སྤྱི་ལོ་ ༢༠༢༡ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་ཐུགས་དགོངས་ལྟར། འཇིག་རྟེན་ཀུན་ཏུ་འབྱུང་བཞིའི་གནོད་འཚེ་དང་ནད་རིགས་རྣམས་ཞི་སྟེ་བདེ་བའི་དཔལ་ཕུན་སུམ་ཚོགས་པ་དང་། ཡང་སྒོས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་དུ་དམིགས་ནས། རྒྱུན་ལྡན་ལྟར་ལོ་འཁོར་མོ་གཅིག་ལ་རྒྱུན་ཆད་མེད་པར་རཏ་གླིང་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་གནང་སྟེ་ཉིན་ལྟར་ཕུར་པ་བསྒྲུབས་དང་སྒྲུབ་མུས་ཡིན་པ་དང་། དེ་བཞིན་ཟླ་རེའི་ནང་ཚེས་བཅུ་ཉེར་ལྔ་རྣམས་རྒྱུན་ལྡན་ལྟར་མི་ཉམས་རྒྱུན་སྐྱོང་གིས་འཚོགས་དང་འཚོག་མུས་ཡིན།

ལོ་ལྟར་བཞིན་ལོ་འདིའི་དབྱར་གནས་དུས་བཟང་ཁྱད་པར་ཅན་གྱི་སྐབས། གྲྭ་ཚང་གི་བླ་གྲྭ་དང་སློབ་གྲྭའི་འཛིན་གྲྭ་བཞི་པ་ཡན་ཆད་རྣམས་ཀྱིས་བོད་ཟླ་ ༠༦ ཚེས་ ༡༦ ནས་བཟུང་། ཉིན་ཞག་ ༤༥ རིང་སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། གུར་དྲག ཀར་གླིང་ཞི་ཁྲོ། རཏ་གླིང་ཕུར་པ་བཅས་བདུན་ཕྲག་རེ་རེ་བཞིན་འཚོགས་ནས་མཐར། བོད་ཟླ་ ༠༧ ཚེས་ ༣༠ ཉིན་རཏ་གླིང་ཚེ་ཆོག་འཆི་བསླུའི་ཆོ་གའི་སྒོ་ནས་ད་ལོའི་དབྱར་གནས་ལེགས་པར་མཐའ་གྲུབ།

སྤྱི་ཟླ་ ༠༨ ཚེས་ ༢༣ ཉིན་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་དེ་རང་རེའི་དགོན་པ་གཞུང་གི་ངོས་ནས་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་ལ་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་དུ་བརྒྱབ་ཡོད་ཅིང་། འགོག་ཁབ་རིམ་པ་གཉིས་པ་མ་བརྒྱབ་པའི་གྲྭ་བཙུན་ཉུང་ལྷག་མ་ཤས་ཤིག་ཡོད་པ་དེ། སྤྱི་ཟླ་ ༡༠ ཚེས་ ༠༨ ཉིན་གཞིས་གྲོང་དང་པོའི་རྒྱ་གར་གཞུང་སྨན་ཁང་བརྒྱུད་ནས་རང་དགོན་གྱི་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་དུ་བརྒྱབ་ཐུབ་པ་བྱུང་ཡོད་པས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་ན་ ༡༨ ཡན་གྱི་གྲྭ་བཙུན་ཡོངས་རྫོགས་ལ་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་དེ་ཁམས་གཙང་བརྒྱབ་གྲུབ།

སྤྱི་ཟླ་ ༡༠ ཚེས་ ༡༥ བོད་ཟླ ༠༩ ཚེས་བཅུའི་དུས་བཟང་ཁྱད་པར་ཅན་གྱི་ཉིན། མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་སུ་རྫོགས་པ་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་འདུས་ཏེ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དངོས་འབྱོར་ཡིད་སྤྲུལ་གྱི་གཏང་རག་ཚོགས་མཆོད་རྒྱས་པ་ཞིག་ཕུལ་གནང་ཡོད།

ད་ལོར་ནད་ཡམས་ཀྱི་རྐྱེན་པས་འབུམ་ལྔ་བསགས་སྦྱང་དུ་མི་སྐྱ་ཕོ་མོ་འཚོག་མ་ཐུབ་ནའང་རང་དགོན་གྱི་དགེ་འདུན་པ་གྲངས་ ༢༨ ཙམ་ཞིག་འཚོག་བཞིན་པ་ལས། སྔར་ལྟར་བོད་ཟླ་ ༠༩ ཕྱི་མའི་ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། གནམ་ཆོས་གསོལ་ཁ་དང་འབྲེལ་ཚོགས་མཆོད་གཏང་རག་དང་བཅས་པའི་སྒོ་ནས་འབུམ་ལྔ་མཇུག་གྲུབ་ཡོད།

སྤྱི་ཟླ་ ༡༢ ཚེས་ ༣༡ ཉིན་འདུ་ཁང་ཆེན་མོའི་ནང་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་ནས་ ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་ ༸མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་ཞུས།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

ལོ་ལྟར་བོད་ཟླ་དྲུག་པའི་ཚེས་ ༡༥ ཉིན་གསོ་སྦྱོང་སོགས་འཚོགས་ནས་ཚེས་ ༡༦ ཉིན་དབྱར་སྔ་མ་ཁས་ལེན་གནང་བཞིན་ཡོད་ནའང་འདི་ལོར་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྤྱི་ཟླ་ ༠༨ ཚེས་ ༢༣ བོད་ཟླ་ ༠༧ ཚེས་ ༡༦ ཉིན་བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་དབྱར་གནས་ཀྱི་མཁན་པོར་བཞུགས་ནས།

