མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ།

རྩོམ་སྒྲིག་པ།
མཁན་རིན་པོ་ཆེ་མཆོག་ཐོག་མར་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་ཚུལ་དང་འབྲེལ་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།

མཁན་རིན་པོ་ཆེ།
ང་ལ་ལོ་རྒྱུས་ཟེར་བྲི་རིན་ཡོད་པ་ཆེར་མེད་ཀྱང་། དྲིས་པའི་ལན་ཙམ་ཞུ་ན། ངའི་མི་རྒྱུད་དེ་སྔར་གྱི་དུས་སུ་དཔལ་ཤུལ་ཁྲ໋་ཐར་མའི་ཡུལ་དུ་ཁྲ໋་ཁྲི་དཔོན་རྒྱལ་པོའི་རིགས་ལས་རྒྱལ་བ་ཀ῝ཐོག་པའི་འབུམ་པ་རྣམ་གསུམ་གྱི་ནང་ཚན་བྱང་ཆུབ་འབུམ་འཁྲུངས་པ་སོགས་ཀྱི་རིགས་རྒྱུད་དུ་གྲགས། རྗེས་སུ་གོ་འཇོའི་ལུང་པར་ཁང་སར་ལྡིང་དཔོན་གྱི་མངའ་འབངས་སྦྲ་ནག་འབྲོག་སྡེར་ལྡིང་ཚབ་ཁྲི་ལོང་ངམ་དངོས་གྲུབ་ཀྱི་རྒྱུད་ལས་ཕ་བདུད་འདུལ་དང་། མ་དཔལ་ཆེན་གཉིས་ཀྱི་རིགས་སུ་སྐྱེས། ཁུ་བོ་ཁྲི་དཔོན་བློ་དགའ་དང་ཁྲི་དཔོན་དབང་འདུས་གཉིས་བསྟན་སྲིད་ཀྱི་དོན་དུ་རྐྱེན་ལམ་ལ་ཤོར་བའི་ཤུལ་དུ་སྐྱེས་པས་དཀའ་སྡུག་ཚད་ལས་འདས་པའི་འོག་ནས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་སོགས་གང་ཡང་མ་བྱུང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ཐེངས་དང་པོ་རྒྱ་གར་ནས་བོད་ལ་ལོག་ཕེབས་དུས་ཕ་དང་མཉམ་དུ་མཇལ་བཅར་ཞུས། བུ་འདི་གྲྭ་པ་བཟོ་རྒྱུར་དགོངས་པ་གཟིགས་རོགས་ཞུས་སོང་བས། འོ་ཡ། ཁྱེད་རང་ཚོ་མི་བརྟན་པོ་རེད་བ། ང་མཉམ་དུ་འགྲོ་ཐུབ་ན་གསུངས། ཙནྡན་གྱི་ཕྲེང་བ་ཞིག་གནང་བས་རྟེན་འབྲེལ་ཆོས་ཕྱོགས་སུ་འགྲིགས། ཕྲན་གྱིས་གསུང་དེ་ཐོས་མ་ཐག གཅིག་ན་རྒྱ་གར་འཕགས་ཡུལ་ཟེར་བ་ཡག་པོ་ཤ་སྟག་ཐོས་པ་དང་། གཉིས་ན་༸སྐྱབས་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་སླེབས་པའི་དགའ་སྤྲོ་སྨྲ་མི་ཤེས་པ་ཞིག་བྱུང་། ༸སྐྱབས་རྗེ་རིན་པོ་ཆེ་དཔལ་ཡུལ་དུ་ཕེབས་རྗེས་སུ་ལུང་པ་སྟོང་སོང་བ་ལྟ་བུའི་ཚོར་སྣང་གིས་ངས་སེམས་ཀྱི་གཏིང་ནས་འཆི་བ་སྲོག་ལ་ཐུག་ཀྱང་༸སྐྱབས་རྗེ་རིན་པོ་ཆེའི་རྗེས་སུ་འགྲོ་རྒྱུ་ཐག་བཅད་པ་ཡིན། ལོ་དེའི་དགུན་ཟླ་འབྲིང་པོའི་ནང་རི་བོ་ཧི་མ་ལའི་རི་ལུང་འཕྲང་གསུམ་བརྒལ་ཏེ་ལོ་སར་སྐབས་རྣམ་གྲོལ་གླིང་དུ་འབྱོར། ལོ་སར་ཚེས་གཅིག་ཉིན་གཟིམས་ཆུང་དུ་བོས་པ་ལྟར་བཅར། བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་ཟུང་གིས་གཟན་ཤམ་སྐ་རགས་བཅས་གནང་སྟེ། ངུར་སྨྲིག་རྒྱལ་མཚན་འཛིན་པའི་སྐལ་བ་ཐོབ། ༸སྐྱབས་རྗེ་རིན་པོ་ཆེ་ནས་ད་ཁྱོད་ལ་འདིར་ཕ་མ་དང་ཕ་ཡུལ་མེད་བ། ང་སར་ནང་གྱིས། རྟག་པར་ཤོག་གསུངས། ཞལ་མཐོང་གྲོལ་རིན་པོ་ཆེ་གར་དགུའི་ཉམས་ཀྱི་རྣམ་པ་ལྟ་བུར་མཇལ་བ་ནི་བརྗེད་པར་དཀའ་བ་དྲན་པའི་ཡུལ་དུ་ལྷམ་མེར་གསལ། དེ་ནས་བཤད་གྲྭར་ཞུགས་ཏེ་ཡིག་རྒྱུགས་ཨང་ཐོབ་རྩེ་གྲས་ཀྱི་གྲུབ་འབྲས་བླངས། དེ་སྔོན་ཐོས་བསམ་གྱིས་ཤེས་རྒྱུ་རྒྱ་མི་ཆེ་ཡང་ལོ་རིམ་དང་པོའི་དཔེ་ཁྲིད་དབུ་ཚུགས་པ་ནས་བཟུང་ལོ་རིམ་དགུ་པ་མ་ཐོན་གྱི་བར་ཆོས་ཁྲིད་ཉི་མ་གཅིག་ཀྱང་ཆད་མ་མྱོང་། མཁན་པོ་ཐོན་ནས་གཞུང་ཆེན་རྣམས་བསྐྱར་ཞུ་ཐེངས་རེ་གཉིས་མ་བྱས་པ་མེད། དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་རིན་ཆེན་གཏེར་མཛོད་དང་། སྔ་འགྱུར་བཀའ་མ་གཉིས་ཀྱི་དབང་ཐེངས་གཉིས་རེ་དང་། གཞན་དབང་ལུང་གི་བཀའ་དྲིན་མང་པོ་ཐོབ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་རིམ་ནོད་ཀྱི་ཐུབ་བསྟན་རིག་པའི་གོ་ཆ་ཞེས་པའི་ཆོས་མིང་བསྩལ།
