༣༩༽ མངོན་བརྗོད་ལས་ཉེ་བར་མཁོ་བའི་གྲངས་ཀའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

དྲུག་གི་མིང་།
རོ་དུས་བྲོ་བ་མཚམས་རྣམས་དྲུག།
༡ རོ།   ལྕེས་མྱོང་བྱའི་བྲོ་བ་ལ་མངར་བ་དང་། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚ་བཅས་དྲུག་ཏུ་ཡོད་པས་དྲུག་མཚོན།
༢ བྲོ་བ།   གོང་གི་རོ་དང་དོན་གཅིག་པས་ན་གྲངས་དྲུག་མཚོན།
༣ དུས།   ལོ་གཅིག་གི་ནང་ནམ་ཟླའི་འགྱུར་ལྡོག་ལ་དཔྱིད་དང་སོ་ག དབྱར། སྟོན། དགུན་སྟོད། དགུན་སྨད་དེ་དུས་མཚམས་ལ་དྲུག་ཡོད་པས་གྲངས་དྲུག་མཚོན་པའོ།།
༤ མཚམས།   གོང་གི་དུས་དང་དོན་མཚུངས་པས་ན་གྲངས་དྲུག་མཚོན།
༥ འགྲོ་བ།   ལྷ་དང་མི་དང་ལྷ་མ་ཡིན་བདེ་འགྲོ་གསུམ་དང་། དམྱལ་བ་དང་ཡི་དྭགས་དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་དྲུག་ཡོད་པས་གྲངས་དྲུག་མཚོན།

བདུན་གྱི་མིང་།
རིན་ཆེན་ས་འཛིན་ཐུབ་པ་གླིང་།།
དྲང་སྲོང་རི་གཟའ་རྟ་རྣམས་བདུན།།
༡ རིན་ཆེན།   རྒྱལ་སྲིད་རིན་ཆེན་ལ་འཁོར་ལོ་དང་། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག དམག་དཔོན་བཅས་བདུན་ཡོད་པས་གྲངས་བདུན་མཚོན་ནོ།།
༢ རི།   རི་རབ་ཀྱི་ཁོར་ཡུག་ཏུ་བསྐོར་བའི་རི་ལ་འོད་སྔོན་དང་། མན་ད་ར། ནི་ཥ་ཊ། ནོར་བུའི་འོད། ཏྲོ་ཎ། གངས་རི། རྡོ་རྗེའི་རི་བཅས་བདུན་ཡོད་པས་གྲངས་བདུན་མཚོན།
༣ ས་འཛིན།   རི་རབ་ཀྱི་མཐའ་སྐོར་དུ་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན། སེང་ལྡེང་ཅན། རྟ་རྣ། ལྟ་ན་སྡུག་རི། རྣམ་འདུད། མུ་འཁྱུད་ཅན་ཏེ་གསེར་གྱི་ས་འཛིན་བདུན་ཡོད་པས་གྲངས་བདུན་མཚོན་ནོ།།
༤ ཐུབ་པ།   རྣམ་གཟིགས་དང་། གཙུག་གཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག། གསེར་ཐུབ། འོད་སྲུང་། ཤཱཀྱ་ཐུབ་པ་སྟེ་སངས་རྒྱས་དཔའ་བོ་བདུན་ཡོད་པས་གྲངས་བདུན་མཚོན་ནོ།།
༥ གླིང་།   རི་རབ་ཀྱི་ཁོར་ཡུག་ཏུ་ཟླ་བ་དང་། འོད་དཀར། ཀུ་ཤ མིའམ་ཅི། ཁྲུང་ཁྲུང་། དྲག་པོའི་གླིང་། འཛམ་བུ་གླིང་བཅས་གླིང་བདུན་ཡོད་པས་གྲངས་བདུན་མཚོན།
༦ དྲང་སྲོང་།   འོད་ཟེར་ཅན་དང་། ཉི་མ། རྒྱུན་ཤེས། འོད་ཡངས། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་སྐར་མ་སྨིན་བདུན་ལ་གནས་པའི་དྲང་སྲོང་བདུན་ཡོད་པས་གྲངས་བདུན་མཚོན།
༧ གཟའ།   རེས་གཟའ་ལ་ཉི་མ་དང་། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སྟེ་བདུན་ཡོད་པས་ན་བདུན་མཚོན་ནོ།།
༨ རྟ།   ཉི་མ་ལ་རླུང་དང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་ཏེ་རྟ་བདུན་ཡོད་པས་གྲངས་བདུན་མཚོན་ནོ།།