བཤད་གྲྭའི་གྲྭ་བཙུན་སྟོང་ཕྲག་གཅིག་ལྷག་ཙམ་ཞིག་གིས་ཟླ་བ་གཅིག་དང་ཕྱེད་རིང་དབྱར་ཕྱི་མ་ཁས་ལེན་གནང་། ས་གནས་ཉེ་འཁོར་དུ་ཏོག་དབྱིབས་ནད་ཡམས་འཕེལ་རིམ་ཆེ་བས་རེ་ཞིག་བཤད་གྲྭའི་དཔེ་ཁྲིད་དེ་བདུན་ཕྲག་གསུམ་གྱི་རིང་མཚམས་འཇོག་གནང་བ་དང་། སླར་ཡང་སྤྱི་ཟླ་ ༠༨ ཚེས་ ༢༦ ཉིན་དབུ་བཙུགས་ཡོད། སྤྱི་ཟླ་ ༠༩ ཚེས་ ༡༤ བོད་ཟླ་ ༠༧ ཚེས་ ༠༨ ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས་ཡོད་པ་དང་དེ་མིན་གྱི་གསོ་སྦྱོང་འཚོག་ཕྱོགས་ནི་ནམ་རྒྱུན་ལྟར་ཡིན། དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་ཁག་ལས། འཆད་པའི་རིམ་པ་ནི་སྤྱི་ཟླ་ ༠༩ ཚེས་ ༡༤ དང་ ༢༠ བཅས་ཉིན་གཉིས་ཀྱི་རིང་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམ་པས་སྤྱི་དོན་འོད་གསལ་སྙིང་པོའི་བཤད་རྒྱུགས་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམ་པས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་བཤད་རྒྱུགས་ཕུལ་ཡོད།

རྩོད་པའི་རིམ་པ་ནི་དབྱར་གནས་པའི་སྐབས་བདུན་ཕྲག་རེའི་རེས་གཟའ་ཉི་མའི་དགོང་མོར་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལོ་རིམ་གོང་འོག་རྟགས་གསལ་འགྲན་བསྡུར་གནང་སྲོལ་ཡོད་པ་བཞིན། ད་ལོའི་ཆར་ཡང་སྤྱི་ཟླ་ ༠༩ ཚེས་ ༠༥ ཉིན་ལུགས་ལྡོག་གི་ཚུལ་དུ་ལོ་རིམ་གཉིས་པ་ནས་དབུ་བཙུགས་ཏེ་ལོ་རིམ་གོང་འོག་གི་རྟགས་གསལ་འགྲན་བསྡུར་གནང་ཡོད་པ་དང་། དེ་བཞིན་ལོ་རིམ་བདུན་པ་དང་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་འཆད་རྒྱུགས་ཕུལ་བའི་ཉིན་མོར་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམ་པས་སྔར་སྲོལ་བཞིན་རྩོད་རྒྱུགས་ཕུལ་ཡོད།

རྩོམ་པའི་རིམ་པ་ནི་ད་ལོའི་ཆར་སྔར་སྲོལ་བཞིན་ལོ་རིམ་བརྒྱད་པའི་སྐྱོར་དཔོན་མ་ཡིན་པའི་སློབ་གཉེར་བ་རྣམས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པ་ལ་དཔྱད་རྩོམ་བརྩམས་གནང་བ་ལས། སློབ་གཉེར་བ་བཅུའི་དཔྱད་རྩོམ་རྩེ་ཕུད་རྣམས་བདམས་ཐོན་ཟིན་རྗེས། ཁོང་རྣམ་པས་སོ་སོའི་དཔྱད་རྩོམ་གྱི་དམ་བཅར་བཞུགས་ཤིང་ལོ་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་ངེས་པར་དུ་དྲི་བ་འདྲི་དགོས་པ་དང་། གཞན་ལོ་རིམ་གཉིས་པ་ནས་དགུ་པའི་སློབ་གཉེར་བ་རྣམས་ཀྱིས་རང་མོས་ཐོག་དྲི་བ་དྲི་ལན་གྱི་སྒོ་ནས་བགྲོ་གླེང་གནང་ཡོད། སྤྱི་ཟླ་ ༠༩ ཚེས་ ༢༩ དགོང་མོའི་ཆར་སྔོན་འགྲོ་འཛིན་གྲྭའི་རིག་གནས་འགྲན་བསྡུར་དངོས་གཞིར་ཚུད་པའི་སློབ་གཉེར་བ་རྣམ་པས་རིག་གནས་འགྲན་བསྡུར་མཐའ་མ་དེ་གནང་བ་དང་། གཞན་ཡང་དབྱར་གནས་ནང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་ཡིག་གཟུགས་འགྲན་བསྡུར་ཡང་གནང་ཡོད།

སྤྱི་ཟླ་ ༡༠ ཚེས་ ༠༥ ཡི་དགོང་མོར་དགག་དབྱེའི་སྦྱོར་ཆོས་སྐབས་སློབ་གཉེར་བ་རྣམ་པས་ལུང་རིགས་བརྒལ་བརྟག་གི་སྒོ་ནས་འཆད་རྩོད་གཉིས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས། སྤྱི་ཚེས་ ༠༦ ཞོགས་པའི་ཆར་དགག་དབྱེ་གནང་ནས་སྤྱི་ཚེས་ ༠༧ ཉིན་དབྱར་གནས་པའི་དགེ་འདུན་པ་རྣམས་ལྗོངས་རྒྱུར་ཕེབས་པ་བཅས་དབྱར་གནས་མཐའ་གྲུབ།
སྤྱི་ཟླ་ ༡༠ ཚེས་ ༢༣ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམ་པར་ད་ལོའི་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་དང་། ཨང་དང་པོ། གཉིས་པ། གསུམ་པ་བཅས་ལ་ཚོགས་གཙོ་མཆོག་ནས་བྱ་དགའ་གསོལ་རས་བསྩལ་གནང་ཡོད། དེ་བཞིན་དུས་དེབ་པདྨའི་རང་མདངས་འདོན་ཐེངས་སོ་བརྒྱད་པའི་རྩོམ་པ་པོ་ཡོངས་ལ་མཇལ་དར་དང་དུས་དེབ་པདྨའི་རང་མདངས་རེ་གནང་ཡོད།