ཕྱི་ལོ་ ༡༩༨༧ ལོར། ལོ་རིམ་བཞི་པའི་སྐབས་སུ་༸གོང་ས་ཐམས་ཅད་མཁྱེན་པས་སེ་ར་ཐེག་ཆེན་གླིང་དུ་རིས་མེད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོ་ལ་གསུང་ཆོས་གནང་སྐབས། རྣམ་གྲོལ་གླིང་བཤད་གྲྭའི་སློབ་གཉེར་བའི་ངོས་ནས་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་ཕུལ། མཁན་ཆེན་པདྨ་ཤེས་རབ་ནས་ཁོ་བོ་གཟིམས་ཤག་ཏུ་སྐད་བཏང་ནས། གཞན་རྣམས་དང་པོ་བཤད་རྒྱུའི་འཚེར་སྣང་བྱེད་བཞིན་འདུག་པས་ཁྱེད་རང་གིས་དང་པོ་བཤད་དགོས་གསུངས། རྒྱུགས་ཕུལ་གྲུབ་པ་དང་། ༸གོང་ས་ཐམས་ཅད་མཁྱེན་པས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མཛད་པ་དང་བཤད་གྲྭའི་སློབ་སྦྱོང་ལ་ཐུགས་དགྱེས་པའི་གསུང་གླེང་མང་དུ་ཕེབས། ཕྱི་ལོ་ ༡༩༩༠ ལོར་༸ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་གདན་ས་རྣམ་གྲོལ་གླིང་དུ་ཕེབས་སྐབས། ཐེག་དགུའི་གཞུང་བཤད་ཀྱི་མཆོད་སྤྲིན་ཕུལ། ངེས་ཤེས་སྒྲོན་མེའི་གཞུང་དོན་གྱི་ཐོག་ལ་དམ་བཅའ་བཞག་པས། ༸ཆོས་རྗེ་མཆོག་ཐུགས་དགྱེས་པའི་ངང་ནས་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་ལ་བྱ་བ་བྱེད་ཚུལ་སྙིང་པོ་ཅན་གྱི་བཀའ་སློབ་བསྩལ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་རྒྱ་གར་གྱི་གནས་ཆེན་ཁག་ལ་གནས་སྐོར་འཁྲིད་སྐབས། དཔལ་ནཱ་ལནྡཱར་འབྱོར་བ་དང་། དེ་རིང་རྟེན་འབྲེལ་གྱི་ཆེ་བ་ཡོད་པས་བཤད་གྲྭ་བ་རྣམས་ནས་རྩོད་པ་གནང་ཤོག་གསུངས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དབུ་བཞུགས་ཐོག རག་མགོ་མཆོག་སྤྲུལ་རིན་པོ་ཆེ་སོགས་དམ་བཅའ་བཞུགས། ཕྲན་ནས་རྩོད་པ་འུར་པོ་ཞིག་མཆོད་སྤྲིན་དུ་ཕུལ་བས། དེར་བཞུགས་ཀུན་བཞད་མོའི་འུར་སྒྲས་ཁེངས།
ཕྱི་ལོ་ ༡༩༩༡ ལོར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་ཐེངས་དང་པོའི་སྐབས་སུ་རྩོམ་སྒྲིག་པའི་འགན་ཁུར་ཞུས། ལོ་དེར་ལོ་རིམ་དགུ་པ་ཐོན་གྱི་ཡོད་པས། ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ཉིན། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་རྫོགས་པ་ཆེན་པོའི་སེམས་ཁྲིད་ཅིག་གསུང་རོགས་ཞུས་པས། ཅུང་དགོངས་པ་ལ་བཞུགས། འོ་ཡ་གསུངས་ནས་དབུ་བཙུགས། སྒྲུབ་ཁང་དུ་སྡོད་འདུན་ཆེ་ཡང་དཔེ་ཁྲིད་ཀྱི་འགན་འཁུར་དགོས་གསུངས། གཏེར་སྟོན་རཏྣ་གླིང་པ་རྟེན་འབྲེལ་གྱི་སྣ་ཁ་འཕྱུགས་མ་མྱོང་བས་དེའི་ཐོག་ནས་ཚེ་སྒྲུབ་གྱིས་གསུངས། ལགས་སོ་ཞུས། ཚེ་སྒྲུབ་ལ་ཞུགས། ཞལ་རྩེད་ཀྱི་ཚུལ་དུ། ང་ལ་ཕུར་པ་བཀའ་དྲིན་ཆེན་པོ་ཡིན་པས། ཕུར་པ་སྐུ་མདོག་སྔོན་པོ་ཡིན་ཀྱང་ངས་གསེར་བྱུགས་ཡོད་གསུངས། ཕུར་སྒྲུབ་ཅིག་ཞུས་པས་དེ་ལྟར་གྱིས་གསུངས། གནས་ཀྱི་ཆེ་བ་ལ་བརྟེན་བལ་ཡུལ་ཡང་ལེ་ཤོད་དུ་བསྙེན་ཚད་ཁ་སྐོང་སྦྱིན་སྲེག་དང་བཅས་པ་བསྒྲུབས། ལོ་རིམ་དྲུག་པའི་སྐབས། ཕྱི་ལོ་ ༡༩༨༦ ལོར་ཝཱ་ཎ་བོད་ཀྱི་སྐད་ཡིག་དང་རིག་གཞུང་བགྲོ་གླེང་ཐེངས་གཉིས་པ་ལ་མཉམ་ཞུགས་བྱས། ཕྱི་ལོ་ ༡༩༩༣ ལོར་༸གོང་ས་མཆོག་དབུ་བཞུགས་ཐོག་ནུབ་ཕྱོགས་མཁས་པའི་བགྲོ་གླེང་རྡ་སར་འཚོགས། སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་ཚབ་ཏུ་ཉིན་གསུམ་རིང་ཚོགས་ཞུགས་ཞུས། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་། བལ་ཡུལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ། བོད་དུ་དཔལ་ཡུལ་མ་དགོན་ཆེན་མོའི་བཤད་གྲྭ་ཐོས་བསམ་དར་རྒྱས་གླིང་བཅས་སུ་དཔེ་ཁྲིད་ཀྱིས་སྲི་ཞུ་བསྒྲུབས། དུས་ཚོད་ཁོམ་རིགས་ལ་༸སྐྱབས་རྗེ་སངས་རྒྱས་ཚེ་རིང་རིན་པོ་ཆེ། ༸སྐྱབས་རྗེ་ཐུབ་བཟང་རིན་པོ་ཆེ། ༸སྐྱབས་རྗེ་བླ་མ་ཨ་ཁྱུག་རིན་པོ་ཆེ་དང་། གཞན་མཁན་སྤྲུལ་རྣམས་ཀྱི་མདུན་ནས་རྫོགས་པ་ཆེན་པོའི་ཞལ་རྒྱུན་དང་ཁྲིད་རྒྱུན་རྣམས་ཞུས། དེ་ནས་ཤར་ནུབ་ཀྱི་རྒྱལ་ཁབ་དང་ཡུལ་གྲུ་ཁ་ཤས་འགྲིམས་ཏེ་ཆོས་ཚོགས་ཁག་ལ་ཆོས་འབྲེལ་དང་། འདི་ཡིན་གྱི་ཉམས་ལེན་མེད་ཀྱང་དེ་དག་གི་སྐབས་རང་གི་བློ་གྲོས་དང་ནུས་ཚོད་ལ་དཔགས་པའི་དུས་ཚོད་སྟོང་ཆ་མ་སོང་བར་ཉམས་ལེན་ལ་འབད་ཁུལ་བྱས། དུས་སྐབས་དེ་དག་ཏུ་རང་ལ་ཐོབ་པའི་དངུལ་དངོས་ཀྱིས་ཕ་ཡུལ་སྦྲ་ནག་དགོན་པ་ཐེག་ཆེན་བསམ་གཏན་འོད་གསལ་གླིང་གི་གཙུག་ལག་ཁང་གཞི་རྒྱ་ཆེ་ཞིང་བཀོད་ལེགས་པ་རྟེན་བརྟེན་པ་དང་བཅས་པ་ལེགས་པར་བཞེངས་གྲུབ། མཐར་བཀྲ་ཤིས་རབ་གནས་ཀྱིས་བརྒྱན་ཏེ་སྦྲ་ནག་སྡེ་དགོན་གཉིས་ཀྱི་ཚོགས་བསག་པའི་རྟེན་དུ་ཕུལ། ད་ལྟ་ཤེས་འཇོན་གཉིས་མེད་ཡིན་ཡང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་གཙོའི་ལས་གནས་ཀྱི་མིང་ཁུར་ནས་བསྡད་ཡོད།

རྩོམ་སྒྲིག་པ།
མཁན་པོ་མཆོག་དགོན་འདིའི་མི་རབས་རྙིང་པའི་གྲས་སུ་གཏོགས་པ་ཡིན་དུས། དེང་སང་ཡོངས་སུ་མ་གྲགས་ཤིང་། སློབ་མ་གསར་པ་རྣམས་ལ་མཐོང་ཐོས་ཀྱི་སྐལ་བ་དང་མ་ལྡན་པའི་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་རྣམ་ཐར་གྱི་ཆེ་བ་ཐུན་མོང་མ་ཡིན་པ་ཁ་ཤས་ཤིག་གསུང་རོགས།

མཁན་རིན་པོ་ཆེ།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་སླར་བོད་ཡུལ་དུ་མ་ཕེབས་ནས་ལོ་ངོ་ ༢༣ རིང་གཞིས་ལུས་རྣམས་ཚད་མེད་པའི་དཀའ་སྡུག་གི་མུན་ནག་ཏུ་ལྷུང་བ་ལ། ཕྱི་ལོ་ ༡༩༨༢ ལོར་གློ་བུར་དུ་ཤར་རིའི་ཕྲག་ནས་འོད་སྟོང་ལྡན་པའི་ཉི་མ་ཤར་བ་ལྟར། སྔར་གྱི་དཀའ་སྡུག་གི་མུན་པ་ཐམས་ཅད་ཡོངས་སུ་སངས་ཏེ་སྦྲ་ནག་འབྲོག་པས་ཚད་ལས་བརྒལ་བའི་དགའ་དད་སྤྲོ་གསུམ་གྱིས་གུས་བསུའི་སྤྲོ་སྐྱིད་ཉིན་བཅོ་ལྔ་ཙམ་བཏང་། བུ་ཕོ་རྣམས་ཤེད་རྩལ་འགྲན་པ་དང་། རྟ་ཕོ་རྣམས་བང་ཁ་གཤིབ་པ་དང་། མཛངས་མ་རྣམས་ཀྱིས་གླུ་བྲོ་སོགས་དགའ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་སྐབས། གཡུ་ལྟར་སྔོ་བའི་སྤང་ལྗོངས། དཀར་དམར་གྱི་ཚོན་མདོག་བཀྲ་བའི་མེ་ཏོག་སྣ་ཚོགས་ཀྱི་དཀྱིལ་དུ། རྟ་བང་བསྒྲིགས་ནས་རྐྱ་བསུས་སྣེ་དྲངས་ཏེ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀྲ་ཤིས་པའི་ཞབས་ཟུང་གི་རེ་ཁ་བཀོད་པ་དང་མཉམ་དུ། ཡུལ་འདིའི་ལྷ་ཀླུ་གཞི་བདག་རྣམས་དགའ་བའི་གར་ལ་བྲེལ་ཏེ། གློ་བུར་དུ་ལྷོ་སྤྲིན་ཕྱུག་མོ་ཕེབས་བསུའི་མཇལ་དར་ལྟ་བུ་ནམ་མཁའ་ལ་ལང་ལོང་དུ་འཕྱུར་བ་དང་། གཡུ་འབྲུག་སྔོན་མོ་ཞིག་གནམ་ས་མཐུད་པ་ལྟ་བུར་གྱེན་ལ་འགྲོ་བ་མཐོང་། ཡུལ་མིའི་ངག་རྒྱུན་ལ་འབྲུག་གནམ་ལ་འགྲོ་བ་ནི་རྟེན་འབྲེལ་ཆེན་པོ་རྩི་སྲོལ་ཡོད། ཡུལ་ལྷ་གཉེན་པོ་རི་འགེམས་ཀྱི་ལ་ཐོག་ཏུ་འཁོར་ལམ་སོགས་མེད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཕེབས་འཁོར་ནང་བཞུགས་ནས་ལ་ཐོག་ཏུ་ཕེབས། ཡུལ་ལྷའི་རྟེན་མཁར་ལ་བུམ་གཏེར་སྦ་ཆོག་སོགས་མཛད། དགྲ་ལྷ་དཔང་བསྟོད་ཀྱི་སྐབས་རྟེན་མཁར་གྱི་རྩེ་ནས་དགྲ་ལྷའི་མེ་སྟག་འཕྲོ་བའི་རྟགས་མཚན་ཁྱད་པར་ཅན་བྱུང་། དེ་ནས་ཕྲན་རྒྱ་གར་དུ་འབྱོར་རྗེས་ཉིན་ཞིག་༸སྐྱབས་རྗེ་རིན་པོ་ཆེ་ནས། གྲྭ་པ་འདི་ཚོའི་དོན་དུ་བླ་མ་རྣམས་གདན་འདྲེན་ཞུས་ཏེ། དབང་ལུང་མང་ཙམ་ཚུགས་ན་བསམས་ཀྱང་བླ་མ་རྣམས་ཕེབས་ཐུབ་ཀྱི་མི་འདུག་གསུངས། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་མི་ཕམ་བཀའ་འབུམ་དབང་ལུང་གྲུབ་ནས་མཎྜལ་གཏང་རག་སྐབས། དགེ་འདུན་དམངས་ལ་སྐུ་འགྱེད་འབུལ་དགོས། དངུལ་ཞིག་གཡར་པོ་རག་ན་གསུངས། ཞབས་གྲས་ཤིག་ནས། ད་ལྟ་བུ་ལོན་མང་པོ་ཡོད་རེད། ད་རུང་བུ་ལོན་ཆགས་ན་འོ་བརྒྱལ་ཡོང་ཞུས་སོང་། དེ་དུས་ཕྱི་རྒྱལ་སོགས་ནས་ཡོང་ཁུངས་རྩ་བ་ནས་ཡོད་པ་མ་རེད། འོན་ཀྱང་སེ་ར་ནས་དངུལ་གཡར་ཏེ་སྐུ་འགྱེད་ཕུལ་སོང་།
ཕྱི་ལོ་ ༡༩༩༠ ལོར་རྒྱ་བལ་གནས་ཆེན་ཁག་ལ་གནས་སྐོར་འཁྲིད་སྐབས། ཝཱ་ར་ཎཱ་སིར་མཚན་མོར་འབྱོར་ཏེ་ཆར་ཞོད་ཧ་ཅང་ཆེ་བས་ཞིང་ཁའི་ནང་དུ་གུར་འབུབས་དགོས་པས་དགེ་འདུན་པ་རྣམས་བཞུགས་ས་དང་ཞལ་ལག་སོགས་མ་འགྲིག་གི་བར་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ལས་བྱེད་རྣམས་དང་མཉམ་ཕེབས་གནང་། ཡང་ཉིན་ཞིག་མ་ཆེན་ལ་བཀའ་བཀྱོན་གནང་སྟེ་ཞལ་ལག་གཙང་མ་དང་ཡག་པོ་བཟོ་རོགས་གྱིས། དགེ་འདུན་བཞི་སྡེ་རེའི་ནང་བྱང་ཆུབ་སེམས་དཔའ་རེ་རེ་ཡོད་གསུང་གི་ཡོད་རེད་གསུངས། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་གཏེར་མཛོད་ལུང་གསུང་སྐབས་༸སྐྱབས་རྗེ་རིན་པོ་ཆེ་སྐུ་ནའི་བབ་དང་སྙུན་གཞི་ཡོད་ཀྱང་དགེ་འདུན་དམངས་དང་མཉམ་བཞུགས་གནང་། ཉིན་ཞིག་ཕྲན་ལ་གསུང་གསལ། ང་ལ་གཏེར་མཛོད་ལུང་ཐོབ་སོང་། ངའི་མིག་མི་གསལ་བས་ཕར་འདོན་ཐུབ་ཀྱི་མི་འདུག ང་མ་སོང་ན་གྲྭ་པ་ཚོས་ལུང་ཡག་པོ་གསན་གྱི་མ་རེད་བ་གསུངས། ཐེངས་གཅིག་དབང་ལུང་ཉི་མ་བཅུ་ཙམ་གསུངས། དེ་སྐབས་ཕྲན་ལ། གྲྭ་པ་ཚོ་ཟ་རྒྱུ་མེད་ནས་སླེབས་ཡོད་མ་རེད། ངའི་རྩ་ནས་ཆོས་འདྲ་ཐོབ་ཡོང་བསམས་ནས་སླེབས་རེད་བ། ངས་འདོན་དགོས་ཀྱི་རེད་གསུངས། ཐེངས་གཅིག་མདུན་འདུག་ཅིག་ནས། རིན་པོ་ཆེ་སྐུ་ནའི་བབ་དང་སྙུན་གཞིས་རྐྱེན་པས་གཞིིས་ཆགས་ཁག་ཏུ་ཞི་ཁྲོ་གནས་འདྲེན་སོགས་ལ་མ་ཕེབས་ན་ཞུས་སོང་། དེ་འདྲ་ག་བ་ཡོང་གི་རེད། ཁོང་ཚོས་ང་ལ་རེ་བ་ཞིག་བཅོལ་གྱི་ཡོད་རེད་བ། གསུངས། ཕྱི་ལོ་ ༢༠༠༠ ལོར་རིན་ཆེན་གཏེར་མཛོད་ཚེ་དབང་མདའ་འཕེལ་མའི་སྐབས་ཚེ་མདའ་སོར་གསུམ་ཙམ་རིང་དུ་སོང་བ་ད་ལྟ་ངའི་རྩར་ཡོད།
ཕྱི་ལོ་ ༡༩༩༡ ལོར་རྩོམ་སྒྲིག་པ་ཐེངས་དང་པོའི་འགན་ཁུར་བ་ཞིང་གཤེགས་དམ་པ་མཁན་རིན་པོ་ཆེ་དབང་ཕྱུག་བསོད་ནམས་དང་། ཕྲན་གཉིས་ལྷན་བཅར་ཞུས་པར། བོད་ནས་རྒྱ་གར་དུ་མ་འབྱོར་བར་གྱི་ལོ་རྒྱུས་གསུངས། འོན་ཀྱང་རྒྱུན་གཤིས་ཐུགས་ཤིན་ཏུ་སྒམ་པ་དང་། གསུང་དམ་པ། སྐུ་གཟི་བརྗིད་བཅས་ལ་བརྟེན་ནས་ཡང་བསྐྱར་བཀའ་འདྲི་སོགས་ཞུ་ནུས་བྲལ། མདོར་ན་༸སྐྱབས་རྗེ་བཀའ་དྲིན་ཅན་གྱི་སྐུ་མདུན་ལ་བཅར་ནས་བཟུང་། ང་ནི་ཡོད་ཚད་དག་པ་མཐོང་བའི་གང་ཟག་ཅིག་གཏན་ནས་མིན་ཀྱང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་འཇིག་རྟེན་མིའི་ངོས་ནས་བཤད་ན། ཕོ་ཚུགས་ནམ་ཡང་ཤོར་མ་མྱོང་ལ། དམ་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ན་བླ་ཚུགས་ནམ་ཡང་ཤོར་མྱོང་མེད། ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་ད་རེས་འགྲིག་མ་སོང་བསམ་པ་ཙམ་ཞིག་ནམ་ཡང་མཇལ་མ་མྱོང་། གཞན་དོན་དུ་དབང་ལུང་དང་། ཆོས་འཆད་སྤེལ་ལ་བསམ་ན། སྐུ་ཚེ་གང་པོར་དེ་རང་གནང་བསྡད་པ་ལྟ་བུ། གསོན་པོ་རྣམས་ལ་ཁྲུས་དང་བཀའ་བསྒོ། གཤིན་པོ་རྣམས་ལ་འཕོ་བ་དང་གནས་འདྲེན་མཛད་པ་ལ་བསམ་ན། སྐུ་ཚེ་གང་པོར་དེ་རང་མཛད་བསྡད་པ་ལྟ་བུ། དགོན་པ་གསར་རྒྱག་དང་ཆོས་ཚོགས་གསར་འཛུགས་སོགས་ལ་བསམ་ན། སྐུ་ཚེ་གང་པོར་དེ་རང་མཛད་བསྡད་པ་ལྟ་བུ། སྒྲུབ་པ་དང་སྒྲུབ་ཆེན། བདུད་རྩི་སྨན་སྒྲུབ་དང་བུམ་སྒྲུབ་སོགས་ལ་བསམ་ན། སྐུ་ཚེ་གང་པོར་དེ་རང་མཛད་བསྡད་པ་ལྟ་བུ། སྔོན་རྩ་རྫོགས་གསུམ་སོགས་ཁྲིད་དང་མན་ངག་གནང་བ་ལ་བསམ་ན། སྐུ་ཚེ་གང་པོར་དེ་རང་མཛད་བསྡད་པ་ལྟ་བུ། གཟིམས་ཆུང་སྦུག་ལ་བཅར་འགྲོ་དུས། མཛད་བྲེལ་གང་ཡང་མེད་པ་ལྟ་བུའི་སྐུ་ལྷོད་ཤིག་གེ ཞལ་བག་དྲོ་ཆིལ་ལེ། འཇིག་རྟེན་པའི་གཏམ་རང་རྒྱལ་གཞན་ཕམ་སོགས་ཡེ་ནས་མི་མངའ་བ་ལོ་རྒྱུས་དང་རྣམ་ཐར་འདྲ་པོའི་འཕྲོས་ལ་གོ་རྒྱུ་ཤིན་ཏུ་ཟབ་པ། ཞིབ་ཏུ་བསམ་ཚེ་གསུང་གི་བདུད་རྩིའི་ཟེགས་མ་རེ་རེས་བློ་སྣ་ཆོས་ཕྱོགས་སུ་བསྒྱུར་འགྲོ་བ་སོགས་གསུང་གི་ཆེ་བ་དུ་མ་ཡོད། ཐུན་མིན་གསང་བ་གསུམ་གྱི་མཛད་པ་ངས་མཇལ་མི་ཐུབ་ཀྱང་། ཐུན་མོང་མཐུན་སྣང་དུ་དགའ་དད་གཉིས་ཀའི་མུ་རེད་འགྲོ་བ་ཞིག་ཡོད།

རྩོམ་སྒྲིག་པ།
མཐོ་སློབ་ཆེན་མོ་འདིར་སྔར་མཁན་པོ་མཆོག་གིས་སློབ་གཉེར་དང་ཕྱག་ལས་གནང་བའི་སྐབས་དང་མི་འདྲ་བར། དེང་སང་འཛིན་སྐྱོང་དང་སློབ་གཉེར་གནང་སྟངས་ལ་འགྱུར་བ་གང་སོང་ཡོད་པ་དང་། དེ་ལ་དགེ་སྐྱོན་ཅི་འདྲ་གཟིགས་ཀྱི་ཡོད་ན་གསུང་རོགས།

མཁན་རིན་པོ་ཆེ།
འཛིན་སྐྱོང་གི་ཐད་ནས་བཤད་ན། ཉམས་མྱོང་མང་པོའི་བརྒྱུད་རིམ་གྱི་ཁྲོད་ནས་བྱུང་བ་ཡིན་དུས་ཡར་རྒྱས་ཀྱི་རྣམ་པ་འདྲ་མཐོང་སོང་། སློབ་གཉེར་གྱི་ཐད་ནས་ཞུས་ན། ད་དུང་གཞུང་ཆེན་ཁག་དེ་ཚོ་ལ་དམིགས་བསལ་ཤུགས་རྒྱག་དགོས་རྒྱུ་དེ་ང་ཚོའི་སྐབས་སུ་བབ་པའི་འགན་འཁྲི་གལ་ཆེན་ཞིག་མཐོང་གི་ཡོད། སྤྱི་ཡོངས་ལོ་རིམ་དགུའི་སློབ་ཚན་གྱི་ནང་དུ་མདོ་སྔགས་ཀྱི་ཆོས་གང་ལ་གང་འཚམས་ཤིག་བཞག་ཡོད་ཀྱང་། ད་དུང་ཕ་ཆོས་གནམ་ལྕགས་རལ་གྲི་ལྟ་བུ་ནང་རྒྱུད་སྡེ་གསུམ། དེ་དག་གི་དགོངས་འགྲེལ་བོད་གངས་ཅན་གྱི་ལྗོངས་སུ་རྫོགས་པ་ཆེན་པོའི་ཤིང་རྟ་རྣམ་གསུམ་དང་། ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་དེ་ཚོ་ལ་ཐོས་བསམ་དང་། བསྟན་དོན་ཚུལ་བཞིན་ཉམས་ལེན་གྱིས་རྒྱུད་ལ་འབྱོར་བ་ཞིག་བྱུང་ན་དགོས་པ་ཐམས་ཅད་ཀྱི་ནང་ནས་མཆོག བསྒྲུབ་བྱ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

རྩོམ་སྒྲིག་པ།
དེང་སང་ཕྱོགས་གང་སར་སློབ་གཉེར་བའི་ཕྱི་ཡི་མཐུན་རྐྱེན་སྔར་ལས་ལྡབ་མང་པོ་ཡར་རྒྱས་སོང་ཡོད་ནའང་། སྔར་གྱི་མཁས་པ་རྣམས་ཀྱི་རྗེས་ཟིན་པའི་ཀློག་པ་ཐོས་བསམ་པ་ཇེ་ཉུང་དུ་འགྲོ་བཞིན་འདུག་པ་འདི་ལ་དགོངས་ཚུལ་ཅི་འདྲ་ཡོད། དེ་ལ་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་གང་ཡོད་ན་གསུང་རོགས།

མཁན་རིན་པོ་ཆེ།
དེང་སང་སློབ་སྦྱོང་གི་དུས་སྐབས་འདྲ་པོ་ཆགས་ཀྱི་ཡོད་རེད། དཔེ་ཆ་སློབ་སྦྱོང་བྱེད་མཁན་དང་ཤེས་མཁན་དེ་ཆ་སྙོམས་བྱས་ན་མང་པོ་རེད། སྔར་གྱི་དཔེ་ཆ་སྦྱོང་མཁན་དང་། ད་ལྟའི་དཔེ་ཆ་སྦྱོང་མཁན་གཉིས་མི་འདྲ་བའི་ཁྱད་པར་ཡོང་ས་གཙོ་བོ་དེ། དཔེར་ན་དལ་འབྱོར་རྙེད་དཀའ་ལྟ་བུ་ལ་མཚོན་ན་ད་ལྟའི་དུས་སུ་ངག་ནས་སྐྱོར་རྒྱུ་དང་། དེ་ཤོག་ཐོག་ལ་བྲི་རྒྱུ་ཡོད་ན་དེས་ཤེས་པ་དང་འགྲིག་པ་རྩི། སྔ་མའི་དཔེ་ཆ་བ་དང་ཆོས་སྒྲུབ་མཁན་དེ་ཚོས་ངག་ནས་སྐྱོར་བ་ཙམ་མ་ཡིན་པ་དལ་འབྱོར་རྙེད་དཀའ་བ་རང་གིས་བསྒོམས་ཤིང་ཆོས་དང་རྒྱུད་གཉིས་འདྲེས་ནས་སེམས་རྒྱུད་ལ་འགྱུར་བ་འགྲོ་བ་ཞིག་ཉམས་སུ་ལེན་གྱི་ཡོད། སྔར་ཡིན་ན་དང་པོ་ཐོས་བསམ་གྱི་སྐབས་ནས་ཚེ་འདི་ལས་ཕྱི་མ་གལ་ཆེ་བ། དེ་ཡང་ཁ་ཕྱིར་བལྟས་ཙམ་མ་ཡིན་པ། ཁ་ནང