མི་ཚེའི་ཁ་ཕྱོགས།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

དང་པོ།

དེ་རིང་ནས་ཡར་དེད་པའི་བདུན་ཕྲག་གཅིག་སྔོན་གྱི་རྣམ་གྲོལ་གླིང་ནི་ཉིན་མཚན་གྱི་སྣང་བ་འབྱེད་མི་ཐུབ་པར་དཀར་དམར་སྣ་ཚོགས་ཀྱི་གློག་འོད་དང་། བསྟོད་ཚིག་དུ་མའི་ཕྲེད་དར། དར་ཚོན་སྣ་ལྔའི་དར་ལྕོག་དགུང་ལ་འཕྱོ་ཞིང་། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཐགས་སུ་བཀྲ་བའི་དོག་མོའི་ས་ལ་ཡང་གོམ་ཁ་སྤོ་མི་ཕོད་པའི་ཆེས་མཛེས་སྡུག་ལྡན་པའི་དུས་བཟང་དེ་ནི་ཡབ་རྗེ་གྲུབ་དབང་བླ་མས་གདན་ས་འདི་གསར་དུ་ཕྱག་བཏབ་པ་ནས་བཟུང་ད་ལྟའི་བར་བགྲང་བྱ་དྲུག་ཅུ་ཏག་ཏག་འཁོར་བའི་དུས་དྲན་དང་། མཁན་པོའི་ཁྲི་འདོན་མངའ་གསོལ་ཐེངས་བརྒྱད་པའི་མཛད་སྒོ་དུས་གཅིག་ཏུ་འཁེལ་སྟབས། དགོན་འདིའི་ཁོར་ཡུག་ཡོད་ཚད་ལ་གློག་མཆོད་ཁྲ་ཆེམ་མེར་བཤམས་འདུག་ཅིང། ཁྲ་ཆེམ་ཆེམ་གྱི་གློག་འོད་གསེང་ནས་ཆེས་ཡིད་དུ་འོང་བ་ནི་དཔལ་རིའི་ཕོ་བྲང་ཆེན་མོ་རེད་ལ་བཅུ་དྲུག་གི་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་གི་ལུས་ལ་མཛེས་པའི་རྒྱན་ཆ་སྣ་ཚོགས་སྤྲས་ཏེ། རྒྱང་རིང་གི་སྙིང་སྡུག་ལ་ཟུར་མིག་གཡོ་བའི་ཚུལ་བཞིན་གློག་མཆོད་དེ་དག་གཅིག་ལས་གཅིག་བཀྲག་མདངས་ཆེ་ཞིང་། གཅིག་ལས་གཅིག་འོད་མདངས་ཆེ་བར་འཚེར་བཞིན་འདུག་ལ། གཡས་གཡོན་གྱི་མི་ཚོགས་ཀྱང་མཚར་སྡུག་གི་མཛེས་མ་དང་ལྷན་དུ་བརྙན་པར་ལེན་ཆེད་རྒྱུག་པ་བཞིན་གཅིག་རྗེས་གཉིས་མཐུད་དུ་འཚང་ག་ཤིག་ཤིག་འདུག

ང་རང་ཡང་གྲོགས་པོ་ཞིག་དང་ལྷན་དུ་འཚང་གའི་ཁྲོད་ནས་འདྲ་པར་ལེན་རྒྱུ་མ་བྱུང་ཡང་། མིག་ཟུང་ཕྱོགས་གང་སར་མྱུལ་ནས་མཛེས་སྡུག་གི་ཁོར་ཡུག་དག་འདྲེན་བྱེད་ཀྱིས་ལོངས་སུ་སྤྱད་ཅིང་། མཛེས་སྡུག་གི་ཁྱད་པར་མང་པོ་ཞིག་ང་གཉིས་གླེང་རེ་བྱས་ཤིང་ཁོང་གིས་“དངུལ་ཡོད་ན་མཚན་སྨག་རུམ་ཡིན་ཡང་ཉིན་མོའི་སྣང་བ་ངོམ་རྒྱུ་འདུག་”ཟེར་བཞིན་སྐོར་བ་བསྐོར་རྒྱུ་ཡང་མཚམས་བཞག་མ་ཐུབ་པར་མུ་མཐུད་ནས་ཕྱིན་པས། གློ་བུར་དུ་སྐོར་བའི་གཡོན་ཕྱོགས་ནས་གོས་ཐུང་ནག་པོའི་སྟེང་སྟོད་ཐུང་སྐྱ་བོ་གྱོན་པའི་ཕོ་གསར་ཞིག་ང་གཉིས་ཕྱོགས་སུ་ཡོང་ནས་འགྲམ་དུ་འབྱོར་བ་དང་། ལག་པ་བཏང་ནས། “ཝེ། བཀྲ་ཤིས་བདེ་ལེགས།” ཞེས་བདེ་ཐང་གི་འཚམས་འདྲི་བྱས་རྗེས། “ད་རྒྱགས་པ་ཆགས་འདུག་ག” ཞེས་ཧ་ཅང་ཉེ་ཉེ་ལྟར་བཀའ་མོལ་གནང་བྱུང་། ངས་ཀྱང་འཚམས་འདྲི་ཞུས་ཞོར་ཁོང་ལ་“ད་ཁྱོད་རྫིག་པོ་ཆགས་འདུག་ག” ཞེས་རྩེད་མཚར་བྱས་པས་ཁོང་གིས་གྱེན་དུ་བསླངས་པའི་སྐྲ་ལ་བཟུང་ནས་ཡར་དེད་ཅིང་དགོད་ཙམ་བྱས་ཏེ། “ད་རྫིག་པོ་འདྲ་མ་བཟོས་ན་བཤད་གྲྭ་ནི་འགོ་ཐོན་མ་སོང་།” ཞེས་སྟབས་མ་བདེ་བའི་འཛུམ་མདངས་ཤིག་ཀྱང་ཕྱུང་སྟེ་ལོ་མང་རིང་ཐུག་ཕྲད་མ་བྱུང་བའི་དགོན་པའི་འགྱུར་ལྡོག་སྐོར་གླེང་གིན་མུ་མཐུད་ནས་སྐོར་བར་ཕྱིན།

སྔོ་སེར་དམར་ལྗང་གི་གློག་འོད་ནི་སྔར་བཞིན་ཆེམ་ཆེམ་དུ་འཕྲོ་བཞིན་མི་ཚོགས་ཀྱི་འཚང་ག་ཡང་སྔར་བས་ཆེ་བར་གྱུར། སྐོར་ལམ་གཡས་གཡོན་གང་སར་མི་ཚོགས་ཀྱིས་ཁེངས་འདུག་ལ། གླིང་གའི་གཡས་གཡོན་དུ་ཚོ་དང་ཚོ་བྱས་ནས་ཧ་ཧ་དང་ཧུ་ཧུ་ཟེར་བཞིན་ཅི་ཞིག་གླེང་གིན་པའི་དགེ་འདུན་པ་དེ་དག་ནི་རྒྱུན་རིང་པོར་ཐུག་འཕྲད་མ་བྱུང་བའི་ཕ་ཡུལ་གཅིག་པ་དང་། འཛིན་གྲོགས། ངོ་ཤེས་གྲོགས་པོ་རྣམས་ད་ཐེངས་མཛད་སྒོར་མཉམ་འཛོམས་བྱུང་བའི་དགའ་སྤྲོས་སོ་སོའི་མ་འོངས་དང་། འདས་དོན་གླེང་བཞིན་འདུ་ཁང་གཡས་གཡོན་གྱི་ཁོར་ཡུག་ཡོད་ཚད་དགོད་སྒྲས་ཁེངས་འདུག་ལ། གྲྭ་ཆུང་པྲ་ཚག་ཅན་རེ་གཉིས་ནི་གབ་རེས་དང་འབྲོས་རེས། ས་མཆོང་གནམ་མཆོང་གིས་རྩེད་མོར་གཡེང་བཞིན་མཆིས། ང་ཚོ་གསུམ་ཡང་འདུ་ཁང་ཁོར་ཡུག་གི་མཛེས་དཔལ་ལ་མྱོང་རོལ་གྱིས་སྐོར་བ་གསུམ་ཕྱིན་རྗེས་གླིང་ཁའི་ཟུར་དུ་ཤུག་སྡོང་ཆུང་ཆུང་གཉིས་ཡོད་ས་དེར་གློག་མཆོད་ཆེད་དུ་ཤེལ་ཏོག་ཆུང་ཆུང་མང་པོ་བཀལ་འདུག་ཅིང་དེའི་གཡས་གཡོན་དུ་དཀར་ཆའང་དོད་པས་ང་ཚོས་ཀྱང་གནས་དེར་ལྷོད་ལྷོད་ངང་དགོང་མོའི་བསིལ་རླུང་དང་ལྷན་དུ་ངལ་གསོ་བྱས་ཤིང་། ལོ་མང་ཐུག་འཕྲད་མ་བྱུང་བའི་ཁོང་དང་ཁ་བརྡ་བྱས།

གཉིས་པ།

གནག་ཅིང་སྣུམ་ལ་རིང་ཐུང་འཚམས་པའི་སྐྲ་དེ་ཐོད་པའི་སྒང་ནས་ཡར་བརྫེས་ཤིང་། གློག་འོད་དང་རང་བཞིན་གང་ཡིན་མི་ཤེས་པའི་བཞིན་རས་དཀར་བ་དང་། ལག་གཡོན་པར་མིང་རྟགས་ཅན་གྱི་ཆུ་ཚོད་ཅིག་བཏགས་ནས། རྫིག་ཉམས་ཀྱི་ཕུ་ཐུང་ཡར་ལ་རྫེ་ཙམ་རྫེ་ཙམ་བྱེད་པ་དང་། སྐད་ཆ་ཁ་ཤས་བཤད་པའི་བར་དུ་ལག་པས་མགོ་སྐྱེས་ལན་བུ་གྱེན་ལ་དེད་ཙམ་དེད་ཙམ་བྱེད་ཅིང་། སྤོབས་པ་དང་གདེང་ཚོད་ཆེན་པོས་ཁོའི་འདས་དོན་གླེངས་བྱུང་།
མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ། །དཔྱིད་ཉིན་རིང་པོར་གྲང་གསུམ་དྲོ་གསུམ། །ཟེར་བ་བཞིན། ང་རང་སློབ་ཆུང་འགྲིམ་སྐབས་ངའི་ཨ་ཕས་ང་ལ་གྲྭ་པ་བྱེད་དགོས་པ་དང་། དགོན་པར་ནང་ཆོས་སྦྱོང་དུ་འགྲོ་དགོས་པའི་རེ་བ་ཐེངས་མང་པོ་བྱེད་མྱོང་། རེད་དེ། དེ་དུས་ང་སློབ་ཆུང་འཛིན་གྲྭ་བཞི་པ་ཙམ་ཡིན་ལ། བོད་ཡིག་གི་ཤེས་ཚད་ཀྱང་ཨ་ཕས་བསླབས་པའི་ཀ་ཁ་སྦྱོར་ཀློག་ནས