ན་ནིང་ལོར་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་སོང་ནས་རང་གཞན་ཚང་མར་དཀའ་ངལ་ཤུགས་ཆེར་ཕྲད་པས། རྒྱ་གར་གཞུང་ནས་ཏོག་དབྱིབས་ནད་ཡམས་ཞི་བའི་ཆེད་ཐེམ་སྤང་བཀག་རྒྱ་དང་མི་མང་འདུ་འཛོམས་མི་ཆོག་པས། ལོ་དེར་དགོན་པར་འབྱོར་མ་ཐུབ་པའི་སློབ་གཉེར་བ་རྣམས་ལ། སློབ་ཚན་གྱི་ལུང་རྒྱུན་གལ་ཆེ་བར་བརྟེན། ད་ལོའི་སྤྱི་ཟླ་ ༡༠ ཚེས་ ༡༩ ཉིན་རྒྱུན་ལས་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བ་ལྟར། ལོ་རིམ་བདུན་པ་དང་བརྒྱད་པ་གཉིས་ལ་ཉིན་གུང་ཆུ་ཚོད་ ༢:༠༠ ནས ༣:༠༠ བར་དང་། ༣:༣༠ ནས་ ༤:༣༠ བར། ལོ་རིམ་བཞི་པ། ལྔ་པ། དྲུག་པ་བཅས་ལ་ཉིན་གུང་ ༡:༠༠ ནས་ ༠༣:༠༠ བར་དང་། ༠༣:༣༠ ནས་ ༠༤:༣༠ བར། ལོ་རིམ་གསུམ་པ། གཉིས་པ། དང་པོ། སྔོན་འགྲོ་བཅས་ལ་ཆུ་ཚོད་ ༠༣:༣༠ ནས་ ༠༤:༣༠ བར་མཁན་སློབ་རྣམས་ཀྱིས་སློབ་ཚན་ཁག་གི་ལྗགས་ལུང་གནང་ཡོད།
སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བདུན་པ་དེ། སྤྱི་ཟླ་ ༡༡ ཚེས་ ༠༦ བོད་ཟླ་ ༠༩ ཕྱི་མའི་ཚེས་ ༠༣ དང་ ༤ ཉིན་གཉིས་ཀྱི་རིང་། དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་བཞིན་སྔར་སྲོལ་ལྟར། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས་འཚོགས་ཡོད། ཐེངས་འདིའི་ལྟ་གྲུབ་བགྲོ་གླེང་ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གིས་གཙོས་པའི་རྣམ་གྲོལ་གླིང་གི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ་དང་། མཐོ་སློབ་གཉིས་ཀྱི་མཁན་སློབ་སློབ་གཉེར་བ་བཅས་ནས་མཉམ་ཞུགས་གནང་ཡོད།

བགྲོ་གླེང་དངོས་གཞི་ཉིན་གཉིས་ཀྱི་རིང་ལ་འཚོག་ཐེངས་དགུ་རུ་བགོས་ནས་འཚོགས། དེ་ཡང་དངོས་གཞི་འཚོག་ཐེངས་རེ་ལ་དུས་ཡུན་ཆུ་ཚོད་ ༠༡:༣༠ རིང་གཙོ་སྐྱོང་བའི་གསུང་བཤད་དུས་ཡུན་སྐར་མ་ ༡༠ བགྲོ་གླེང་དམ་བཅའ་བའི་གསུང་བཤད་སྐར་མ་ ༡༥ གླེང་སློང་བའི་གླེང་སློང་དུས་ཡུན་སྐར་མ་ ༠༥ བགྲོ་གླེང་དངོས་གཞི་དྲི་བ་དྲིས་ལན་དུས་ཡུན་སྐར་མ་ ༥༥ དེའི་ནང་ནས་སློབ་གཉེར་བ་ལ་དུས་ཡུན་སྐར་མ་ ༡༥ བཅས་ཉིན་དང་པོར་འཚོག་ཐེངས་ལྔ། ཉིན་གཉིས་པ་ལ་འཚོག་ཐེངས་བཞི་འཚོགས་ཡོད།
དེའང་ཐོག་མར་ཟླ་འདིའི་སྤྱི་ཚེས་ ༠༧ ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༧:༠༠ པའི་ཐོག་བཤད་གྲྭའི་འདུ་ཁང་ཆེ་བའི་ནང་། མཁན་ཐོག་དང་པོ་མཁན་རིན་པོ་ཆེ་འཇིགས་མེད་སྐལ་བཟང་དང་། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་རྣམ་གཉིས་གཙོས་པའི་རྣམ་གྲོལ་གླིང་གི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ་དང་། དེ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཁན་སློབ་སློབ་གཉེར་བ་བཅས་ཚང་འཛོམས་ཐོག་བཀྲ་ཤིས་བརྒྱད་པ་དང་། སྐྱབས་སེམས་ཡན་ལག་བདུན་པ་སོགས་གསུངས་གྲུབ་རྗེས་སྣང་གསལ་མར་མེ་བསྒྲོན་པའི་རྗེས། མཁན་རིན་པོ་ཆེ་འཇིགས་མེད་སྐལ་བཟང་མཆོག་གིས་འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་བའི་སྒོ་ནས་བགྲོ་གླེང་གི་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་འཚོགས་ཡོད།

དེ་ནས་བགྲོ་གླེང་དངོས་གཞིའི་ཉིན་དང་པོ་དེ་སྔ་དྲོའི་ཆུ་ཚོད་ ༠༩:༠༠ ནས་དབུ་བཙུགས། འཚོག་ཐེངས་དང་པོའི་བརྗོད་གཞི། གཙོ་ཤུགས་ཀྱི་ཤེས་རིག་གམ་ནང་རྒྱུད་སྡེ་གསུམ་གྱི་ལྟ་བའི་ཁྱད་པར། འཚོག་ཐེངས་གཉིས་པའི་བརྗོད་གཞི། འོད་གསལ་བའི་ལྟ་གྲུབ་ཀྱི་འཕེལ་རིམ་ལ་དཔྱད་པ། ཕྱི་དྲོའི་འཚོག་ཐེངས་དང་པོའི་བརྗོད་གཞི། གསང་སྙིང་ལ་དགག་སྒྲུབ་ཇི་ལྟར་བྱུང་བའི་རིམ་པ་གླེང་བ། འཚོག་ཐེངས་གཉིས་པའི་བརྗོད་གཞི། ལས་ཀྱི་གཞིའི་སྐོར་ཅུང་ཟད་གླེང་བ་སྟོན་པ་དྲང་སྲོང་དགྱེས་པའི་ཞལ་ལུང་སྐོར་ལ་བགྲོ་གླེང་གནང་ནས་ཕྱི་དྲོ་ཆུ་ཚོད་ ༥:༡༥ ཐོག་བགྲོ་གླེང་ཉིན་དང་པོ་མཐའ་གྲུབ།

