ཨ་རྒྱ།

ལོ་རིམ་གཉིས་པའི་སློབ་གཉེར་བ། ཟླ་བ་ཚེ་བརྟན།

ཤེས་རབ་ཀྱིས་ཕྱུག་པའི་ཁར་དེང་རབས་ཀྱི་སློབ་གསོ་ཐོབ་ཅིང་། ཤེས་འཇོན་ཅན་གྱི་སློབ་བུ་ཨ་རྒྱ་དེ་སུ་རེད། ཀློག་པ་པོ་རྣམས་ལ་དེ་རིང་ངས་ཨ་རྒྱ་འགྲེལ་བརྗོད་ཅིག་བྱེད། ཉན་འདོད་པ་རྣམས་ཀྱིས་རྣ་བ་སང་སང་ངང་ནས་ཉོན་དང་། ཐོས་སྲིད། གོ་སྲིད། ཡིག་ངོ་ཆོད་པ་དག་གིས་ཀློགས་དང་། མིག་ངོར་འཆར་སྲིད། མིག་ལམ་དུ་འགྱུ་སྲིད།

སྲིད་པ་ལ་ཁ་ཕྱོགས་པའི་དེ་རིང་གི་ཉི་མ་ནི་སློབ་བུ་ཨ་རྒྱ་ལ་མཚོན་ན་ཆེས་རིན་ཐང་ལྡན་པ་ཞིག་ཡིན་སྲིད། གཅིག་བྱས་ན་ཅི་ཡང་མིན་ན་ཐང་། གང་ལྟར་ཡང་དེ་རིང་ལྟད་མོ་བ་རྣམས་ཀྱིས་ལྟད་མོ་ལྟོས་དང་། སྒྱུ་རྩལ་བ་ལ་ཐམས་ཅད་མཛེས་ཆའི་རང་བཞིན་གྱི་སྣང་བརྙན་མཐོང་ཡོང་། ཁོ་ཐོག་མར་སྲིད་པ་མི་ཡུལ་འདིར་སླེབ་དུས་མངལ་སྐྱེས་བྱས་ནས་སྤྱིར་བཏང་ཕལ་བ་ཞིག་ཡིན། མ་ཡི་མངལ་ལས་སྐྱེས་མ་ཐག་ཞག་འགའི་རྗེས་ཡུམ་འཇིག་རྟེན་མི་ཡུལ་བོར་ནས་རིགས་དྲུག་གང་རུང་ཞིག་ལ་སྤྲོ་འཆམ་ཕེབས་རྗེས་སྟོན་པས་ལྷ་ཡུལ་ལ་གདན་དྲངས་སྐད། དེ་ནི་འཇིག་རྟེན་ན་ལྷག་པའི་མི་རྣམས་ཀྱི་བཤད་གཏམ་ཡིན། འུར་འུར་ཆིལ་ཆིལ་རེད། དེ་ནས་ཕ་ཡང་གར་སོང་ཆ་མེད་དུ་གྱུར། ལོ་འགའ་ཡི་རྗེས་སུ་གྲོང་པའི་གྲོང་ཆོག་པ་དག་གིས་བཤད་ན་ཕ་ནི་ཡ་བ་ཚང་གི་མག་པ་བྱས་འདུག་ཟེར། གྲོང་པའི་ཁྱིམ་མཚེས་ཚང་མས་དམོད་མོ་འདེབས་ཀྱིན་འདུག གཏམ་དེ་ཐོས་མ་ཐག་རྨོ་བུ་ཁྲིད་གློ་བུར་དུ་ས་ལ་འགྱེལ། གཏམ་དེ་ཨ་རྒྱ་ལ་མཚོན་ན་སེམས་ནད་མ་རེད། འོན་ཀྱང་དེས་སྐྱོ་སྣང་ཞིག་དྲངས། ཅི་ལ་བཤད་ན། ཁོ་ལ་མཚོན་ན་ལོ་མང་པོ་ཞིག་གི་རྗེས་ལ་གཞི་ནས་ཕ་ཡོད་པ་ཤེས་སོང་བས་རེད། རྨོ་བུ་ཁྲིད་ས་ལ་འགྱེལ་བ་ནི་ཡིད་སྐྱོ་བས་མིན། ཁྲག་རླུང་ཆེ་བས་ལན་རེད། ད་བར་སློབ་བུ་ཨ་རྒྱ་ཐང་དུ་ལུས་པར་སུས་ཀྱང་ཡ་མ་བྱས་པར་གཡུགས་པའི་རྐྱེན་གྱིས་སྙིང་རླུང་ལངས་སོང་བ་རེད། ཁྱིམ་མཚེས་ཚོས་དམོད་མོ་འདེབས་དོན་ཅི་ཡིན་མིན་ནི་གཏམ་རྒྱུད་གོ་བ་ཁོ་ནས་ལན་ཐེབས་ངེས་རེད། ཀློག་པ་པོ་སོ་སོ་རང་ངོས་ཀྱིས་ཡིད་ལ་ལན་རེ་ཐོབ་དང་།

ཨ་རྒྱ་ལོ་ན་བཅོ་ལྔར་སླེབས་ཟིན་ཡང་། ཀ་ཁ་ག་ང་ཡང་ཀློག་མི་ཤེས། དེ་ཁོ་ལ་ཁག་ག་ལ་ཡོད། རྨོ་བུ་ཁྲིད་ལའང་བཤད་རྒྱུ་མེད། ཁྱིམ་ཚང་སྐྱོ་སོང་བས་རེད། དབྱར་ཚེས་ན་རི་ལ་ཐོན་ནས་འབྲོག་སྡེ་ཡོད་སར་གཡོག་པོ་དང་ཕྱུགས་རྫིའི་ལས་ལས་ཀྱིན་ཡོད། དགུན་ཁ་བ་འབབ་དུས་ཡུལ་ཁྲོད་འབྱོར་ནས་གཞན་གྱི་ཤིང་འཐུ་མཁན་དང་། མེ་འབུད་མཁན། ཆུ་ལེན་མཁན་སོགས་ཀྱི་ལས་བྱེད། དེ་དག་ལ་བརྟེན་ནས་ཉིན་རེ་ཡི་འཚོ་བ་འཁྱོལ་ཐབས་བྱེད། ད་ནི་རྨོ་བུ་ཁྲིད་རྒས་ནས་མགོའི་སྐྲ་ཐམས་ཅད་དར་དཀར་ལས་ཀྱང་དཀར་བ་རེད། ཁའི་སོ་ཡང་བུད། གདོང་ཡོངས་རྫོགས་གཉེར་མས