་དུ་ལོག་ནས་སེམས་རྒྱུད་ཆོས་དང་འདྲེས་པ་ཞིག་དགོས་ཀྱི་ཡོད། ཚང་མ་ལ་ཟེར་གྱི་མེད་ཀྱང་། དེང་སང་མང་ཆེ་བ་ཚེ་འདིའི་ཆེད་དུ་ཤེས་བྱ་སློབ་སྦྱོང་རང་གི་ཐོག་ལ་སོང་བ་ཡིན་དུས། ཆོས་དང་རྒྱུད་གཉིས་འདྲེས་མཁན་ཉུང་ཉུང་ཆགས། དེ་ལ་བརྟེན་ནས་སྔར་གྱི་ཀློག་པ་ཐོས་བསམ་པ་དེ་ཚོའི་རྗེས་ཟིན་པ་ཇེ་ཉུང་ལ་འགྲོ་བའི་རྒྱུ་མཚན་དེ་ཚོས་མཚོན་པའི་མང་པོ་ཡོད་རྒྱུ་རེད། སྔར་གདན་ས་ཁག་གསུམ་ལ་མཁས་པའི་གྲགས་པ་ཡོད་མཁན་དགའ་ལྡན་ཁྲི་པ་ལ་ཕེབས་ངེས་པ་ཞིག་དང་། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཆོས་ཀྱི་བགྲོ་གླེང་གནང་སྐབས་དགེ་བཤེས་ཀྱི་ཞལ་ནས། ང་ཡིན་ན་གྲྭ་ས་སེ་འབྲས་དགའ་གསུམ་འགྲིམས་ནས་མཁས་པ་ཆགས་སོང་། ཁྱེད་རྫ་ཆུ་ཁ་ལུང་པ་ལུང་ཁུག་འདི་འདྲ་ཞིག་ལ་དེ་འདྲའི་མཁས་པ་ག་འདྲ་བྱུང་ཞེས་དགེ་བཤེས་ཧ་ལས། དཔལ་སྤྲུལ་རིན་པོ་ཆེས། སྒལ་ཚིགས་བྲག་ལ་སྦྱར་ནས་འདུག་ཐུབ་ན་འདི་ཙམ་ཤེས་པ་ལ་དཀའ་ལས་ཁག་རྒྱུ་མེད་གསུངས་པའི་ངག་རྒྱུན་ལྟར། ཐོས་པ་དེ་ཁ་ཕྱིར་བལྟས་ཀྱི་རྟོག་གེའི་རང་སྦྱོང་ཙམ་མ་ཡིན་པ། ཐོས་བསམ་སྒོམ་གསུམ་དཀྲུགས་མར་གནང་སྟེ་ཆོས་དང་རྒྱུད་གཉིས་འདྲེས་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད།

རྩོམ་སྒྲིག་པ།
སྔར་བོད་གངས་རིའི་ལྗོངས་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་པ་རྣམས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པའི་དགོངས་འགྲེལ་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་མང་པོ་ཞིག་མ་འོངས་པའི་གདུལ་བྱའི་སྐལ་བ་རུ་བཞག་འདུག དེང་སང་བཤད་གྲྭ་ཁག་ཏུ་སློབ་གཉེར་བའི་གྲངས་འབོར་མང་ཙམ་ཡོད་ཀྱང་། བསྟན་རྒྱུན་ལ་ཕན་ངེས་པའི་ཡིག་འཇོག་ཡོད་མཁན་ཕལ་ཆེར་མེད་པ་ལྟ་བུར་གྱུར་འདུག་ན་འདིའི་རྐྱེན་གང་ལ་ཐུག་པ་ཡིན་ནམ། དེའི་ཐད་ལ་དགོངས་ཚུལ་ཞིག་གསུང་རོགས།

མཁན་རིན་པོ་ཆེ།
བཀའ་ཡི་དགོངས་འགྲེལ་མཚན་ཉིད་པ་ཞིག་རྩོམ་པ་ལ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཚང་བ་ཞིག་དགོས། སྔ་མའི་དུས་སུ་དགོངས་པའི་ཀློང་ལས་ཐོས་པའི་ཤེས་རབ་བརྡོལ་བའམ། ཡང་ན་ཡི་དམ་ལྷའི་ཞལ་གཟིགས་ཐོབ་པ། གཞན་རིག་པའི་གནས་ལ་མཁས་པ། དེ་ཡང་བསྟན་པ་དང་སེམས་ཅན་ཁོ་ནའི་ཆེད་དུ་བརྩམས་པའི་བསྟན་བཅོས་རྣམས་ནི། ལུང་དང་རིགས་པའི་ལམ་ནས་སྒྲོ་འདོགས་བཅད། མཁས་པ་མགུ་བའི་བཤད་སྒྲོས་གཙང་ཞིང་། བརྒྱུད་པའི་བྱིན་རླབས་དང་ལྡན་པ། གཞན་འགྲན་མ་མཆིས་པའི་བསྟན་བཅོས་ཁྱད་པར་དུ་འཕགས་པ། དཔེར་ན། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྟ་བུ་རེད། དེང་དུས་རྣམ་རྟོག་དཔྱད་སྡུར་གྱིས་བརྩམས་པའི་རྟོག་རྩོམ་དང་མི་འདྲ་བའི་བསྟན་པ་དང་སེམས་ཅན་གྱི་དོན་དུ་འགྱུར་བ་ལ་བྱིན་རླབས་ཀྱི་ཚན་ཁ་ཏན་ཏན་ཁྱད་པར་ཡོད་རྒྱུ་རེད། ཇོ་བོ་རྗེས། སངས་རྒྱས་ཀྱི་གསུང་རྣམ་པར་དག་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལྟ་བུ་དང་། ཡང་ན་ས་དང་པོ་ན་བཞུགས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་སྨོན་ལམ་ཉི་ཤུ་པ་ལྟ་བུ་བདེན་ཚིག་གྲུབ་པའི་གསུང་ཡིན། སོ་སྐྱེས་ཀྱི་ཚིག་དང་སྡེབ་སྦྱོར་ཅི་ལྟར་ལེགས་ཀྱང་སྙིང་པོ་མེད་གསུངས་པ་ལྟར་ཡིན།
རྩོམ་སྒྲིག་པ།
དུས་རབས་ཉི་ཤུ་པའི་སྨད་དང་། ཉེར་གཅིག་པའི་སྟོད་འདིར་ནང་པའི་ཆོས་སྔར་ལས་ཁྱབ་རྒྱ་ཆེ་རུ་སོང་ཡོད་པའི་སྣང་ཚུལ་འདྲ་འདུག་མོད། དོན་ངོ་མ་ཆོས་ཆོས་བཞིན་དུ་རྣམ་པར་དག་པ་སྒྲུབ་མཁན་ཇེ་དཀོན་དུ་འགྱུར་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་འདུག་པ་འདི་རྐྱེན་གང་གིས་མ་འགྲིག་པ་ཡིན་ནམ། དེ་ལ་དགོངས་ཚུལ་དང་ལམ་སྟོན་ཞིག་གནང་རོགས།

མཁན་རིན་པོ་ཆེ།
སྔར་མི་རྣམས་ཀྱིས་འཛམ་གླིང་གོ་ལ་ལེབ་ལེབ་ཡིན་པའི་ལྟ་ཚུལ་འཛིན་པ་ནས་རིམ་པས་རིལ་རིལ་ཡིན་པ་མངོན་སུམ་མཐོང་། ཚན་རྩལ་ཡར་རྒྱས་སོང་སྟེ་འཛམ་གླིང་ཧྲིལ་པོ་ཆུང་ཆུང་ཆགས་ནས་མི་དང་མི་ཡི་བར་ལ་ཕན་ཚུན་འབྲེལ་འདྲིས་སྟབས་བདེ་བ་དང་མང་བ་བཅས་ལ་བརྟེན་ནས་ནང་ཆོས་དེ་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་བྱུང་ཡོད། འོན་ཀྱང་མི་མང་པོ་ཞིག་ནང་པ་མ་ཡིན་ཀྱང་ནང་ཆོས་ལ་སློབ་སྦྱོང་བྱེད་པ་དང་། ཁ་ཅིག་ནང་པར་ཁས་འཆེ་ནའང་ནང་ཆོས་ངོས་མ་ཟིན་པ། ཁ་ཅིག་ནང་ཆོས་ཀྱི་ནང་དོན་ཤེས་ནའང་དེང་སང་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་གི་བསླུ་བྲིད་ཀྱི་དབང་དུ་ཤོར་བ་སོགས་དུས་ཀྱི་འགྱུར་འགྲོས་དང་། ཁོར་ཡུག་གི་ཤུགས་རྐྱེན་སྣ་ཚོགས་ཡོད་རྒྱུ་རེད། དཔེར་ན། སྔར་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་དེ་འདྲ་ཕྱིས་ནུབ་ཕྱོགས་ཀྱི་ཡུལ་གྲུ་འགྲིམས་ཏེ་ནང་ཆོས་ཀྱི་སྣང་བ་ཡལ་འགྲོ་མཁན་དེ་འདྲ་ཡང་མཐོང་སོང་། དེ་ཚོ་ལ་བསམ་ན་བློ་འཚབ་སྐྱེ་གཞི་ཞིག་དང་ཧ་ཅང་གི་ཉེན་ཚབ་ཆེ་བའི་རང་བཞིན་ཞིག་རེད། ཐབས་ལམ་ཟེར་ན། སངས་རྒྱས་ཀྱི་ཆོས་ཐོས་གྲོལ་ཡིན་དུས། ཐ་ན་དུད་འགྲོ་ཡན་ཆད་ཀྱི་རྣ་ལམ་དུ་ཆོས་སྒྲ་སྒྲོག་དགོས་ཀྱི་ཡོད་ན། ནང་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ནའང་ཆོས་ཐོས་སུ་འཇུག་ཅི་ཐུབ་དང་། དད་པ་ཡོད་མཁན་ཞིག་ཡིན་ན་ཆོས་ཚིག་བཞི་ཙམ་ཡིན་ནའང་སློབ་ཅི་ཐུབ་བྱས་ཏེ། ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་།

རྩོམ་སྒྲིག་པ།
ནང་བསྟན་གྱི་དགོས་པ་མཐར་ཐུག་དེ་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་རྒྱུ་དེ་ཡིན་མོད། ནང་ཆོས་ལ་ཐོག་མར་ཞུགས་པའི་ལས་དང་པོ་བ་ཞིག་ལ་མཚོན་ན། རྒྱུན་དུ་བསམ་བློའི་འཁྱེར་སྟངས་དང་། འཚོ་བའི་ཁྲོད་ནས་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་ཚེ་འདི་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་ནང་ཆོས་ཉམས་སུ་ལེན་ཚུལ་སྟབས་བདེ་ཞིག་གསུང་རོགས།

མཁན་རིན་པོ་ཆེ།
ང་ཚོ་ཚེ་རབས་ཐོག་མེད་ནས་སྐྱེ་བ་གྲངས་མེད་ཅིག་བླངས། སྡུག་བསྔལ་ཚད་མེད་ཅིག་མྱངས་པ་ལས་བྱ་བ་ཐམས་ཅད་དོན་མེད་དུ་སོང་ཡོད། ད་རེས་མི་ལུས་ལན་གཅིག་ཐོབ་པའི་དུས་འདིར་མི་ཚེ་རིན་ཐང་དང་ལྡན་པ་ཞིག་བྱེད་པ་ལ། དམ་པའི་ཆོས་ནང་དུ་དགེ་བ་སྒྲུབ་སྟངས་སྡིག་པ་སྤོང་སྟངས་གསུང་གི་ཡོད། དེ་ཡང་རང་སེམས་འདུལ་བའི་ཆེད་དུ་གསུང་གི་ཡོད། དེང་དུས་འཛམ་གླིང་ན་གྲགས་པའི་ཚན་རིག་མཁས་པ་དེ་ཚོས། ནང་ཆོས་དེ་སེམས་ཁམས་རིག་པའི་སློབ་སྦྱོང་ཡག་ཤོས་ཤིག་ལ་རྩི་བཞིན་ཡོད། ཆོས་ལ་སློབ་སྦྱོང་ཡག་པོ་ཞིག་ཡོད་ན་ང་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐམས་ཅད་སེལ་བའི་ཐབས་ནང་ཆོས་ནང་དུ་བསྟན་ཡོད། དངོས་གནས་བྱས་ན་བོད་ཀྱི་ཆོས་ལྟ་བུ་ཕུན་སུམ་ཚོགས་པ་ཞིག་འཛམ་གླིང་རྒྱལ་ཁབ་གཞན་པ་སུ་ལའང་མེད། གལ་སྲིད་བོད་ཀྱི་ནང་ཆོས་ལ་ཉམས་རྒུད་ཕྱིན་པ་ཡིན་ན་དེ་ནི་བོད་ཙམ་མ་ཟད་འཛམ་གླིང་སྤྱི་ལ་གྱོང་རྒུད་ཧ་ཅང་ཆེན་པོ་ཞིག་རེད། དེང་དུས་མི་རྣམས་ཀྱི་ལྟ་ཚུལ་ལ། ཚན་རིག་དང་། དཔལ་འབྱོར་སོགས་ཕྱི་ཚུལ་ལ་ཡར་རྒྱས་ཆེན་པོ་ཡོད་པའི་རྒྱལ་ཁབ་དེ་ཚོ་ལ་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་། རྗེས་ལུས་ཞེས་པ་ནི་ཕྱི་དངོས་པོའི་ཡར་རྒྱས་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡར་རྒྱས་དང་རྗེས་ལུས་ཞེས་པའི་ཐ་སྙད་ཀྱང་ཕྱི་དངོས་པོ་ཁོ་ནའི་ཐོག་ལ་བཞག་ན་མི་འགྲིག་པ་ནང་སེམས་ཀྱི་དཔལ་ཡོན་ལ་ཡང་ངོས་འཛིན་བྱེད་དགོས། དེང་དུས་ནོར་དང་ལོངས་སྤྱོད་མ་གཏོགས་ནང་སེམས་ཀྱི་ཡོན་ཏན་བྱམས་པ་དང་སྙིང་རྗེ། ཚུལ་དང་ལྡན་པའི་ལུས་ངག་གི་ཀུན་སྤྱོད་སོགས་ལ་རིན་ཐང་ཅན་དུ་འཛིན་གྱི་མེད། ཡར་རྒྱས་ཀྱི་རྣམ་པ་དངོས་པོ་ཁོ་ནའི་ཐོག་ཏུ་ལྷུང་བ་ནི་རང་གི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ཕར་ཞོག ད་དུང་འདོད་རྔམ་དང་འགྲན་རྩོད། ཆོག་ཤེས་མེད་པ་བཅས་ཀྱིས་སེམས་ཀྱི་ལོངས་སྤྱོད་དབུལ་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་གྱི་ཡོད། དེ་དག་ཐམས་ཅད་དངོས་པོ་འདོད་རྔམ་གྱི་ཐོག་ཏུ་ཕྱིན་པའི་ངན་འབྲས་ཤིག་རེད། ཕྱི་དངོས་པོའི་ཡར་རྒྱས་གཏོང་བ་དང་དུས་མཚུངས་སུ་ནང་སེམས་ཀྱི་དཔལ་ཡོན་ཉམས་རྒུད་ཕྱིན་ཏེ། སེམས་ལ་དོགས་པ་དང་དངངས་འཚབ། ཞི་བདེ་དང་བག་ཕེབས་མེད་པའི་འཚོ་བ་བཅས་ནི་ནང་སེམས་པའི་དཔལ་ཡོན་རྗེས་ལུས་སུ་ཕྱིན་པར་ངོས་འཛིན་ཆོག མི་ཡི་འཚོ་བ་ལ་ཟས་གོས་གནས་མལ་སོགས་མེད་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་རྩ་བའི་ཆ་ནས་འདོད་ཡོན་ཁོ་ན་མ་གཏོགས་གཞན་ཅི་ཡང་མི་དགོས་པའི་བློ་གྲོས་ངན་པ་རྒྱང་རིང་དུ་སྤངས་ཏེ་ནང་ཆོས་ལ་སློབ་སྦྱོང་ཡང་དག་པ་ཞིག་བྱས་ན་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་ཏེ། སེམས་ལ་དོགས་པ་དང་རྣམ་རྟོག་ཉུང་བ། ཞི་བདེ་དང་བབ་བརླིང་། རང་དབང་། དྲང་ཚུགས་ལྡན་པའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ལ་རོལ་ཐུབ། ད་དུང་ན་བ་དང་འཆི་བ་ལ་གདོང་ལེན་ཐུབ་པའི་གོ་རྟོགས་ལྡན་པ་ཡོང་ཐུབ། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་པའི་དགེ་མཚན་ནི་བརྗོད་ཀྱིས་མི་ལང་། དེས་ན་ཕྱི་དངོས་པོའི་ཆ་ལ་ཡར་རྒྱས་སོང་བའི་ལུང་པ་དེ་ཚོ་ནང་སེམས་ཀྱི་དཔལ་ཡོན་གྱི་ཆ་ནས་རྗེས་ལུས་ཡིན་པ་ད་གཟོད་ཤེས་ཏེ། བོད་ཀྱི་ནང་ཆོས་ལ་རེ་བ་བྱེད་པ་དང་དོ་སྣང་བྱེད་མཁན་ཉིན་རེ་ནས་ཉིན་རེར་མང་དུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ།
མཁན་རིན་པོ་མཆོག་གིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དུས་དེབ་འདི་བརྒྱུད་ནས་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་དམིགས་བསལ་གྱིས་འབོད་སྐུལ་གནང་དགོས་པ་དེ་འདྲ་ཡོད་ན་གསུང་རོགས།

མཁན་རིན་པོ་ཆེ།
༸སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་དུས་དེབ་«པདྨའི་རང་མདངས་»འདིའི་བརྒྱུད་ནས་ནང་ཆོས་དང་། བསམ་བློའི་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ཤེས་བྱ་རིག་པ་སྣ་མང་ཞིག་སྟོན་ཐུབ་པ་དང་། ཁྱད་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བ་ལ་དགེ་མཚན་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་གཟིགས་པ་པོ་རྣམས་ཀྱིས་ཀྱང་དུས་དེབ་འདི་ལ་ཞིབ་གཟིགས་གནང་ན་སྔར་མ་མཐོང་བའི་ཤེས་བྱའི་གནས་དུ་མ་ཞིག་ངེས་པར་མཁྱེན་ཐུབ་པ་ཡོང་བས་དེ་བཞིན་དགོངས་དབྱིངས་སུ་མངའ་བར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།