བརྒྱད་ཀྱི་མིང་།
ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ།།
ལྟོ་འགྲོ་ནོར་ལྷ་ནོར་དབྱིག་བརྒྱད།།
༡ ལྷ།   ཚངས་པ་དང་། བྷྲིངྒི་རི་དྷི། དྲག་པོ། དབང་ཕྱུག སྨིན་དྲུག ཚོགས་བདག ལེགས་ལྡན་ནག་པོ། བི་ཏྲི་པ་ཏྲ་སྟེ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན་ནོ།།
༢ ཀླུ།  ཀླུ་ཆེན་མཐའ་ཡས་དང་། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང་། པད་མ། པད་མ་ཆེན་པོ་སྟེ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན་ནོ།།
༣ བཀྲ་ཤིས།   བཀྲ་ཤིས་པའི་རྟགས་ལ་རིན་ཆེན་གདུགས་དང་། གསེར་ཉ། བུམ་པ། པད་མ། དུང་དཀར། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན་ནོ།།
༤ གདེངས་ཅན།   གོང་གི་ཀླུ་དང་དོན་འདྲ་བས་གྲངས་བརྒྱད་མཚོན།
༥ སྦྲུལ།   ཀླུ་ཆེན་བརྒྱད་དུ་ཕྱེ་བའི་ལྟོ་འགྲོ་སྟེ་སྦྲུལ་ལ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན།
༦ ལྟོ་འགྲོ།   གོང་གི་སྦྲུལ་གྱི་མིང་གི་རྣམ་གྲངས་ཡིན་པས་གྲངས་བརྒྱད་མཚོན།
༧ ལག་འགྲོ།   གོང་གི་སྦྲུལ་གྱི་མིང་གི་རྣམ་གྲངས་ཡིན་པས་གྲངས་བརྒྱད་མཚོན།
༨ ནོར་ལྷ།   ནོར་ལྷ་ལ་ཆུ་ལྷ་དང་། བརྟན་པ། ཟླ་བ། འཛིན་བྱེད། རླུང་། མེ། ནམ་ལངས། འོད་བྱེད་བཅས་བརྒྱད་ཡོད་པས་གྲངས་བརྒྱད་མཚོན།
༩ ནོར།   ནོར་ལྷ་དང་དོན་མཚུངས་པས་གྲངས་བརྒྱད་མཚོན།
༡༠ དབྱིག    ནོར་ལྷ་དང་དོན་འདྲ་བས་ན་གྲངས་བརྒྱད་མཚོན།
༡༡ ཉེ་སྲས།   བྱང་སེམས་ཉེ་སྲས་ལ་འཇམ་དབྱངས་ལ་སོགས་པ་བརྒྱད་ཡོད་པས་ན་གྲངས་བརྒྱད་མཚོན་ནོ།།

 དགུའི་མིང་།
སྲིན་པོ་བུ་ག་གཏེར་རྩ་དགུ།
༡ སྲིན་པོ།   གཏེར་དགུ་ལ་སྲུང་བ་པོ་དགུ་ཡོད་པས་གྲངས་ཀ་དགུ་མཚོན།
༢ བུ་ག   ལུས་ཀྱི་བུ་ག་ལ་གྲངས་དགུ་ཡོད་པས་དགུ་མཚོན།
༣ གཏེར།   གཏེར་ལ་པདྨ་ཅན་དང་། དུང་ཅན། པདྨ་ཆེན་པོ། ཆུ་སྲིན་ཅན། རུས་སྦལ་ཅན། རྔ་ཅན། དགའ་བ་ཅན། སྔོན་པོ། འཛིན་བྱེད་བཅས་དགུ་ཡོད་པས་གྲངས་དགུ་མཚོན།
༤ རྩ།   མིའི་གཟུགས་པོར་རྩ་གསུམ་དང་འཁོར་ལོ་དྲུག་སྟེ་རྩ་ལ་དགུ་ཡོད་པས་གྲངས་དགུ་མཚོན།