་བཏུམས། སློབ་བུ་ཨ་རྒྱའི་དུས་ལ་བབས་པ་རེད། ཁོས་དང་ཐོག་གཡོག་ལས་བྱེད་དུས་ཐམས་ཅད་ཀྱིས་མི་ངན་པ་ཞིག་རྩི་བཞིན་ཡོད། དེ་ནི་ཁོའི་རང་གཤིས་གྱོང་དྲགས་པས་རེད། འདྲིས་ན་མི་གཤིས་རྒྱུད་བཟང་པོ་ཞིག་ཡིན། དེ་ཁོ་བ་ཚང་གི་ཁྱིམ་མཚེས་ཨ་ཁུ་སྟོབས་ལྡན་གྱིས་ཤེས་ཡོད། རྨོ་བུ་ཁྲིད་ཀྱིས་ལས་ནི་བྱེད་མི་ནུས། མོས་ཨ་ཁུ་སྟོབས་ལྡན་ལ་རེ་བ་བཅོལ། དེ་བཞིན་ཨ་རྒྱ་ཡང་དེར་བྲན་གཡོག་བྱེད་པར་མངགས། ཨ་ཁུས་ཁོའི་སྤྱོད་པ་ལ་རྒྱུས་ཡོད་སྟབས། འཇམ་པོའི་ཐོག་ནས་ལས་སྣ་མིན་ལས་སུ་བཅུག དེ་བཞིན་ཟ་རྒྱུ་འཐུང་རྒྱུ་གྱོན་རྒྱུ་སོགས་ལའང་གྱོང་མེད་པ་བྱས་ཡོད།

དེ་འདྲ་བྱས་ནས་ལོ་བསྟུད་མར་ལྔ་ལྷག་ཙམ་ཨ་ཁུ་སྟོབས་ལྡན་གྱི་ལས་ཉར་བྱས། ཉིན་ཞིག་གློ་བུར་དུ་ཁོ་ལས་ཀ་གཡོལ་ནས་རྨོ་བུ་ཁྲིད་སར་ཕྱིན། “ད་ང་བྲན་གཡོག་བྱེད་ནུས་པ་མི་འདུག་”ཟེར། རྨོ་བུ་ཁྲིད་གཏམ་དེ་གོ་མ་ཐག་ཁ་ནས་སྙིང་འཐོན་གྲབས་བྱས། ག་ལེར་རྒྱུ་རྐྱེན་རྣམས་དྲིས། ཨ་རྒྱས་བཤད་དོན། “ད་ང་ནི་ཕོ་ལོ་ཉི་ཤུ་ཐམ་པ་ཟིན་རུང་ཡི་གེ་ཀ་ཙམ་ཡང་ཀློག་མི་ཤེས། ངའི་ལོ་ཚད་ཀྱི་གྲོགས་ཕོ་མོ་རྣམས་ནི་སློབ་ཆེན་ཡང་མཐར་ཕྱིན་གྲབས་འདུག ངའི་མི་ཚེ་གཅིག་མིའི་འོག་ལ་གཡོག་རྒྱུག་འདོད་མེད། དེ་བས་འཇིག་རྟེན་པའི་མི་ཚེ་ཡི་བསམ་པ་བློས་བཏང་ནས་དཀར་པོ་དགེ་བའི་ཕྱོགས་ལ་ཡོང་ཨེ་ཐུབ་རེ་བྱ་འདོད་”སྨྲས་པས། རྨོ་བུ་ཁྲིད་ག་ལེར་གཉིད་དྭངས་པ་བཞིན། “བུ་ཁྱོད་ལོས་བདེན། སྤྱིར་ན་འདི་ཚོ་ངའི་ལན་པ་རེད། ཡང་བསམ་བློ་གཞན་ཞིག་བཏང་ན། མ་ནི་ཆུང་ངུ་ནས་ཡོད་མ་རེད། ཕ་ནི་ཡ་བ་ཚང་གི་མག་པ་བྱས་འདུག་ཟེར། ཁོང་ཚོའི་སེམས་ལ་ཁྱོད་ཡོད་མ་རེད། ཡིན་རུང་ཁྱོད་འདི་ཙམ་བྱུང་བ་འདི་ཡང་ངའི་བཀའ་དྲིན་ཡིན་མི་སྲིད་པ་ག་ལ་ཡིན། ཡིན་ནའང་ད་དུང་ཁྱོད་རང་གིས་བསམ་བློ་ཡག་པོ་ཐོངས། ང་ཚོའི་སྡེ་པ་འདི་སྤྲང་པོ་སྤྲང་ནག་དེ་ཡིན་པ་རེད། ང་ཚོ་ལ་ངོ་མ་ཡ་བྱེད་མཁན་ཡོད་མ་རེད་”ཟེར། ཡང་ཨ་རྒྱས། “རེད། ང་ཚོ་སྤྲང་པོ་རེད། ང་ཚོ་རིགས་སྐྱོ་བོ་རེད། ཡིན་ནའང་སྔོན་ང་ཨ་ཁུ་སྟོབས་ལྡན་ནང་ལས་ཀ་བྱེད་དུས་གཏམ་འདི་འདྲ་ཞིག་གོ་མྱོང་། ནང་པ་སངས་རྒྱས་པའི་ཆོས་ལ་རིགས་རུས་དང་སྤྲང་ཕྱུག་གི་ཁྱད་པར་ཡོད་མ་རེད་ཟེར། གྲོང་ཆོག་པ་དག་གིས་བཤད་ཀྱི་རེད། རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་ཉམས་ལེན་གཙོ། ཞེས་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་གྲྭ་ཕུན་ཚོགས་ཀྱིས་བཤད་བྱུང་། དེ་བས་ང་ལ་ཡ་མི་བྱེད་པ་མི་སྲིད། ད་ནི་བསྐལ་པ་དུས་ཀྱི་ཐ་མ་རེད། འདི་འདྲ་བའི་དུས་ལ་ང་ནི་གྲྭ་པ་བྱེད་འདོད་ཡོད་ལ། དེ་བས་དགོན་པ་ཞིག་ལ་མཚོན་ན་ང་དེ་བས་མཁོ་ཆེ། དེ་ནི་ང་འཇོན་ཐང་ཆེ་བས་མིན། ང་ལ་ཤེས་ཡོན་ཡོད་པས་མིན། དེ་ནི་དགོན་པ་སྟོང་པའི་བསམ་བློ་ཡོད་པ་དང་། གྲྭ་རྒྱུན་ཆད་པའི་བློ་འཚབ་ཡོད་པས་རེད། དེ་འདྲ་སོང་ཙང་ང་ནི།” བཤད་མཚམས་མ་རྫོགས་སྔོན་དུ་ཨ་ཁུ་སྟོབས་ལྡན་འབྱོར། “ཁྱོད་འདིར་ཅི་བྱེད་བཞིན་ཡོད། ལས་ཀ་ལས་མི་མེད་སོང་བས་ཁྱོད་མགྱོགས་པོ་སོང་”ཟེར། རྨོ་བུ་ཁྲིད་གློ་བུར་འཁྱོར་མ་སྟབས་ཀྱིས་ཡར་ལངས་རྗེས་ཁ་ནས་ལྕེ་ནུར་ཙམ་བྱས་ཏེ་ཨ་རྒྱའི་ལག་པ་ནས་འཐེན་ནས། “མགྱོགས་པོ་སོང་”ཟེར། ཨ་རྒྱ་ཡང་བྱེད་ཐབས་བྲལ་ནས་མི་འགྲོ་ཀ་མེད་བྱུང་།

ད་ནི་རྨོ་བུ་ཁྲིད་ལྕེ་ནར་ནར་གྱིས་ཨ་ཁུ་སྟོབས་ལྡན་ལ་ཞུ་བ་བྱེད་ཀྱིན་པུས་མོ་གཉིས་ས་ལ་བཙུགས་ནས། “ད་བར་ཨ་རྒྱས་ལས་བྱས་པའི་གླ་སྤྲོད་རོགས་”ཟེར་ནས་རེ་འབོད་བྱེད་ཀྱིན་པའི་ཁར། གློ་བུར་ཨ་ཁུ་སྟོབས་ལྡན་གྱིས་བྲེལ་འཚུབ་ངང་དུ་རྨོ་བུ་ཁྲིད་ཀྱི་ལག་གཉིས་ནས་འཇུས་ཏེ་ཡ་མཚན་དང་བཅས། “དེ་རིང་ཅི་རེད། ད་བར་དུ་ཁྱོད་ཀྱིས་ང་ལ་གླ་སྤྲོད་རོགས་ཟེར་མ་མྱོང་། དེ་རིང་གློ་བུར་དྲན་དོན་ཅི་རེད་”ཅེས་དྲིས། ཨ་རྒྱས་བཤད་པ་ཐམས་ཅད་ཁྱིམ་མཚེས་ཨ་ཁུ་སྟོབས་ལྡན་ལ་བཤད། སྦྱིན་བདག་ཆེན་པོ་ཨ་ཁུ་སྟོབས་ལྡན་དགའ་སྐྱོ་འདྲེས་མའི་ངང་ནས་“ལོས་ཡིན། ལོས་ཡིན་”ཟེར། གཏམ་དེ་གོ་མ་ཐག་རྨོ་བུ་ཁྲིད་སེམས་ལྷོད་ལ་བབས། ད་དུང་ཨ་ཁུ་སྟོབས་ལྡན་གྱིས་བཤད་དོན། “ཨ་རྒྱ་ཁོ་དཀར་པོ་ཆོས་ཤིག་སྒྲུབ་ཐུབ་ན་འགྲོ་སོང་ག་ཚོད་གཏོང་དགོས་རུང་ངས་གཏང་ཆོག མ་ཟད་ཆོས་པ་རབ་ཅིག་ཆགས་ཐུབ་པའི་རེ་སྨོན་ཡོད། གཟའ་དཀར་ཚེས་བཟང་ཞིག་གི་ཉིན་གསང་ཆེན་ངེས་དོན་དགོན་པར་འགྲོ་དགོས། དེ་དུས་ང་རང་ཡང་འགྲོ་གི་ཡིན་ལ། མ་ཟད་ཁོའི་བསམ་འདུན་ཐམས་ཅད་བསྐོང་བར་རྨོ་བུ་ཁྲིད་ཁྱོད་རང་ཡང་ང་ཚོའི་འགྲམ་དུ་བསྡད་ན་ཆོག་”ཅེས་བཤད། གཏམ་དེ་ཨ་རྒྱ་ལ་བསམས་ན་ཉིན་མོའི་རྨི་ལམ་ལྟ་བུ་རེད། ཁོ་རང་གིས་ཁོ་རང་ལ་ཤ་གཅུས་ཤིག་བྱས་པས་རྨི་ལམ་མིན་པ་གཞི་ནས་ཤེས་ཏེ། ས་མཆོང་གནམ་མཆོང་བྱས། རྨོ་བུ་ཁྲིད་ལ་ཧར་གྱིས་འཐམས། རྨོ་བུ་ཁྲིད་ཡང་དགའ་སྐྱོ་འདྲེས་མའི་སེམས་ཚོར་གྱིས་གདོང་གི་གཉེར་མ་ཐམས་ཅད་འདུས་པ་དང་། མིག་ནས་མཆི་མ་ཕྲུམ་ཕྲུམ་དུ་འཛག སྐབས་དེ་དུས་ཨ་རྒྱའི་སེམས་ལ་བརྗོད་མི་ཤེས་པའི་ན་ཟུག་དྲག་པོ་ཞིག་ལངས་རུང་། ཕྱིའི་རྣམ་འགྱུར་གྱིས་སྟོན་ཐབས་བྲལ། གང་ལ་ཞེ་ན། རྨོ་བུ་ཁྲིད་ལ་ཡང་དེ་མཚུངས་ཀྱི་ན་ཟུག་སྐྱེ་བར་མཐོང་མི་འདོད་པས་ཡིན། ཨ་རྒྱ་ལ་མཚོན་ན་རང་གི་ཨ་མ་ལས་ཀྱང་རྨོ་བུ་ཁྲིད་ལ་བརྩེ་བ་ཟབ། རྨོ་བུ་ཁྲིད་ལ་མཚོན་ནའང་ཨ་རྒྱ་ནི་རང་གི་སྙིང་གི་གཅེས་ནོར་ལྟ་བུ་ཡིན། རྨོ་རྨོའི་སེམས་ལ་ནམ་ཡང་ཡོད་པ་ནི་བུ་ཨ་རྒྱ་ཁོ་ན་ཡིན། ཁོང་གཉིས་ཀྱི་བརྩེ་བ་ལ་བསམ་ན་སུ་ཡིན་ཡང་ཡིད་སྨོན་མི་འཆོར་མཁན་དཀའ་མོ་ཡིན་རྒྱུ་རེད།

དེ་རིང་ནི་རེས་གཟའ་པ་སངས་དང་ཚེས་བཅུ་ཡང་ཡིན། དུས་ཚོད་དེ་ལ་ངང་སྒུག་བྱེད་མཁན་ནི་ཨ་ཁུ་སྟོབས་ལྡན་ལས་གཞན་སུ་ཡང་མེད། ཇི་ཙམ་གྱི་རེ་སྒུག་བྱས་མིན་ཨ་ཁུ་ཁོ་རང་གི་སེམས་ནང་ལ་ཁྲ་ལྷམ་མེར་ཤར་ཡོད། དུས་ཚོད་འདི་ནི་ཨ་ཁུ་སྟོབས་ལྡན་གྱིས་ཤིན་ཏུ་གནད་ཆེན་ཞིག་ལ་བརྩིས་ཡོད། ཨ་ཁུ་སྟོབས་ལྡན་གྱིས། “ད་སྡོད་མ་རན། ཨ་རྒྱ་ག་བ་འདུག ངེད་གཉིས་འགྲོ་དགོས་རེད། དེ་མུར་སྐད་ཐོངས། ”སྨྲས་པས། ཨ་སྲུ་གངས་སྒྲོན་གྱིས་དེ་མུར་ཨ་རྒྱ་བོས། ཡང་ཨ་ཁུས། “ཡ་ད་འགྲོ་རྩིས་བྱོས། ངེད་གཉིས་ཆུ་ཚོད་བཅུ་པ་ཙམ་དགོན་པར་འབྱོར་དགོས།” ཨ་རྒྱའི་སེམས་པ་རབ་ཏུ་དགའ་ནས་ཅི་བྱེད་འདི་བྱེད་མེད་པར་རྨོ་བུ་ཁྲིད་སར་ཕྱིན་ནས། “རྨོ་ལགས་ང་དེ་རིང་ཨ་ཁུ་སྟོབས་ལྡན་མཉམ་དུ་དགོན་པར་འགྲོ་ངེས་ཡིན།” སྨྲས་པས། རྨོ་རྨོས་རང་གིས་ཅི་བྱེད་དགོས་མིན་ཡང་མི་ཤེས་པར་རྟབ་རྟབ་པོར་ལུས། རྨོ་རྨོའི་བསམ་བློའི་ཁྲོད་ནས་བུ་ཨ་རྒྱ་ལ་བསྐུར་རྒྱུ་དང་སྤྲད་རྒྱུ་གང་ཡང་ཡོད་པ་མ་ཤེས། གང་མཚམས་རྗེས། སྔོན་ཕ་མེས་ཀྱིས་བཞག་པ་ཞིག་ཡོད་པ་ནི་གཟི་མིག་གསུམ་པ་དེ་རེད། སྒམ་ཆུང་ཞིག་ཁ་ཕྱེ་ནས་གཟི་མིག་གསུམ་པ་དེ་བཏོན། དེ་མུར་ངུ་མ་དགོད་ཀྱིས་ཨ་རྒྱའི་སྐེ་ལ་འདོགས་ཞོར་དུ་འདི་ལྟར་བཤད། “འདི་ནི་འུ་ཅག་གི་ཕ་མེས་ཡང་མེས་ནས་རྒྱུད་ཡོང་བའི་གཅེས་ནོར་ཞིག་ཡིན། ང་ལ་ངའི་ཨ་མས་སྤྲད་བྱུང་། དེ་རིང་ཁྱོད་དགོན་པར་འགྲོ་བའི་དུས་ཡིན་པས་སྟེར་རྒྱུ་གང་ཡང་མ་རྙེད་མོད། གཅེས་ནོར་འདི་ཁྱོད་ལ་སྤྲད་རྒྱུ་ཡིན་པས་བདག་པོ་ཡག་པོ་རྒྱོབ། ”ཅེས་སྨྲ་འཕྲོར་ཨ་ཁུ་སྟོབས་ལྡན་སླེབས་ནས། “ད་དུང་ཚར་མེད་དམ། ད་ཕྱི་པོ་ཆགས་ཉེན་འདུག མགྱོགས་པོ་བྱོས། འགྲོ་རན་སོང་”ཟེར།

ཨ་སྲུ་གངས་སྒྲོན་གྱིས་རྟ་ལ་རྟ་སྒ་དང་དྲེལ་གཉིས་ལ་ཟས་དང་གོས་སོགས་ལོ་ཟླ་གཅིག་ཙམ་འདང་བའི་ཁལ་བཀལ་འདུག དེ་ནས་ཨ་སྲུ་གངས་སྒྲོན་ཡང་མིག་ནས་མཆི་མ་འདོན་ཞོར་དུ་ལག་ལ་བཀྲ་ཤིས་ཁ་བཏགས་དཀར་པོ་ཞིག་འཁྱེར་ནས་ཨ་རྒྱ་ལ་གཡོགས། ཁོ་ཡང་མིག་ཟུང་མཆི་མས་བརླན། ལྷག་ཏུ་རྨོ་མོ་བུ་ཁྲིད་ཀྱིས་ཨ་རྒྱ་ལ་འཐམས་ནས་འདི་སྐད་ཟེར། “ཁྱོད་ད་བར་སྡུག་པོ་བྱུང་ཡོད་རུང་། འདི་ཙམ་བྱུང་བ་ངའི་བཀའ་དྲིན་རེད། དེ་བས་ན་ཁྱོད་ཀྱི་བསམ་པ་ནས་ང་ནམ་ཡང་དོར་མི་ཉན། ད་དུང་གསང་ཆེན་ངེས་དོན་དགོན་པར་ཕྱིན་རྗེས་སློབ་སྦྱོང་ལ་ནམ་ཡང་སྙིང་རུས་མ་ཆུང་བ་བྱོས་”ཟེར། ཨ་ཁུ་སྟོབས་ལྡན་གྱིས་བཤད་དོན། “ད་འགྲོ་རན་སོང་། ཁྱོད་སེམས་ཁྲལ་མ་བྱེད། ཁོ་བསླབ་པ་སློབ་གཉེར་ལེགས་པོ་ཡོང་གི་རེད། ཁོ་རང་གི་སེམས་ཐག་ཆོད་སོང་བས་དེ་ལས་ཡག་པོ་ཞིག་གང་ན་ཡོད། དེ་བས་རྨོ་བུ་ཁྲིད་ཁྱེད་རང་ཚོ་སེམས་པ་ལྷོད་ལ་ཕབ་ནས་མ་ཎི་འདྲ་ཟློས་”ཟེར། ཨ་ཁུ་སྟོབས་ལྡན་རྟ་རྐྱང་པ་དེར་བཞོན་ནས་སྔུན་ལ་ཕྱིན་སོང་། ཨ་རྒྱ་དྲེལ་གཉིས་པོ་དེད་ནས་རྗེས་ལ་འགྲོ་འགོ་ཚུགས། མིག་རྒྱང་རིང་པོའི་སར་སྐྱེལ་འདྲེན་བྱེད་མཁན་ནི་རྨོ་བུ་ཁྲིད་དང་ཨ་སྲུ་གངས་སྒྲོན་རེད། ཨ་སྲུ་གངས་སྒྲོན་ཡང་སེམས་ནང་ལ་བསམ་བློ་སྣ་ཚོགས་འཆར་འགོ་བཙུགས་པ་དང་། ལྷག་པར་དུ་མིག་ལམ་དུ་ཡང་ཡང་འགྱུ་བ་ནི་ཨ་རྒྱ་རེད། རྒྱུ་མཚན་ནི་ཁོའི་མི་གཤིས་དེ་རེད། ཕྱི་ཚུལ་དུ་གཤིས་རྒྱུད་གྱོང་རུང་། དོན་དངོས་ཐོག་གཤིས་རྒྱུད་དྲང་པོ་རེད་ལ། ཁོག་པ་མདའ་ཤོང་མདུང་ཤོང་རེད། དེར་བརྟེན་ཁོའི་གཤིས་རྒྱུད་ལ་རྒྱུས་ལོན་ཡོད་མཁན་ཡག་ཤོས་ཤིག་ནི་ཨ་སྲུ་གངས་སྒྲོན་རེད། ཁོང་གཉིས་ཀྱི་བརྩེ་སེམས་ཡང་གསང་བ་ཞིག་རེད། སུས་ཀྱང་དཔོག་མི་ཐུབ།

ཨ་རྒྱ་དང་ཨ་ཁུ་སྟོབས་ལྡན་གཉིས་པོ་གསང་ཆེན་ངེས་དོན་དགོན་པར་འབྱོར་བ་དང་། གྲྭ་པ་རྒྱགས་རིལ་རིལ་ཞིག་གིས་སྒོ་ཆེན་ཕྱེ་བ་དང་ལྷན། འཚམས་འདྲི་ཞུས། ཨ་ཁུ་སྟོབས་ལྡན་ལྕེ་ནུར་ཙམ་བྱས་རྗེས་རྟ་ལས་བབས་ནས་ནང་ལ་འཛུལ། དེ་མུར་ཨ་རྒྱ་ཡང་། དེ་ནས་ཡང་གྲྭ་པ་སྐམ་པོ་ཡིན་པ་ལ་གདོང་པའི་དཀྱུས་ཚད་རིང་བ། གཟུགས་སྟོབས་ཆེ་རྒྱུ་མེད་ནའང་རིང་ཙམ་ཡིན་པ་ཞིག་གིས་“ཕེབས་ལམ་འོ་རྒྱལ་མ་བྱུང་ངམ་”ཟེར་ཞོར་དུ་ཨ་ཁུ་སྟོབས་ལྡན་གྱིས་གུས་གུས་ཞུམ་ཞུམ་ངང་ལན་བཏབ། དེ་ནས་ཨ་རྒྱས་དྲེལ་རྒྱབ་དེ་མར་ཕབ་རྗེས་ལོགས་སུ་བཞག ཨ་ཁུ་སྟོབས་ལྡན་གྱིས་གྲྭ་པ་དེ་ལ་“ཨ་ལགས་ཚང་ག་བ་ཡོད་རེད། བཞུགས་ཡོད་དམ་”སྨྲས། གྲྭ་པ་དེ་ནི་ཨ་ལགས་ཚང་གི་ཕྱག་མཛོད་རེད་འདུག ཁོང་གིས་“ཨ་ལགས་ད་ལྟ་ནང་ན་བཞུགས་ཡོད། ཁྱེད་གཉིས་ཀ་ཡར་ཕེབས་དང་”བརྗོད། ནང་ལ་འཛུལ་མ་ཐག ཉལ་ཁྲིའི་གཡས་གཡོན་ན་དར་ལྔས་བཏུམས་ཤིང་། མདུན་ན་རྒྱ་ཅོག་གསེར་གྱི་འབྲུག་རིས་ཅན་ཞིག་བཤམ་པ་དང་། དེའི་ཁར་དངུལ་གྱིས་བཟོས་པའི་ཕོར་པའི་ནང་ཇ་ཞག་འདེམ་མེ་བཀང་། ཨ་ལགས་ནི་འགྱིང་ཉམས་དང་བཅས་བཞུགས་འདུག ཨ་ཁུ་སྟོབས་ལྡན་ལྕེ་ནར་ནར་གྱིས་ལག་ཟུང་ཐལ་མོ་སྦྱར་ཏེ་ཕྱག་གསུམ་འཚལ་བ་དང་ལྷན་དུ་ཨ་རྒྱ་ལའང་ཕྱག་འཚལ་དགོས་པའི་བརྡ་བསྟན། དེ་ནས་ཞལ་འཛུམ་མུ་ལེར་ངང་ནས་གསུང་དོན། “རྣམ་པ་གཉིས་པོ་ཕེབས་ལམ་བདེའམ། ལས་དོན་ཅི་ཞིག་ཡོད། རྣམ་དཀར་དགེ་བའི་ཉིན་ཕེབས་པར་རྟེན་འབྲེལ་གྱི་ལྟས་བཟང་མོད་”ཅེས་ཚིག་མཚམས་བཅད། ལ་ལའི་བཤད་ན་ཨ་ལགས་རིན་པོ་ཆེ་ནི་ཟག་བཅས་ཀྱི་མངོན་ཤེས་ལ་ཐོགས་པ་མེད་རེད་ཟེར། མ་འོངས་པའི་ལུང་བསྟན་གསུང་གྲབས་བྱས་པས་ད་ལྟ་བཤད་ན་མི་ཡག་བསམས་ནས་ཚིག་གི་ཁ་ཚོན་བཅད། ཡང་ཨ་ཁུ་སྟོབས་ལྡན་གྱིས་ཁུག་མ་ནས་དར་དཀར་དང་ཡིག་སྐོགས་བཅས་འདོན་ཞོར། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ཧ་ཅང་ཉམ་ཆུང་ཚུལ་ལྡན་གྱི་སྒོ་ནས་ཡོང་དོན་རྣམས་ཞུས་པས། ཨ་ལགས་ཀྱིས་ཕྱག་གཡས་པ་བརྐྱངས་ནས་ཨ་ཁུ་སྟོབས་ལྡན་གྱི་མགོ་ལ་བྱིལ་བྱིལ་ཞིག་བྱས། དེ་ནི་ཕྱག་དབང་གནང་སྟངས་ཤིག་རེད། ཨ་ལགས་ཚང་གི་གསུང་སྒོ་ཕྱེ་བྱུང་། “ཡ་ཡ། དེ་རིང་ཚེས་བཟང་དུས་བཟང་གི་ཉིན་འདིར་ངས་ཁོང་ལ་སྐྲ་ཕུད་ཅིག་ལེན་གྱི་ཡིན་”ཟེར། དེ་མུར་ཨ་རྒྱ་ཡར་བོས། ད་དུང་གསུང་རྒྱུར། “ཁྱོད་རང་རང་ཐག་ཆོད་པ་ཨེ་རེད་”ཟེར། ཨ་རྒྱ་ཅུང་ངོ་གནོངས་པའི་ཚུལ་གྱིས་མགོ་གུག་ཙམ་བྱས། རྒྱུ་མཚན་ནི་ཁོ་ལ་ཡ་མ་ཟུང་གི་སེམས་ཚོར་ཞིག་ཡོད་པས་ཡིན། གང་ལྟར་ཡང་ཨ་ལགས་ཚང་གི་ཞལ་མག་མུག་གིས་གཅིག་འདོན་གྱིན་འདུག ཅུང་རྗེས་ཕྱག་གཡས་ཀྱིས་ཇེམ་རྩེ་ཡར་བླངས་ནས་“ཁྱོད་སྤྲོའམ་”ཟེར། ཨ་རྒྱས་ནང་དོན་མ་རྟོགས་ནས་ཡར་མིག་ཧྲིག་ཧྲིག་གིས་བལྟས་པས། ཕྱག་མཛོད་དེས་“སྤྲོ་ཞེས་ལོབ་”ཟེར། ཁོས་ཀྱང་གློ་བུར་དུ་“སྤྲོ་”ཞེས་སྨྲས། ཨ་ལགས་ཀྱིས་སྤྱི་གཙུག་ནས་སྐྲ་མི་ཉུང་བ་ཞིག་གཏུབས་ནས་ཕྱག་མཛོད་སར་སོང་ཞེས་ཁོང་ཡོད་སར་བཏང་། ཕྱག་མཛོད་ཀྱིས་ཨ་རྒྱ་ཁྲིད་ནས་ཁང་མིག་གཞན་ཞིག་ཏུ་སོང་། དེར་ཅུང་ཟད་བབ་ཆགས་པོས་བལྟས་པས་འདི་ནི་དགོན་པ་དེའི་མཛོད་ཁང་ཡིན་པ་གཞི་ནས་ཤེས། ཕྱག་མཛོད་ཀྱིས་“མགོ་འཐོམས་ནས་མ་འདུག འདི་ཁྱེར་ནས་འགྲོ་”ཟེར། ལག་ལ་རས་དམར་སེར་རྣམས་བཞག་ནས་ཕྱི་ལ་འཛུབ་མོ་བཙུགས། ཕྱི་ལ་འབྱོར་མ་ཐག “ཁྱོད་འདིར་སྡོད་ཅིག ང་མགྱོགས་པོ་ཡོང་”ཟེར་བཞིན་ཕྱག་མཛོད་གཡས་སྒོར་འཛུལ་ཕྱིན་སོང་། ཨ་རྒྱ་ཡང་དེར་བསྒུགས་ནས་བསྡད། གང་མཚམས་རྗེས་ཁོས་ཨ་རྒྱའི་སྐྲ་རྣམས་བྲེགས་ནས་གྲྭ་ཆས་གཙང་མ་ཞིག་གཡོགས། སྐབས་དེ་དུས་ཨ་ཁུ་སྟོབས་ལྡན་དང་ཨ་ལགས་ཚང་གཉིས་བཀའ་མོལ་འདྲ་མིན་གསུང་གིན་བཞུགས་ཡོད། གློ་བུར་དུ་ཨ་ལགས་ཀྱིས་ཅི་ཞིག་དྲན་པ་ལྟར་“འོ་རེད་”ཟེར། ཨ་ཁུ་སྟོབས་ལྡན་གྱིས་“ལགས་”སྨྲས་པས། “ཁྱོད་ལ་རྗེས་མ་དཀའ་ངལ་འདྲ་ཡོང་འཆར་འདུག དེ་དག་ལ་གཟབ་གཟབ་བྱོས། ཁྱོད་རང་གི་ཚེ་རོགས་ལ་ཁ་ཏ་བསླབ་བྱ་ཡག་པོ་ཐོངས། རྡུང་རྡེག་རིགས་མ་གཏོང་། འཇམ་པོ་བྱེད་དགོས་”གསུངས། གང་ལྟར་ཨ་ཁུ་སྟོབས་ལྡན་གྱིས་བསླབ་བྱ་ཞིག་ལས་གཞན་ཅི་ཡང་སེམས་ལ་མ་འཁོར། དེ་མུར་ཕྱག་མཛོད་དང་ཨ་རྒྱ་ནང་དུ་འཛུལ་འོངས་པས་ཨ་ཁུ་སྟོབས་ལྡན་ནི་ཅི་ཡང་མི་སྨྲ་བར་ཧད་ནས་འདུག ཡག་པོ་བལྟས་ནས་བསྡད་འདུག ཨ་རྒྱ་ནི་དེ་སྔོན་མཐོང་མྱོང་བའི་མི་འདྲ་ཞིག་ལས། ད་ལྟ་རང་གི་མཉམ་དུ་འོངས་པའི་ཨ་རྒྱ་ཡིན་པ་སེམས་གཏིང་ནས་བརྗེད་ཟིན། ཨ་ལགས་ཚང་གིས་གསུངས་དོན། “ད་ཧ་ཅང་ཡག་པོ་བྱུང་འདུག གྲྭ་པ་ཡིན་བསམ་བསམ་འདྲ་ཞིག་འདུག་སྟེ།” དེ་ག་རང་གསུངས་མཚམས་བཀག ཨ་ཁུ་སྟོབས་ལྡན་གཞི་ནས་དྲན་པའི་འཁྱམས་ཉུལ་ལས་ཡར་དྲངས། “ཁྱོད་ངོ་མ་ཚུལ་ལྡན་གྱི་གྲྭ་པ་ཞིག་ཡོང་བར་ཤོག