གབ་ཚིག་བྱིས་པའི་རོལ་རྩེད།

སློབ་དཔོན་ཕྲིན་ལས་མཐར་ཕྱིན།

ཆེ་ཆུང་མ་ངེས་གྲུ་བཞིའི་དབྱིབས་གཟུགས་ཅན།།
ཤེས་བྱ་མང་པོའི་ནང་སྙིང་བཅུན་པ་སྟེ།།
མཁས་དང་མི་མཁས་ཀུན་ཀྱི་གཅེས་ནོར་ཞེས།།
རབ་ཏུ་གྲགས་པའི་རྩ་ཆེའི་དངོས་དེ་ཅི།།

རྒྱ་ནག་ཡུལ་ནས་བྲོས་བྱོལ་ཡོང་བ་ཞིག།
སྟོབས་ཆེན་ཨ་རིའི་དཔུང་ལ་འགྲན་ཡ་བྱས།།
འཕགས་པའི་ཡུལ་ནས་བྲོ་གར་ལན་གཉིས་འཁྲབས།།
སྐྱེས་བུ་ཡོད་རྒུ་བྲེད་ཤ་ལང་ས་ཅི།།

ཁྲ་ཆུང་མིག་གི་གཤེད་མའི་སྐུར་བཞེངས་ཤིང་།།
དགའ་འཛུམ་ཟོལ་གྱིས་ཉིན་མཚན་ཀུན་སླུ་བའི།།
ལེགས་ཉེས་ཐམས་ཅད་གཅིག་ཏུ་བསྡུས་པ་སྟེ།།
སྲོག་ལྡན་མིན་ཡང་མིག་བཅས་དངོས་པོ་གང་།།

མགྱོགས་པོ་མི་ཡི་མདུན་ནས་ཤོར་བ་ན།།
རྡོག་ཐོས་ཏན་ཏན་ཏིག་ཏིག་བསྣུན་པའི་ཚེ།།
དགའ་ས་དགའ་ཞིང་སྡུག་ས་སྡུག་འཇུག་པའི།།
དེང་གི་གཞོན་སྐྱེས་རྣམས་ཀྱི་དད་ས་ཅི།།

སྙན་པའི་ངག་དང་བསྟུན་མཁས་བྱས་པ་ན།།
སོར་མོ་རེ་རེའང་སྒྲ་ཡི་ཟོལ་དུ་གྲག།
སྐད་གདངས་མི་མཉམ་བུ་སྤུན་དྲུག་པོ་ཡིས།།
སེམས་པར་སྤྲོ་སྣང་བྱིན་པའི་དངོས་དེ་གང་།།

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་གྱི་མཚན་སྤྱི་ལོ་ ༢༠༢༡ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་སྔ་མ་རེ་བྱ་དགའ་རུ་འབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༢༡ བོད་ཟླ་ ༠༨ ཚེས་ ༡༥ ལས་མ་འགྱངས་པར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོད་པར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།