་སྡུད་ཀློག་དེ་ནས་རིམ་བཞིན་སྐྱབས་འགྲོའི་ཚིག་ཁ་ཤས་སྐྱོར་ཤེས་པ་ལས་བོད་ཡིག་གི་བརྡ་དག་སོགས་ཅི་ཡང་མི་ཤེས། ང་རང་ལོ་བཅུ་གསུམ་ལ་སླེབས་པའི་དགུན་དུས་སློབ་གྲྭའི་གུང་སེང་སྐབས་ནང་ལ་བསྡད་དེ་དུས་ཚོད་ཡོད་ཚད་རྐང་རྩེད་སྤོ་ལོ་རྩེ་བ་དང་། གློག་བརྙན་ལྟ་བ་སོགས་ལ་མགོ་འཁོར་ནས་སྡོད་པའི་དུས། ང་ཚོའི་ཁྱིམ་མཚེས་ཀྱི་གྲྭ་པ་ལྷག་པ་ཁོང་རྒྱ་གར་མཻ་སོར་ནས་སློབ་དཔོན་ཐོན་རྗེས་ཕ་ཡུལ་དུ་གུང་སེང་ལ་ཕེབས་འདུག ཡུལ་མི་ཚང་མས་ཁ་བཏགས་དང་ཟ་ཆས་མི་ཉུང་བ་རེ་ཁྱེར་ནས་ཁོང་མཇལ་ཁར་འགྲོ་ཡི་འདུག་ལ། ངའི་ཨ་ཕ་ཡང་ཁ་བཏགས་གཉིས་དང་ཙག་ཙིག་རས་ཐུམ་ཞིག་ཁྱེར་ནས་ང་ལ་སློབ་དཔོན་མཇལ་ག་འགྲོ་དགོས་ཚུལ་བཤད་བྱུང་། ང་ཚོ་ཁོང་གི་འགྲམ་དུ་སླེབས་པ་དང་ཁོང་གིས་“བཀྲ་ཤིས་བདེ་ལེགས།” ཞེས་འཚམས་འདྲི་ཞུས་པ་དང་། “ད་བུ་ཡང་ཆེན་པོ་ཆགས་འདུག་ག” ཞེས་གསུངས་ཞོར་ངའི་སྐེ་ལ་ཁ་བཏགས་གཡོགས་པ་དང་། སྲུང་མདུད་ཅིག་ང་ལ་གནང་བྱུང་། ཁོང་གིས་གསུང་ཚུལ་བྱས་ན་སྲུང་མདུད་དེ་གནས་མཆོག་རྡོ་རྗེ་གདན་དུ་བླ་ཆེན་མང་པོས་བྱིན་གྱིས་རླབས་ཡོད་ཟེར། མ་ཟད་དགོང་མོ་ནང་དུ་སླེབ་དུས་ཨ་ཕས་སྲུང་མདུད་དེ་དཔེ་རྩ་ཆེན་པོ་རེད་སྐེ་ལ་བཏགས་ནས་མ་གཡུག་གསུངས་བྱུང་ལ། ངའི་ཕ་མ་གཉིས་ལའང་སློབ་དཔོན་ལྷག་པའི་སྐོར་ལ་མང་པོ་བཤད་རྒྱུ་འདུག ཁོང་ལ་བསྟོད་པ་དང་ཡིད་སྨོན་མང་པོ་ཞིག་གནང་གི་འདུག མཚམས་རེར་ཨ་ཕས་ང་རང་ཆོས་སྒོར་ཚུད་ན་ཡག་པོ་ཡོད་རབས་དང་ལོ་ཆུང་དུས་ནས་ཆོས་ལ་ཞུགས་ན་དེ་བས་དགེ་མཚན་ཆེ་ཚུལ་མང་པོ་བཤད་སོང་ལ། ཨ་མས་ད་ལྟ་བུ་ལོ་ཆུང་བས་ཕ་ཡུལ་དང་ཐག་རིང་སར་བསྐྱལ་ན་མི་ལེགས་ཚུལ་ཇི་ཙམ་བཤད་ཀྱང་། ཨུ་ཚུགས་ཆེ་བའི་ཨ་ཕའི་གཏམ་ལ་སུས་ཀྱང་རྒོལ་མ་ཐུབ།