ཚེ་གང་པོ་དགེ་སློང་བཟང་པོ་ཞིག་ཡོང་བར་ཤོག” ཅེས་སྨོན་ལམ་འདེབས་བཞིན་མིག་ནས་མིག་ཆུའི་ཕྲེང་རྡོག་ཟགས་བཞིན་འདུག ཨ་རྒྱས། “ཁྱེད་ངོ་མ་ང་ལ་བཀའ་དྲིན་ཆེན་པོ་ཡིན། ཁྱེད་ཀྱི་བཀའ་དྲིན་ལ་བསམ་ན་ངས་མི་ཚེ་གཅིག་གང་པོར་བྲན་གཡོག་བྱས་ཀྱང་བཀའ་དྲིན་ག་ལ་འཁོར་སྲིད། ཡིན་རུང་ཁྱེད་ཀྱི་མི་ཚེའི་ཕུགས་འདུན་རིང་པོ་ཡོང་བ་དང་། བསམ་དོན་དང་སྨོན་འདུན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག་”ཅེས་སྨོན་ལམ་འདེབས་ཞོར་གཉིས་ཀ་འཐམ་འཁྱུད་ཀྱི་ངང་ནས་ངུ་བཞིན་འདུག ཨ་ལགས་ཀྱིས། “ཡ་ཡ། ད་འགྲིག་སོང་། ཨ་རྒྱ་འདིར་ཟླ་ཤས་རིང་སློབ་སྦྱོང་ཡག་པོ་བྱེད་ཀྱི་རེད། ཁྱེད་རང་བློ་བདེ་བག་ཕེབས་བྱོས་ནས་ནང་ལ་སོང་”གསུངས་པས། ཨ་ཁུ་སྟོབས་ལྡན་གྱིས་ཀྱང་རྐྱང་ཕྱག་གསུམ་བཙལ་ཏེ་སྒོ་ནས་མར་འཐོན་ཕྱིན། ཨ་རྒྱས་ཡུན་རིང་བར་སྐྱེལ་མ་བྱས་རྗེས་སླར་ཡང་དགོན་པར་ལོག་འོངས།

ད་ནི་ཨ་རྒྱ་དགོན་པ་སླེབས་ནས་ཟླ་བ་བརྒྱད་ཙམ་འགྲོ་གྲབས་འདུག ཟླ་བ་འདི་ཡི་རིང་ལ་མཁན་སློབ་དགེ་བའི་བཤེས་གཉེན་དང་། ཆོས་གྲོགས་ཚང་མའི་བསྟོད་ཡུལ་དུ་གྱུར། སློབ་སྦྱོང་ལ་ཧུར་ཐག་བྱས་པར་མ་ཟད། བྱ་སྤྱོད་གཤིས་སྤྱོད་ཀྱང་ཧ་ཅང་བཟང་། ཚང་མའི་མིག་དཔེར་འོས་པ་དང་། དཔེ་འཇོག་ས་འདྲ་བོ་ཞིག་ཆགས། ཉིན་ཞིག་གློ་བུར་དུ་ཨ་རྒྱ་གང་དུ་འདུག་ཟེར་མཁན་གྱི་ཨ་ཅེ་ཞིག་སླེབས། ཨ་ཅེ་དེ་སུ་རེད་དམ། ཀློག་པ་པོ་རྣམས་པས་ཚོད་དཔག་བྱས་ན། ཁྱེད་རྣམས་ཀྱི་སེམས་ལ་ཁྲ་ལྷམ་མེར་ཡོད་ཀྱི་རེད།

ཨ་ཅེ་དེས་བཤད་དོན། “ངས་ཁྱེད་ལ་ཡུན་རིང་རེ་སྒུག་བྱས་མོད། ཁྱེད་ཀྱི་ཕྱོགས་ནས་གཏམ་གང་ཡང་གོ་རྒྱུ་མི་འདུག དེར་བརྟེན་དེ་རིང་ང་འདིར་ཁྱེད་ཀྱི་སར་མི་ཡོང་ཐབས་མེད་བྱུང་། ཁྱོད་རང་ང་ལ་ཡག་པོ་ལྟོས་དང་། ངའི་ལུས་ཀྱི་འགྱུར་ལྡོག་དེ་ཁྱོད་ཀྱིས་མཐོང་ཡོད་ཀྱི་རེད། ང་ལ་ལུས་འཁོར་ནས་ད་ལྟ་འདི་ཙམ་བྱུང་བ་མ་ཟད། ཡུལ་མི་ཁྱིམ་མཚེས་ཚང་མས་ང་ལ་ཁ་རྡུང་བཏང་ནས་སྡོད་དུ་འཇུག་གི་མི་འདུག ལྷག་ཏུ་ངའི་ཁྱོ་བོས་ང་ལ་ཉིན་མཚན་དབྱེར་མེད་དུ་རྡུང་རྡེག་བཏང་ནས་ང་སྡོད་ཐབས་བྲལ། དེ་བས་དེ་རིང་འདིར་མི་ཡོང་ཐབས་མེད་བྱུང་། ཁྱོད་ད་རུང་ང་ལ་སྙིང་མི་རྗེའམ།” ཞེས་མིག་ནས་མིག་ཆུ་ཐར་ཐོར་གཏོང་འགོ་ཚུགས། སྐབས་དེར་ཨ་རྒྱ་ནི་ཅི་ཡང་བྱ་ཐབས་བྲལ་ནས་མིག་གིས་ཡར་བལྟ་མར་བལྟ་འདྲ་བྱེད་ཀྱིན་འདུག གློ་བུར་དུ་ཅི་ཞིག་དྲན་པ་ལྟར། “ད་ངས་ཅི་བྱེད་དགོས་སམ། ངེད་གཉིས་ལ་ཐབས་ཤེས་ག་རེ་ཡོད་རེད་”ཟེར། ཨ་ཅེ་དེ་ཡང་རེ་ཞིག་ཅི་བྱ་དགོས་མིན་ཡང་མ་ཤེས་པར་ལུས། དེ་ནས་ཨ་རྒྱའི་སེམས་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས། མ་ཟད་ཨ་ཅེ་ངའི་དོན་དུ་སྡུག་པོ་ཧ་ཅང་མྱངས་སོང་། ད་ནི་ངས་འདི་ལྟར་གཡུགས་བཞག་ན་མི་འགྲིག་སྙམ་ནས། “ངེད་གཉིས་འདི་འདྲ་བྱས་ནས་བསྡད་ན་མི་འགྲིག