ཉིན་གཉིས་པའི་བགྲོ་གླེང་དེ་ཚེས་ ༠༨:༠༠ ཞོགས་པ་ཆུ་ཚོད་ ༠༧:༠༠ ནས་དབུ་བཙུགས་ཤིང་། ཉིན་དེའི་སྔ་དྲོའི་ཆར་གྱི་འཚོག་ཐེངས་དང་པོའི་བརྗོད་གཞི། ཐེག་ཆེན་སྦྱོར་ལམ་ལ་ཅུང་ཟད་དཔྱད་པ་བློ་གསལ་དགྱེས་པའི་མཆོད་སྤྲིན། འཚོག་ཐེངས་གཉིས་པའི་བརྗོད་གཞི། སྔ་འགྱུར་གྱི་དུས་སུ་ཆོས་མངོན་པའི་གཞུང་དར་ཚུལ་མདོ་ཙམ་གླེང་བ། འཚོག་ཐེངས་གསུམ་པའི་བརྗོད་གཞི། དབུ་མའི་མཐའ་ཕྲ་རགས་ལ་དཔྱད་པ་སྔ་འགྱུར་མཁས་པའི་བཞེད་སྲོལ། ཆུ་ཚོད་ ༡༡:༤༥ ནས་ ༡༢:༠༠ བར་བགྲོ་གླེང་མཉམ་ཞུགས་པ་ལྷན་འཛོམས་ཀྱི་བརྙན་པར་བསྒྲོན། ཕྱི་དྲོའི་འཚོག་ཐེངས་དང་པོའི་བརྗོད་གཞི། རྣམ་འགྲེལ་ལེའུ་གཉིས་པ་ནས་བསྟན་པ་གཙོ་བོར་བྱས་ཏེ་བདེན་བཞིའི་སྐོར་ལ་ཅུང་ཙམ་དཔྱད་པ་གཟུར་གནས་དགྱེས་པའི་གཏམ། ཕྱི་དྲོའི་འཚོག་ཐེངས་གཉིས་པའི་བརྗོད་གཞི། སྒྱུ་འཕྲུལ་ཕྲ་མོ་ལ་དཔྱད་པ་སོགས་ལ་བགྲོ་གླེང་གནང་བ་བཅས་ཀྱིས་ཐེངས་འདིའི་བགྲོ་གླེང་དངོས་གཞི་མཐའ་གྲུབ། མཇུག་ཏུ་ཐེངས་འདིའི་བགྲོ་གླེང་གི་མཛད་རིམ་མཐའ་སྡུད་སྐབས། མཐོ་སློབ་ཆེན་མོ་འདི་གའི་དགེ་བའི་བཤེས་གཉེན་མཁན་པོ་གཅིག་ནས་གསུང་བཤད་པ་དང་ཟུར་ཉན་པ་རྣམ་པའི་ཚབ་ཞུས་ནས་ཐེངས་འདིའི་བགྲོ་གླེང་ཇི་ལྟར་བྱུང་མིན་སྐོར་གྱི་གསལ་བཤད་མདོར་བསྡུས་དང་། དེའི་རྗེས་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་ནས་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ཡོངས་ལ་ཕྱག་ཁྱེར་རེ་ཕུལ་བ་དང་། དེ་ནས་མཐོ་སློབ་འདི་གའི་ཚོགས་གཞོན་མཁན་པོ་མཆོག་ནས་ཐེངས་འདིའི་བགྲོ་གླེང་དུ་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ། མཐར་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱི་བསྔོ་བ་མཛད་ནས་སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བདུན་པ་མཐའ་གྲུབ་བོ།།

སྤྱི་ཟླ་ ༡༡ ཚེས་ ༢༦ བོད་ཟླ་ ༠༩ ཕྱི་མའི་ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་རྫོགས་མཐའ་གྲུབ་ཅིང་། ཕྱི་དྲོའི་དུས་རྒྱུན་གྱི་རྩོད་པའི་སྐབས་དགེ་སློབ་ལྷན་འཛོམས་ཐོག་ལོ་འདིའི་མཐའ་མའི་ཆོས་རྩོད་གནང་སྟེ་མཇུག་གྲུབ་པར་གནང་། སྤྱི་ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་གྱི་རིང་རྒྱལ་བའི་བཀའ་འགྱུར། རཏ་གླིང་ཕུར་པ། སྙིང་ཐིག་བསང་གསོལ་བཅས་ཀྱི་སྒོ་ནས་ལོ་མཇུག་གི་ཞབས་རིམ་འཚོགས་ཡོད། དེའི་རིང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ་ཡོད། སྤྱི་ཟླ་ ༡༢ ཚེས་ ༠༦ ཉིན་ནས་རང་སྦྱོང་དབུ་བཙུགས་ཤིང་། སྤྱི་ཟླ་ ༡༢ ཚེས་ ༢༩ ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་བཙུགས་ནས། དེའི་རྗེས་ཉིན་གསུམ་རེའི་མཚམས་སུ་རྒྱུགས་སྤྲོད་རེ་བཏང་རྗེས། སྤྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༥ ཉིན་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ་པ་བཅས་སོ།།རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

ལོ་ལྟར་བཞིན་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཚན་གཙོ་བོ་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང། བཤེས་སྤྲིངས་དང་རྒྱས་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ་དང་དབྱིན་ཡིག ཨང་རྩིས་དང་འབྲི་ཀློག དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་ཕྱི་ནང་གི་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་བཞིན་པ་ལྟར་ད་ལོར་ཡང་དགེ་སློབ་རྣམ་པས་ལྷག་བསམ་ལྷོད་མེད་ཐོག་སློབ་སྟོན་གནང་མུས་ལྟར། སྤྱི་ཟླ་ ༠༧ ཚེས་ ༢༦ ཉིན་ནས་ལོ་འདིའི་དཔེ་ཁྲིད་ཕྱི་མ་དབུ་བཙུགས་གནང་ཡོད་པ་དང་། སྤྱི་ཟླ་ ༠༧ ཚེས་ ༢༥ བོད་ཟླ ༠༦ ཚེས་ ༡༦ ནས་བཟུང་། སྤྱི་ཟླ་ ༠༩ ཚེས་ ༠༦ བོད་ཟླ་ ༠༧ ཚེས་ ༣༠ བར། ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་དབྱར་གནས་དང་འབྲེལ་སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། གུར་དྲག ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ། མཐའ་རྟེན་ཚེ་ཆོག་འཆི་བསླུའི་མཐའ་རྒྱན་ནས་འཚོགས་གནང་ཡོད།

སྤྱི་ཟླ་ ༠༩ ཚེས་ ༢༡ ཉིན་ཟླ་དྲུག་ཕྱི་མའི་སློབ་དེབ་ཟླ་རྒྱུགས་ཐེངས་དང་པོའི་རང་སྦྱོང་དང་། སྤྱི་ཚེས་ ༢༢ ཉིན་ཟླ་རྒྱུགས་དངོས་གཞི་བཏང་གནང་ཡོད། སྤྱི་ཟླ་ ༠༩ ཚེས་ ༢༩ ཉིན་ཟླ་དྲུག་ཕྱི་མའི་དབྱིན་ཇིའི་ཟླ་རྒྱུགས་ཐེངས་དང་པོའི་རང་སྦྱོང་དང་། སྤྱི་ཚེས་ ༣༠ ཉིན་ཟླ་རྒྱུགས་དངོས་གཞི་བཏང་བ་དང་། སྐབས་དེར་འཛིན་གྲྭ་བཞི་པ་ཡན་ལ་ཟླ་རྒྱུགས་མེད། སྤྱི་ཟླ་ ༡༠ ཚེས་ ༡༡ ནས་ཉིན་བདུན་གྱི་རིང་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་གནང་བ་དང་།

སྤྱི་ཟླ་ ༡༠ ཚེས་ ༢༧ ནས་ཉིན་གསུམ་གྱི་རིང་བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པ་བཏང་གནང་ཡོད། སྤྱི་ཟླ་ ༡༡ ཚེས་ ༡༡ ཉིན་ཟླ་དྲུག་ཕྱི་མའི་སློབ་དེབ་ཟླ་རྒྱུགས་ཐེངས་གཉིས་པའི་རང་སྦྱོང་དང་། སྤྱི་ཚེས་ ༡༢ ཉིན་ཟླ་རྒྱུགས་དངོས་གཞི་བཏང་། སྤྱི་ཟླ་ ༡༡ ཚེས་ ༠༧ ནས་ཉིན་བཅོ་ལྔའི་རིང་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་གནང་། སྤྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཟླ་དྲུག་ཕྱི་མར་འཛིན་གྲྭ་འོག་མ་རྣམས་ཀྱི་དབྱིན་ཇི་དང་གོང་མ་རྣམས་ཀྱི་ཨང་རྩིས་ཟླ་རྒྱུགས་ཐེངས་གཉིས་པའི་རང་སྦྱོང་དང་། སྤྱི་ཚེས་ ༡༩ ཉིན་ཟླ་རྒྱུགས་དངོས་གཞི་བཏང་།

བོད་ཟླ་ ༠༩ ཕྱི་མའི་ཚེས་ ༢༢ སྤྱི་ཟླ་ ༡༡ ཚེས་ ༢༦ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན། སྔ་དྲོའི་ཆར། དུས་རྒྱུན་གྱི་ཞོགས་ཚོགས་ཞལ་འདོན་དེ་སྔར་སྲོལ་ལྟར་སློབ་གྲྭའི་མདུན་གྱི་སྤང་ཐང་དུ་༸སྐྱབས་རྗེ་གྲུབ་དབང་ཡིན་བཞིན་ནོར་བུའི་སྐུ་ཐང་མདུན་ཚོགས་མཆོད་རྒྱ་ཆེར་བཤམས་ཏེ་དགེ་སློབ་ལྷན་འཛོམས་འཚོགས་ཏེ་མཐའ་བསྡུས་ཤིང་། ཕྱི་དྲོར་དཔེ་ཁྲིད་མཚམས་འཇོག་དང་འཛིན་གྲྭ་དྲུག་པ་ཡན་གྱིས་རྩོད་རྒྱུགས་ཕུལ།

སྤྱི་ཟླ་ ༡༡ ཚེས་ ༢༧ དང་ ༢༨ ཉིན་ལོ་འཁོར་མོ་གཅིག་གི་ཆོ་ག་ཕྱག་ལེན་རྒྱུགས་སྤྲོད་བཏང་། སྤྱི་ཟླ་ ༡༡ ཚེས་ ༣༠ ནས་ཉིན་གཉིས་ཀྱི་རིང་རྒྱུགས་སྤྲོད་དོན་དམ་ལྷན་ཚོགས་ནས་རྩ་བ་ཤོག་ལྷེ་ ༥༠ ཡན་འབུལ་མཁན་རྣམས་ལ་བློ་རྒྱུགས་བླངས། སྤྱི་ཟླ་ ༡༢ ཚེས་ ༠༧ ཉིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས། སྤྱི་ཟླ་ ༡༢ ཚེས་ ༡༣ ཉིན་རྒྱུགས་སྤྲོད་དངོས་གཞི་དབུ་བཙུགས་ནས་སྤྱི་ལོ་ ༢༠༢༢ ཚེས་ ༡༡ ཉིན་ལོ་འཁོར་ཡིག་རྒྱུགས་ཆེན་མོ་མཐའ་གྲུབ་པ་བཅས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག
བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

༧སྐྱབས་རྗེ་ཞིང་གཤེགས་དམ་པ་༸གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་ཐུགས་དགོངས་ལྟར། བསྟན་འགྲོ་སྤྱིའི་བདེ་དོན་དུ་དམིགས་ཏེ་ཉིན་ལྟར། སྔ་དྲོའི་ཆར་སྒྲོལ་མའི་མཎྜལ་བཞི་ཆོག་དང་ཕྱི་དྲོའི་ཆར་གསོལ་ཁ། དེ་བཞིན་ཟླ་རེའི་ཚེས་བཅུ་དང་ཉེར་ལྔའི་དུས་ཆེན་རྣམས་སུ་བླ་མ་རིག་འཛིན་འདུས་པ་དང་། མཁའ་འགྲོ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་འབུལ་བ་དང་། དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་རེ་འདོད་ལྟར་ཞབས་རིམ་གང་དགོས་རྣམས་འཚོགས་དང་འཚོག་མུས་ཡིན་ཞིང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་མྱུར་དུ་ཞི་བར་དམིགས་ཏེ། སྤྱི་ཟླ་ ༠༧ ཚེས་ ༢༧ ནས་ཕྱི་དྲོའི་ཆར་ཆུ་ཚོད་ ༠༥ ནས་ ༠༦ བར་ཚིག་བདུན་བླ་སྒྲུབ་ཀྱི་སྒོ་ནས་བཛྲ་གུ་རུ་གསོག་སྒྲུབ་གནང་ཡོད།

དབྱར་གནས་སྐབས་སྔར་སྲོལ་ལྟར་གྲྭ་ཚང་གི་བཙུན་མ་རྣམས་དང་དེ་བཞིན་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་བཙུན་མ་རྣམ་པས། ཟླ་བ་གཅིག་དང་ཕྱེད་ཀྱི་རིང་སྤྱི་ཟླ་ ༠༨ ཚེས་ ༢༤ ནས་བདུན་ཕྲག་རེས་མོས་བཞིན། སྙིང་ཐིག་གསོལ་ཁ་དང་། སེང་གདོང་། སྨིན་གླིང་རྡོར་སེམས། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་སྒྲུབ་གསང་བ་འདུས་པ་བཅས་ཚོགས་ནས། མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་ནས་གཏང་རག་གི་ཚོགས་འཁོར་བསྐོར་ཏེ་མཐའ་གྲུབ། སྔར་ལྟར་ལོ་འདིར་དགེ་སློང་མ་དཔལ་མོའི་སྨྱུང་གནས་དང་། ཕུར་ཟློག་དམིགས་བསལ་དུ་ཚོགས་ཐུབ་མེད།

ལོ་འདིར་སྔོན་འགྲོ་འབུམ་ལྔར་བཞུགས་མཁན་བཙུན་མ་རྣམ་པས་སྔར་ལྟར་ཟླ་བ་དྲུག་གི་རིང་བསགས་སྦྱང་མཛད་དེ་མཐར་བོད་ཟླ་ ༠༩ ཕྱི་མའི་ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་འབྲིང་པོའི་ཆོ་གའི་སྒོ་ནས་ཚོགས་མཆོད་གཏང་རག་དང་བཅས་མཐའ་གྲུབ།

དམིགས་བསལ་༸སྐྱབས་རྗེ་ཞིང་གཤེགས་དམ་པ་གྲུབ་དབང་ཡིད་བཞིན་ནོར་བུ་དང་མཁན་ཆེན་པདྨ་ཤེས་རབ་རྣམ་གཉིས་ཀྱི་དགོངས་བཞེད་ལྟར། སྒྲུབ་སྡེ་གྲུབ་གཉིས་དགའ་ཚལ་གླིང་དུ་སྒྲུབ་ཐེངས་གསུམ་པར་བཞུགས་མཁན་གྱི་བཙུན་མ་རྣམས་ཀྱིས་བོད་ཟླ་ ༠༩ སྔ་མའི་ཚེས་ ༡༣ སྤྱི་ཟླ་ ༡༠ ཚེས་ ༡༨ ནས་བོད་ཟླ་ ༠༩ སྔ་མའི་ཚེས་ ༢༡ སྤྱི་ཟླ་ ༡༠ ཚེས་ ༢༦ བར་ཉིན་གྲངས་དགུའི་རིང་མཁན་ཆེན་པདྨ་ཤེས་རབ་སྐུ་མདུན་ནས་དྲྭ་ལམ་བརྒྱུད་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གི་བཀའ་ཁྲིད་ཞུས་ཏེ། བོད་ཟླ་ ༠༩ སྔ་མའི་ཚེས་ ༣༠ གནམ་གང་གི་དུས་བཟང་ཁྱད་པར་ཅན་གྱི་ཉིན། བཙུན་མ་གྲངས་ ༡༧ ཙམ་ཞིག་གིས་སྒྲུབ་ཐེངས་གསུམ་པའི་སྒྲུབ་མཚམས་བསྡམས་ཏེ་རྒྱལ་བ་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་སྒྲུབ་པ་ཉམས་བཞེས་གནང་མུས་ཡིན།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།

སྤྱི་ཟླ་ ༠༨ ཚེས་ ༢༢ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ཐོག་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་རྒྱུན་ལས་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཙུན་མ་ཡོངས་ལ་དབྱར་གནས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད།

ལོ་ལྟར་བཞིན་བོད་ཟླ་ ༠༦ ཚེས་ ༡༥ ཉིན་དམ་ཆོས་འདུལ་བའི་ཕྱག་བཞེས་ལྟར་དབྱར་སྔ་མ་ཁས་ལེན་གནང་སྲོལ་ཡོད་ཀྱང་ད་ལོར་ནད་ཡམས་དང་ཕྱིའི་བཀག་སྡོམ་གྱི་རྐྱེན་པས་ཕྱིར་འགྱངས་བྱས་ཏེ། བོད་ཟླ་ ༠༧ ཚེས་ ༡༦ སྤྱི་ཟླ་ ༠༨ ཚེས་ ༢༣ ཉིན་ནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་དབྱར་ཕྱི་མར་གནས་པར་ཁས་ལེན་གནང་། དེ་ཡང་དབྱར་གནས་སྐབས་ཞོགས་པ་ཆུ་ཚོད་ ༠༦ ཐོག་རྒྱུན་ཆགས་གསུམ་པ་དང་། དགོང་མོ་ཆུ་ཚོད་ ༠༩ ཐོག་གཞུང་ཆེན་ཁག་གི་རྩ་བ་ཞལ་འདོན་དང་། སྨོན་ལམ། དེ་བཞིན་འབྲེལ་ཡོད་སྦྱིན་པའི་བདག་པོ་རྣམས་ཀྱི་ཆེད་བར་བསམ་སྒྲོལ་གསུམ་དང་། གདུགས་ཤེར་སེང་གསུམ། རྒྱལ་བའི་ཞབས་བརྟན་སོགས་རེས་མོས་ཀྱིས་གསུངས་ཡོད་པ་དང་། དེ་བཞིན་བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱི་ཤེས་ཚད་གོང་འཕེལ་འགྲོ་བའི་ཆེད། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་གཅིག་མཚུངས། བཤད་གྲྭའི་བཙུན་མ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་རིམ་པ་དེ་ཡང་། དང་པོ་འཆད་པའི་རིམ་པ་ནི། བོད་ཟླ་ ༠༨ ཚེས་ ༠༨ བཀྲ་ཤིས་པའི་གསོ་སྦྱོང་གི་ཉིན་མོར་དགེ་སློབ་ལྷན་འཛོམས་ཐོག ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་ཐོག་བཤད་རྒྱུགས་ཕུལ་བ་དང་།

