོའི་བཅར་འདྲི་ཞལ་བཞེས་གནང་བར་སོར་བཅུའི་ཐལ་མོ་སྦྱར་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་། མཁན་ཆེན་གང་ཉིད་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་ཞུ་ཞུ།

གཞན་ཡང་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེའི་མདུན་ནས་སྔོན་རྗེས་དུ་མ་ལ་རིག་འཛིན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་རང་འགྲེལ། མཁན་ཆེན་ངག་གི་དབང་པོས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་པ། བཞི་བརྒྱ་པའི་འགྲེལ་པ། མཁན་ཆེན་ངག་གི་དབང་པོའི་རང་རྣམ་བཅས་ཐོབ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ལ་ཐུབ་བཟང་རིན་པོ་ཆེས་མཁན་ཆེན་ངག་དགས་མཛད་པའི་ཀུན་བཟང་ཐུགས་ཀྱི་ཏི་ལ་ཀ་ཁྲིད་ལུང་འབུལ་དུས་ངོས་ལ་ཡང་མཉམ་དུ་ཞུ་རྒྱུའི་གོ་སྐབས་ཐོབ། དེ་བཞིན་དུ་མཁན་པོ་ངག་དགའི་ཁྲེགས་ཆོད་ཀྱི་སྙན་རྒྱུད། ཐོད་རྒལ་གྱི་སྙན་རྒྱུད། གཉིས་ཀའི་ཡང་ཡིག་བཅས་ཀྱི་ཁྲིད་ལུང་ཐོབ་པས་བཀའ་དྲིན་ཤིན་ཏུ་ཆེ།

དེ་ནས་མཻ་སོར་བཤད་གྲྭར་དཔེ་ཁྲིད་ཀྱི་འགན་འཁུར་བའི་སྐབས་སུ་ས་སྐྱའི་མཁན་རིན་པོ་ཆེ་རིན་ཆེན་ཁོང་ཡང་སྤྱི་ལོ་ ༡༩༨༠ ནས་ལོ་གསུམ་རིང་མཻ་སོར་བཤད་གྲྭ་རུ་གདན་འདྲེན་ཞུས་རེད། ཁོང་གི་མདུན་ནས་མངོན་པ་མཛོད་གཞན་དགའི་མཆན་འགྲེལ་ལན་གྲངས་བཞི་རྒྱས་པ་བྱས་ནས་ཐོབ་སོང་། འགྲེལ་པ་དོན་གསལ་གཞན་དགའི་མཆན་འགྲེལ་གྱི་སྟེང་ནས་ལན་གྲངས་གཉིས་རྒྱས་པ་བྱས་ནས་ཐོབ་སོང་། མཁན་རིན་པོ་ཆེ་རིན་ཆེན་ནི་གཞན་དགའི་དངོས་སློབ་བྲག་ཡབ་མཁན་པོ་བློ་གྲོས་ཀྱི་སློབ་མའི་གཙོ་བོ་ཞིག་རེད། ཡང་མཁན་རིན་པོ་ཆེ་ཟླ་ཟེར་སྤྱི་ལོ་ ༡༩༨༣ ལོར་རྣམ་གྲོལ་གླིང་གི་བཤད་གྲྭ་རུ་ཕེབས་པའི་སྐབས་སུ་འཇིགས་གླིང་གསུང་ཡོན་ཏན་མཛོད་ཀྱི་འགྲེལ་པ་སོག་པོ་བསྟན་དར་གྱིས་མཛད་པ་དེའི་བཤད་པ་དང་། བོད་པ་སྤྲུལ་སྐུས་མཛད་པའི་ལྟ་གྲུབ་ཤན་འབྱེད། ཤེར་ཕྱིན་གྱི་འགྲེལ་པ་དེ་ཚོ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ། ད་དེ་ཚོ་རང་ངོས་ནས་མཚན་ལྡན་གྱི་བླ་མ་དག་གི་སྐུ་མདུན་ནས་གཞུང་ཆེན་ཁག་ལ་སློབ་གཉེར་ཇི་ལྟར་བྱས་ཚུལ་དང་བརྒྱུད་རིམ་སྐོར་ཞུས་པ་ཡིན།

རྩོམ་སྒྲིག་པའི་གསལ་བཤད། བཅར་འདྲི་འདི་ལ་མཁན་ཆེན་ཉིད་ནས་མཐའ་མའི་ཞིབ་ཆ་ལན་གཉིས་གནང་ཡོད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།