ངེད་གཉིས་ཡུལ་ཁམས་གཞན་ལ་ཐོན་འགྲོ་”ཞེས་ཁ་ནས་ཐལ། ཨ་ཅེ་དེས་ཀྱང་མགོ་གཡུག་གཡུག་བྱེད། “གནས་སྐབས་དེ་རིང་ང་ལ་ཟ་རྒྱུ་འཐུང་རྒྱུའི་ཅ་དངོས་གང་ཡང་མེད། ཇི་ལྟར་བྱ་དགོས་”ཞེས་ཨ་ཅེ་ལ་དྲིས་པས། ཨ་ཅེས་“ང་ལ་སྒོར་མོ་མི་ཉུང་ཙམ་འཁྱེར་རྒྱུ་ཡོད། གནས་སྐབས་རིང་འདང་ངེས་རེད། དེ་ནས་ང་རང་གཉིས་སློང་བརྒྱབ་ནས་བཟའ་རྒྱུ་ལས་གཞན་ཐབས་མེད་”ཟེར། ཨ་རྒྱས། “ཡ་ཡ། ཁྱོད་འདིར་སྡོད་ཅིག ང་ལམ་སེང་ཡོང་”ཟེར་བཞིན་ཁོ་རང་ཤག་ལ་ཕྱིར་མིག་ཙམ་ཡང་མེད་པར་ཕྱིན་སོང་། ཤག་ནང་ལ་འབྱོར་མ་ཐག་ཉལ་སའི་གཡས་གཡོན་ནས་སྒོར་ཁུག་དེ་འདོན་ཞོར། “ཡ་ཤག་རོགས་ཚོ་གནས་སྐབས་རིང་བདེ་མོ་བཞུགས་རོགས། ང་རང་ཡུལ་ལ་མ་ཕྱིན་ཐབས་མེད་ཆགས་བྱུང་། རང་ཡུལ་ནས་གང་མགྱོགས་ཡོང་གི་ཡིན། མ་ཟད་ངའི་ཚབ་བྱས་ནས་དགོངས་ཞུ་ཞིག་བྲིས་ཏེ་འབུལ་རོགས་”ཟེར་བཞིན་ཕྱིར་ཐོན་སོང་། ཨ་ཅེ་དེ་ཡང་ཨ་རྒྱ་ལ་བསྒུགས་ནས་བསྡད་ཡོད་པ་དང་། “ད་འགྲོ་”ཟེར། དེ་ནས་ཁོང་གཉིས་དགོན་པའི་གཡས་འདབས་ནས་མར་ཤང་རི་བོ་ཕྱོགས་ལ་ཐོན། དགོན་པའི་འདབས་ན་མཆོད་རྟེན་དཀར་པོ་ཆེན་པོ་ཞིག་ཡོད་པ་དེར་ཨ་རྒྱས་སྡོམ་པ་དེ་ཕུལ། ཁོང་གཉིས་ནི་མིག་གི་མཐོང་སར་ཡང་མེད་པར་ཕྱིན། སྐབས་དེ་ནས་བཟུང་ཨ་རྒྱ་དང་ཨ་ཅེ་དེ་གཉིས་ཀྱི་སྐོར་ལ་སུས་ཀྱང་ཤེས་ཐབས་མ་བྱུང་། ཁོང་གཉིས་ད་ལྟ་ཤི་གསོན་ཅི་ཡིན་ཡུལ་མི་ཐམས་ཅད་ཀྱིས་མི་ཤེས། ད་ནི་ཡུན་རིང་དྲགས་པས་ཁོང་གཉིས་ཀྱི་སྐོར་ལ་གླེང་མཁན་ཡང་མེད། རེ་ཟུང་ཡོད་པ་རྣམས་ཀྱིས་ཀྱང་དམོད་མོ་འདེབས་ཡུལ་དུ་གྱུར།

ལྷན་རྒྱས་ཚོའི་སེམས་ལ་ད་དུང་དོགས་འདྲི་དེ་ཧ་གོ་ཡོད་དམ། ཨ་ཅེ་དེ་སུ་རེད། ཨ་ཅེ་དེ་ནི་ཨ་ཁུ་སྟོབས་ལྡན་གྱི་འདུག་རོགས་ཨ་སྲུ་གངས་སྒྲོན་རེད། ཁོང་གཉིས་ཀྱི་བརྩེ་དུང་དེ་གསང་བ་ཞིག་རེད། སུས་ཀྱང་བཤད་པར་དཀའ། ཉིན་ཞིག་ཨ་ཁུ་སྟོབས་ལྡན་ཕྱོགས་གཞན་པ་ལ་ཚོང་རྒྱག་ཏུ་ཕྱིན་རྗེས་ཨ་རྒྱ་ནི་ཨ་སྲུ་གངས་སྒྲོན་མཉམ་དུ་ལས་མིར་བཞག སྐབས་དེ་དུས་ཁོང་གཉིས་ལུས་འབྲེལ་བྱུང་བ་ཁོང་གཉིས་ལས་གཞན་སུས་ཤེས། ཨ་རྒྱ་གྲྭ་པ་འགྲོ་རྒྱུ་དེ་ཡང་གྲོང་པ་དེ་ནས་གཡོལ་ཐབས་ཤིག་ཡིན་པ་དང་། ད་ཁོང་གཉིས་ཀྱིས་སྔོན་ནས་བཏིང་ཚར་བའི་འཆར་གཞི་ཞིག་རེད། ད་ནི་ཨ་རྒྱ་དང་ཨ་སྲུ་གངས་སྒྲོན་ཁོང་གཉིས་མི་ཚེ་སྐྱིད་པོ་ཡོང་བའི་རེ་བ་ཆེན་པོ་ཡོད། ད་དུང་ཨ་རྒྱའི་ལག་ན་གཟི་དེ་ཡོད། ཁོས་ཨ་ལགས་ལ་གཟི་དེ་ཕུལ་མེད། ཁོང་གཉིས་ལ་ལས་འབྲས་འཁོར་ངེས་ཡིན། རྨོ་མོ་བུ་ཁྲིད་དང་ཨ་ཁུ་སྟོབས་ལྡན་གཉིས་ལ་སྙིང་རྗེ་ཡ་ང་མེད་པར་བྱས་པས། ལས་འབྲས་ནི་ནམ་ཡང་བསླུ་བ་མེད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།