གཉིས་པ་རྩོད་པའི་རིམ་པ་ནི། སྤྱི་ཟླ་ ༠༩ ཚེས་ ༠༢ ནས་དབུ་བཙུགས་ཏེ་ལོ་རིམ་གཉིས་པ་ནས་དགུ་པའི་བར་འཛིན་གྲྭ་གོང་འོག་གི་རྩོད་པ་འགྲན་བསྡུར་དང་། བོད་ཟླ་ ༠༨ ཚེས་ ༠༨ ཉིན་བཀྲ་ཤིས་པའི་གསོ་སྦྱོང་དང་། བོད་ཟླ་ ༠༨ ཚེས་ ༢༠ ཉིན་གཉིས་ཀྱི་རིང་དགེ་སློབ་ལྷན་འཛོམས་ཐོག ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ཀྱིས་རྟགས་རིགས་དང་། ལོ་རིམ་གཉིས་པས་དབུ་མ་རྒྱན། ལོ་རིམ་གསུམ་པས་དབུ་མ་ལ་འཇུག་པ། ལོ་རིམ་བཞི་པས་མངོན་པ་མཛོད་བཅས་ཀྱི་བརྗོད་བྱའི་ཐོག་སློབ་གཉེར་བ་མི་རེ་རེས་རྩོད་རྒྱུགས་ཕུལ་གནང་ཡོད། གསུམ་པ་རྩོམ་པ་ནི། ལོ་རིམ་བརྒྱད་པའི་སྐྱོར་དཔོན་མིན་པའི་སློབ་གཉེར་བ་རྣམས་ཀྱིས་བརྗོད་གཞི་ཆོས་འབྱུང་། རྒྱལ་རབས། བརྡ་སྤྲོད། སྙན་ངག དབུ་མ། ཚད་མ། མངོན་པ། ཤེར་ཕྱིན། འདུལ་བ། སྔགས་བཅས་གང་རུང་ཞིག་ལ་རང་མོས་ཀྱིས་དཔྱད་རྩོམ་བྲིས་ཏེ། སྔོན་ལྟར་བདུན་ཕྲག་རེའི་རེས་གཟའ་སྤེན་པ་མིན་པར་ལོ་འདིར་དམིགས་བསལ་དུ། སྤྱི་ཟླ་ ༠༩ ཚེས་ ༢༨ ནས་ཉིན་བཞིའི་རིང་བདམས་ཐོན་བྱུང་བའི་སློབ་གཉེར་བ་རེར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་དམ་བཅར་བཞུགས་ནས། དེ་ལ་ལོ་རིམ་བརྒྱད་པའི་སློབ་གཉེར་བ་དང་། གཞན་རང་མོས་ཐོག་དགག་སྒྲུབ་ཀྱི་སྒོ་ནས་བགྲོ་གླེང་ལྷུག་པོར་གནང་།

དེ་བཞིན་སྤྱི་ཟླ་ ༠༩ ཚེས་ ༢༡ ཉིན་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་དབུ་མེད་འཁྱུག་བྲིས་ཡིག་གཟུགས་འགྲན་བསྡུར་དང་། གཞན་ཡང་རིགས་ལམ་ཡར་རྒྱས་འགྲོ་བའི་ཆེད་དུ་སྔོན་འགྲོ་འཛིན་གྲྭ་དང་ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ཀྱིས་དབྱར་གནས་སྐབས་ཆེད་དུ་གཟིགས་རྟོག་གནང་མཁན་དགེ་བའི་བཤེས་གཉེན་གྱི་དྲུང་ནས་རྩོད་སྦྱོང་གནང་ཡོད། དེ་བཞིན་དགག་དབྱེའི་སྦྱོར་ཆོས་ཉིན་བཙུན་མ་རྣམ་པས་སྔར་བཞིན་ཆོས་བཤད་དང་། ཚོགས་ལངས། རྩོད་པ་བཅས་གནང་ཞིང་། བོད་ཟླ་ ༠༨ ཚེས་ ༢༩ ཉིན་དགག་དབྱེ་དངོས་གཞི་དང་། ཕྱི་ཉིན་བོད་ཚེས་ ༣༠ ལྗོངས་རྒྱུའི་ཉིན་སྔར་སྲོལ་ལྟར་བཙུན་དགོན་འགན་འཛིན་གྱིས་ཐོག་དྲངས་ནས་ཐམས་ཅད་ཀྱིས་ཆོས་གོས་མནབས་ཤིང་བསླབ་གྲལ་རིམ་པར་བསྒྲིགས་ཏེ་བཙུན་དགོན་ནས་རྒྱང་གྲགས་ལས་བརྒལ་བའི་གཞིས་གྲོང་གཉིས་པར་ལྗོངས་རྒྱུར་ཕེབས་ཏེ་རྒྱུན་ཆགས་གསུམ་པ་དང་། རི་བོ་བསང་མཆོད། ལོ་རིམ་དང་པོའི་སློབ་གཉེར་བ་དམ་བཅའ་བཞུགས་ནས་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་བཏང་ནས་མཐར་ཤིས་བརྗོད་དང་སྨོན་ལམ་བཅས་དགའ་སྤྲོའི་ངང་དབྱར་གནས་མཇུག་ལེགས་པར་མཐའ་གྲུབ།