བཅུའི་མིང་།
འཇུག་པ་ཁྲོ་བོ་སྒྲ་སྒྲོག་ཕྱོགས།།
འབྱོར་པ་སྟོབས་དང་སོར་མོ་བཅུ།།
༡ འཇུག་པ།   ཁྱབ་འཇུག་ལ་ཉ་དང་། རུས་སྦལ། ཕག་རྒོད། མི་ཡི་སེང་གེ། མིའུ་ཐུང་། མི་སྡུག་པ། ནག་པོ། དགའ་བྱེད་ར་མ་ཎ། རྒྱས་པ་ར་མ་ཎ། སངས་རྒྱས་ཀི་ཏྲཱི་ཙེ་སྟེ་འཇུག་པ་བཅུ་ཡོད་པས་གྲངས་བཅུ་མཚོན།
༢ ཁྲོ་བོ།  ནང་གི་སྲུང་འཁོར་གྱི་ཕྱོགས་བཅུར་བཞུགས་ནས་སྒྲུབ་པ་པོ་ལ་སྲུང་བའི་ཁྲོ་བོ་བཅུ་ཡོད་པས་གྲངས་བཅུ་མཚོན།
༣ སྒྲ་སྒྲོག   ཁུག་རྟ་དང་། ཁྱིམ་བྱ། བརྒྱ་བྱིན། ངང་པ། བཅུའི་མིང་། ནམ་མཁའ། སྤྲིན། བྱ་སྤྱི། བྱ་རོག། འབྲུག། རི་དྭགས་རུ་རུ། སྲིན་པོ་བཅས་བཅུ་ཡོད་པས་གྲངས་བཅུ་མཚོན།
༤ ཕྱོགས།   ཕྱོགས་བཞི་མཚམས་བཞི་སྟེང་འོག་ཕྱོགས་ལ་བཅུ་ཡོད་པས་གྲངས་བཅུ་མཚོན།
༥ འབྱོར་པ།   རང་འབྱོར་ལྔ་དང་གཞན་འབྱོར་ལྔ་བཅས་བཅུ་ཡོད་པས་གྲངས་བཅུ་མཚོན།
༦ སྟོབས།   སངས་རྒྱས་ལ་གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུ་ཡོད་པས་གྲངས་བཅུ་མཚོན།
༧ སོར་མོ།   རྐང་ལག་གཉིས་ལ་སོར་མོ་བཅུ་རེ་ཡོད་པས་གྲངས་བཅུ་མཚོན།

 བཅུ་གཅིག་གི་མིང་།
དྲག་པོ་དབང་ཕྱུག་བདེ་བྱེད་དང་།།
བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ།
༡ དྲག་པོ།  ལྷ་སུམ་ཅུ་རྩ་གསུམ་གྱི་ནང་གསེས་དྲག་པོའི་ལྷ་མ་སྐྱེས་སོགས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན།
༢ དབང་ཕྱུག   དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ལ་མ་སྐྱེས་རྐང་གཅིག་སོགས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན།
༣༽ བདེ་བྱེད། ༤༽ བདེ་འབྱུང་། ༥༽ འཕྲོག་བྱེད། དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ཡིན་པས་གྲངས་བཅུ་གཅིག་མཚོན་པའོ།།
༦ བྱེད་པ།   སྐར་རྩིས་ཀྱི་བྱེད་པ་ལ་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན་པའོ།།

 བཅུ་གཉིས་ཀྱི་མིང་།
ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས།།
༡ ཉི་མ།   ཉི་མ་ལ་ཁྱིམ་གྱི་བདག་པོ་སྟེ། དབང་པོ་དང་། བྱེད་པོ། ལམ་པ། ཆར་འབེབས། བསྟོད་བྱེད། སྔོན་མིན། སྔོན་འཕགས། མི་གཟུགས། ཁྱབ་འཇུག འོད་ཅན། ཆུ་བདག གཤིན་རྗེ་བཅས་བཅུ་གཉིས་ཡོད་པས་ན་གྲངས་བཅུ་གཉིས་མཚོན།
༢ ཉིན་བྱེད།   གོང་གི་ཉི་མ་དང་དོན་གཅིག་པས་གྲངས་བཅུ་གཅིག་མཚོན་པའོ།།
༣ རྟེན་འབྲེལ།   མ་རིག་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པས་ན་གྲངས་བཅུ་གཉིས་མཚོན་ནོ།།
༤ ཁྱིམ།   ཉི་མ་ལ་ཁྱིམ་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན་པའོ།།