ཉིན་ཞག་འགའི་རྗེས་སུ་ཨ་ཕས་ངག་འཇམ་པོས་“བུ་ཁྱོད་རང་མཻ་སོར་དུ་བཤད་གྲྭ་ལ་སློབ་སྦྱོང་བྱེད་དུ་འགྲོ་དགོས་རེད། ཁ་སང་ཁྱིམ་མཚེས་ཀྱི་སློབ་དཔོན་དེས་ཁྱོད་རང་དགོན་པར་འཁྲིད་རྒྱུར་ཁས་ལེན་གནང་སོང་། ད་ཁྱོད་ཆོས་ཡག་པོ་ཞིག་སྦྱངས་ནས་སློབ་དཔོན་དང་དེ་ནས་མཁན་པོ་ཞིག་ཐོན་ཐུབ་པ་བྱོས་ཤོག་ཨ།” ཞེས་དུས་རྒྱུན་དང་མི་འདྲ་བའི་ངག་དལ་མོས་དེ་ལྟར་བཤད་བྱུང་། འོན་ཀྱང་ང་ལ་ནི་འགྲོ་འདོད་ཀྱི་བསམ་པ་ཅི་ཡང་མེད་པ་མ་ཟད་ད་དུང་སློབ་གྲྭ་གཅིག་པའི་གྲོགས་པོ་དང་། རྩེད་མོ་རྩེད་རོགས་སོགས་མང་པོ་ཞིག་ཡིད་ལ་འཆར་འོང་ཞིང་ལྷག་པར་དུ་བདག་ལ་ཤིན་ཏུ་བྱམས་པའི་ཨ་མ་དང་འབྲལ་མི་འདོད་ནའང་། ལོ་གསར་ཚར་བ་དང་བོད་ཟླ་དང་པོའི་ཚེས་བདུན་གྱི་དགོང་མོར་ཨ་མས་“སང་ཉིན་སློབ་དཔོན་མཻ་སོར་ལ་ཕེབས་ཡ་རེད་འདུག བྱས་ཙང་ཁྱོད་རང་ཅ་ལག་གྲ་སྒྲིག་བྱོས། སང་ཉིན་འགྲོ་དུས་ཚབ་བ་ཚུབ་བེ་བྱས་ནས་ལྷག་འགྲོ་ཡི་རེད། དེ་རིང་ཚང་མ་ལྟོ་ཕད་ནང་བླུགས་”ཞེས་སེམས་ཅུང་ཟད་མི་བདེ་བའི་ཟོལ་གྱིས་དེ་ལྟར་བཤད་བྱུང་། ཕ་ཡུལ་ནས་ཁ་འབྲལ་འདོད་ཀྱི་བསམ་པ་ཅི་ཡང་མེད་ཀྱང་ཨ་ཕའི་བཀའ་དབང་བཙན་པོར་ཡ་ལན་ཚིག་གཅིག་ཀྱང་ཞུས་མེད། ཨ་མས་ཞོགས་པ་སྔ་པོ་མལ་ལས་ལངས་ཏེ། ཞོགས་ཟས་གྲ་སྒྲིག་བྱས་ཤིང་ཨ་ཕས་ཁང་ཐོག་ཏུ་མཆོད་ཁང་ཆུང་ཆུང་ནང་དུ་ཕྱིན་ནས་བསང་དང་མཆོད་མེ་སྤར་ཏེ་ལམ་ལ་བར་ཆད་མེད་པ་དང་། ཆོས་མགོ་ཐོན་ནས་གྲྭ་པ་ཡག་པོ་ཞིག་ཡོང་ཆེད་དཀོན་མཆོག་ལ་སྐྱབས་འཇུག་ནན་པོ་ཞུས། ཡུད་ཙམ་ཞིག་ལ་ཁྱིམ་མཚེས་ཀྱི་སློབ་དཔོན་ཁོང་ང་ཚོའི་ཁང་པའི་མདུན་དུ་ཕེབས་བྱུང་། ཁོང་གི