ནད་ཡམས་ཀྱི་རྐྱེན་པའི་ན་ནིང་དགོན་པའི་ཕྱི་ལོགས་སུ་བཞུགས་ཏེ་བཤད་གྲྭའི་སློབ་ཚན་ཁག་གི་ལུང་རྒྱུན་མ་ཐོབ་པའི་སློབ་གཉེར་བ་ཚོར་ བཙུན་དགོན་རྒྱུན་ལས་ངོས་ནས་ལུང་རྒྱུན་གལ་ཆེ་བར་དགོངས་ཏེ་ལུང་གནང་མཁན་གྱི་དགེ་རྒན་གོ་སྒྲིག་ཞུས་པ་ལྟར། སྤྱི་ཟླ་ ༡༠ ཚེས་ ༢༠ ནས། ན་ནིང་གི་ལོ་རིམ་བརྒྱད་པ་ཚོས་ཉིན་གུང་ཆུ་ཚོད་ ༠༢:༠༠ ནས་ ༠༣:༠༠ བར་དང་། ༠༣:༣༠ ནས་ ༠༤:༣༠ བར། ན་ནིང་གི་ལོ་རིམ་བཞི་པ་དང་ལྔ་པ་དྲུག་བདུན་བཅས་ཀྱིས་ཉིན་གུང་ ༠༡:༠༠ ནས་ ༠༣:༠༠ བར་དང་། ༠༣:༣༠ ནས་ ༠༤:༣༠ བར། ལོ་རིམ་གསུམ་པ་དང་གཉིས་པ་དང་པོ་བཅས་ཀྱིས་ཉིན་རྒྱབ་ ༠༣:༣༠ ནས་ ༠༤:༣༠ བར་སློབ་གཉེར་རྣམ་པས་སོ་སོའི་དགེ་རྒན་ལ་འབྲེལ་བ་ཞུས་ཏེ་ལོ་སྔོན་མའི་སློབ་ཚན་ཁག་གི་ལྗགས་ལུང་ཞུས་ཡོད།

ད་ལོར་དམིགས་བསལ་སྤྱི་ཟླ་ ༡༡ ཚེས་ ༢༤ ཉིན་བཤད་གྲྭའི་སྐྱོར་དཔོན་མིན་པའི་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་མཁན་སློབ་རྣམ་པའི་མདུན་སར་ནང་ཆོས་ངོ་སྤྲོད་ཀྱི་འགྲེལ་བརྗོད་བྱས།

བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་སྤྱི་ཟླ་ ༡༡ ཚེས་ ༢༦ ཉིན་བཤད་གྲྭའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཐའ་གྲུབ་པ་དང་། ཕྱི་དྲོའི་ཆར་དགེ་སློབ་ལྷན་འཛོམས་ཐོག་ལོ་འདིའི་མཐའ་མའི་ཆོས་རྩོད་གནང་སྟེ་མཇུག་གྲུབ་པར་གནང་། སྤྱི་ཟླ་ ༡༡ ཚེས་ ༢༧ ཉིན་སྔར་སྲོལ་ལྟར་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ།

བོད་ཟླ་ ༡༠ ཚེས་ ༠༢ སྤྱི་ཟླ་ ༡༢ ཚེས་ ༠༦ རེས་གཟའ་ཟླ་བའི་ཉིན་ནས་ཉིན་གྲངས་ ༢༤ རིང་བཙུན་དགོན་བཤད་གྲྭའི་རང་སྦྱོང་དབུ་འཛུགས་གནང་བ་དང་། བོད་ཟླ་ ༡༠ ཚེས་ ༢༦ སྤྱི་ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཕུར་བུ་ནས་བཟུང་ཉིན་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་སྟེ། མཐར་སྤྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༦ ཉིན་བཙུན་དགོན་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ་བོ།།

བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།

གཞི་རིམ་སློབ་གྲྭའི་སློབ་གཉེར་བ་རྣམས་སྔར་བཞིན་སྔ་དྲོའི་ཆར་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། ཚེ་གཟུངས། སྨན་གཟུངས་སོགས་ཞལ་འདོན་དང་། ཕྱི་དྲོའི་ཆར་སྨོན་ལམ་སོགས་གསུངས་དང་གསུང་མུས་ཡིན།

བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་བྱུང་། རིགས་ལམ། སློབ་དེབ། དབྱིན་ཇི། རྩིས། ཚན་རིག་སོགས་དང་། གཞན་ཡང་རི་མོ་དང་། འབུད་རྡུང་དཀྲོལ་གསུམ་དང་། གཏོར་བཟོ་དཀར་རྒྱན་སོགས་བསླབས་དང་སློབ་བཞིན་པ་དང་།

སྤྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་དང་། བཙུན་དགོན་འགན་འཛིན་མཁན་པོ་པདྨ་བཀྲ་ཤིས་མཆོག་གིས་དབུས་པའི་དགེ་སློབ་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་སློབ་གཉེར་བ་ཡོངས་ནས་འཛིན་གྲྭ་གོང་འོག་བར་དབྱིན་ཡིག་གི་དག་ཆ་དང་། དེ་བཞིན་དབྱིན་སྐད་ཐོག་ནས་སྙན་ངག་གྱེར་འདོན་དང་གཏམ་བཤད་འགྲན་བསྡུར་གནང་ཞིང་། སྤྱི་ཟླ་ ༡༡ ཚེས་ ༢༥ ཉིན་འཛིན་གྲྭ་ལྔ་པ་ཡན་ཆད་དུ་འཛིན་གྲྭ་གོང་འོག་བར་བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་འགྲན་བསྡུར་དང་། སྤྱི་ཟླ་ ༡༢ ཚེས་ ༠༤ ཉིན་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བཞི་པ་ཡན་ཆད་སློབ་གཉེར་བ་རྣམས་ཀྱིས་གཏོར་བཟོ་དཀར་རྒྱན་དང་། འབུད་རྡུང་དཀྲོལ་གསུམ། རི་མོ་བཅས་ཀྱི་རྒྱུགས་སྤྲོད་བཏང་ཡོད།

སྤྱི་ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ་ནས་བཟུང་བདུན་ཕྲག་གཅིག་གི་རིང་བཙུན་དགོན་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་གནང་ནས། ཟླ་འདིའི་ཚེས་ ༢༧ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་བཙུགས་ཏེ། ཉིན་གསུམ་རེའི་རྗེས་སུ་རྒྱུགས་སྤྲོད་རེ་བཏང་ནས། མཐར་སྤྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༣ ཉིན་མཐའ་གྲུབ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།