 བཅུ་གསུམ་གྱི་མིང་།
གདུགས་རིམ་སྣ་ཚོགས་ལུས་མེད་དང་།།
འདོད་པ་མྱོས་བྱེད་བཅུ་གསུམ་མིང་།།
༡ གདུགས་རིམ།   མཆོད་རྟེན་ལ་ཆོས་འཁོར་རམ་གདུགས་རིམ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན་པའོ།།
༢ སྣ་ཚོགས།   སྣ་ཚོགས་ལྷ་ལ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན།
༣ ལུས་མེད།   བདུད་དགའ་རབ་དབང་ཕྱུག་གི་མིང་གི་རྣམ་གྲངས་མྱོས་བྱེད་ལ་སོགས་པ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན།
༤ འདོད་པ།   སྐེད་ལེགས་མ་སོགས་འདོད་པ་ལ་མིང་གི་རྣམ་གྲངས་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན།
༥ མྱོས་བྱེད།   གོང་གི་ལུས་མེད་དང་དོན་མཚུངས་པས་གྲངས་བཅུ་གསུམ་མཚོན།

བཅུ་བཞིའི་མིང་།
མ་ནུ་ཤེད་བུ་ཡིད་སྲིད་པ།།
སྲིད་པའི་གནས་རྣམས་བཅུ་བཞིའོ།།
༡ མ་ནུ།   སྔར་རྒྱ་གར་ལ་རིགས་རྐང་ཐང་སོགས་བཞི་དང་། བྲམ་ཟེའི་རིགས་ལ་ནགས་གནས་སོགས་གསུམ། རྗེ་རིགས་ལ་ཡིག་མཁན་སོགས་གསུམ། དམངས་རིགས་ལ་ས་གཞི་རྨོ་བ་སོགས་བཞི་བཅས་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན་པའོ།
༢ ཤེད་བུ།   མ་ནུའི་མིང་གི་རྣམ་གྲངས་ཡིན་པས་གྲངས་བཅུ་བཞི་མཚོན།
༣ ཡིད།   ཡིད་ཅན་ནམ་སེམས་ཅན་གྱི་སྲིད་པ་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན།
༤ སྲིད་པ།   འདོད་གཟུགས་ཀྱིས་ཕྱེ་བའི་ལྷ་ལ་བརྒྱད་དང་། སྐྱེ་གནས་ཀྱིས་ཕྱེ་བའི་དུད་འགྲོ་ལ་བཞི། མི་དང་དམྱལ་བ་སྟེ་སྲིད་པ་ལ་བཅུ་བཞི་ཡོད་པས་གྲངས་བཅུ་བཞི་མཚོན།
༥ སྲིད་པའི་གནས།   གོང་གི་སྲིད་པ་དང་དོན་འདྲ་བས་གྲངས་བཅུ་བཞི་མཚོན།

བཅོ་ལྔའི་མིང་།
ཚེས་ཞེས་བྱ་བ་བཅོ་ལྔའི་མིང་།།
༡ ཚེས།   རགས་པར་ཟླ་བའི་ཕྱོགས་རེར་ཚེས་ཞག་གཉིས་ཀ་བཅོ་ལྔ་རེ་ཡོད་པས་གྲངས་བཅོ་ལྔ་མཚོན།

 བཅུ་དྲུག་གི་མིང་།
ཆས་ཤས་དང་ནི་རྒྱལ་པོ་དང་།།
མི་བདག་ཅེས་པ་བཅུ་དྲུག་གོ།
༡ ཆས་ཤས།   ཟླ་བ་ལ་ཆ་ཤས་བཅུ་དྲུག་ཡོད་པས་ན་གྲངས་བཅུ་དྲུག་མཚོན།
༢ རྒྱལ་པོ།  སྔར་རྒྱ་གར་མ་ག་དྷ་སོགས་ཡུལ་ཆེན་ཏེ་རྒྱལ་ཕྲན་བཅུ་དྲུག་ལ་རྒྱལ་པོ་རེ་ཡོད་པས་གྲངས་བཅུ་དྲུག་མཚོན་པའོ།།
༣ མི་བདག   རྒྱལ་པོའི་མིང་གི་རྣམ་གྲངས་ཡིན་པས་ན་གྲངས་བཅུ་དྲུག་མཚོན།

 བཅོ་བརྒྱད་ཀྱི་མིང་།
ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ།།
༡ སྐྱོན།   མིའི་ལུས་ལ་མི་སྡུག་པ་དང་། དྲི་ངན་པ་སོགས་སྐྱོན་བཅོ་བརྒྱད་ཡོད་པས་གྲངས་བཅོ་བརྒྱད་མཚོན་ནོ།།
༢ ཁམས།   དམིགས་པ་ཡུལ་གྱི་ཁམས་དྲུག་དང་། རྟེན་དབང་པོའི་ཁམས་དྲུག བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་བཅོ་བརྒྱད་ཡོད་པས་གྲངས་བཅོ་བརྒྱད་མཚོན།

ཉེར་བཞིའི་མིང་།
རྒྱལ་བ་ཡུལ་ནི་ཉེར་བཞིའོ།།
༡ རྒྱལ་བ། སངས་རྒྱས་ལ་ཉེར་བཞི་ཡོད་པས་གྲངས་ཉེར་བཞི་མཚོན་ནོ།
༢ ཡུལ། ཕྱི་ནང་ཡུལ་སོ་སོར་ཉེར་བཞི་ཡོད་པས་གྲངས་ཉེར་བཞི་མཚོན་པའོ།།

 ཉེར་ལྔའི་མིང་།
དེ་ཉིད་ཉི་ཤུ་རྩ་ལྔ་སྟེ།།
༡ དེ་ཉིད། མུ་སྟེགས་གྲངས་ཅན་པ་ཚོས་ཁས་བླངས་པའི་དེ་ཉིད་ལ་མིག་རྣ་སོགས་གྲངས་ཉེར་ལྔ་ཡོད་པས་གྲངས་ཉེར་ལྔ་མཚོན་ནོ།།

 ཉེར་བདུན་གྱི་མིང་།
སྐར་མ་འཁོར་ལོ་ཉེར་བདུན་མིང་།།
༡ སྐར་མ།   སྐར་མ་ལ་གྲོ་བཞིན་སོགས་ཉེར་བདུན་ཡོད་པས་གྲངས་ཉེར་བདུན་མཚོན་ནོ།
༢ འཁོར་ལོ།   རྒྱུ་སྐར་གྱི་གོ་ལའི་འཁོར་ལོ་ལ་ཉེར་བདུན་ཡོད་པས་གྲངས་ཉེར་བདུན་མཚོན་པའོ།།

 སོ་གཉིས་ཀྱི་མིང་།
སོ་དང་གཉིས་སྐྱེས་སོ་གཉིས་མིང་།།
༡ སོ།   མི་ཕལ་ཆེར་གྱི་སོ་ལ་འགྲམ་སོ་དང་བཅས་སོ་གཉིས་ཡོད་པས་གྲངས་སོ་གཉིས་མཚོན་ནོ།།
༢ གཉིས་སྐྱེས།   གོང་གི་སོའི་དོན་དང་གཅིག་པས་གྲངས་སོ་གཉིས་མཚོན་ནོ།།

 ཀླད་ཀོར་གྱི་མིང་།
སྟོང་པ་ནམ་མཁའ་ཐིག་ལེ་སྟེ།།
གྲངས་ཀྱི་མིང་གི་རྣམ་གྲངས་སོ།།
༡ སྟོང་པ།   སྟོང་པ་རིས་སུ་བྲིས་དུས་གོར་གོར་བྲིས་པས་ཀླད་ཀོར་མཚོན།
༢ ནམ་མཁའ།   ནམ་མཁའ་སྟོང་ཡིན་པས་གྲངས་ཀླད་ཀོར་མཚོན་ནོ།
༣ ཐིག་ལེ།   ཐིག་ལེ་དབྱིབས་གོར་མོར་ཆགས་པས་ཀླད་ཀོར་མཚོན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།