་སྐེ་ལ་ཁ་བཏགས་མང་པོ་ཞིག་གཡོགས་འདུག་ལ། ཕལ་ཆེར་ང་ཚོའི་གྲོང་ཚོ་འདིར་སློབ་དཔོན་ཐོག་མ་དང་བཤད་གྲྭ་མགོ་འཐོན་པའང་ཐོག་མ་ཡིན་པས་རེད། མ་ཟད་ཁོང་ལ་ཡུལ་མི་ཚོའི་རེ་བར་མ་འོངས་པར་ཡུལ་འདིར་དགོན་པ་བཞེངས་དགོས་པ་དང་། མི་མང་རྣམས་ཀྱིས་ཀྱང་རོགས་རམ་གང་ཐུབ་ཞུ་རྒྱུའི་ཁས་ལེན་ཡང་བྱས། འོན་ཀྱང་ཁོང་གི་ཞི་དུལ་གྱི་གཤིས་སྤྱོད་དང་། བྱམས་པའི་གསུང་སྒྲོས་ཀྱིས་ང་རང་ཡིད་དབང་ཕྲོགས་མྱོང་ལ། ལྷག་པར་དུ་དམར་སྨུག་གི་གྲྭ་ཆས་འོག་ཏུ་བྱམས་བརྩེའི་འཛུམ་མདངས་སོགས་ཀྱིས་ང་ཡང་དེ་འདྲ་ཞིག་ཆོས་མགོ་ཐོན་ཐུབ་ན་བསམ་པ་ལས་བཤད་གྲྭ་ལོ་དགུའི་བགྲོད་ལམ་ཀྱག་ཀྱོག་ལ་གཡང་ཟར་དང་། རི་བྲག་མང་པོ་ཞིག་བརྒྱུད་དགོས་པ་ངའི་བསམ་པའི་ཡིད་ལའང་འཁོར་མ་མྱོང་།

གསུམ་པ།

མེ་འཁོར་རིང་མོའི་འགྲུལ་སྐྱོད་འོག་ཉིན་ཞག་ཁ་ཤས་རྗེས་མཻ་སོར་དུ་འབྱོར། ཡངས་ཤིང་རྒྱ་ཆེ་བའི་དགོན་པའི་ཁྱོན་དང་། མཛེས་ཤིང་ལྟ་ན་སྡུག་པའི་ལྷ་ཁང་དང་གླིང་ཁ་སོགས་ནི་ཅི་འདྲའི་ཡིད་དབང་འཕྲོག་པ་ཞིག་དང་། རྒྱུས་མེད་ཀྱི་ཡུལ་དུ་ཆ་མེད་ཀྱི་གྲོགས་པོ་མང་པོ་ཞིག་ཉིན་རེ་ནས་ཉིན་རེར་མང་དུ་འགྱུར་དུས། དེ་བས་ང་རང་ས་འདིར་སླེབས་པར་དགའ་སྣང་ཚད་མེད་བྱུང་། ཉིན་ཤས་རྗེས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་དང་པོར་ཐོ་བཀོད་གནང་སྟེ་སློབ་ཁྲིད་འགོ་བཙུགས་སོང་། སློབ་གྲྭའི་སློབ་ཚན་ནང་དབྱིན་ཡིག་དང་བོད་ཡིག་གཉིས་ཀ་འདུག་ལ་དབྱིན་ཡིག་འབྲི་ཀློག་ལ་དཀའ་ངལ་ཅི་ཡང་མེད་ཀྱང་བོད་ཡིག་འབྲི་ཀློག་ཐད་ང་རང་དཀའ་སྡུག་ཚད་མེད་མྱངས་བྱུང་། ལྷག་པར་དུ་ངའི་འགན་འཁུར་བ་སློབ་དཔོན་ལྷག་པའི་ལྟ་རྟོག་འོག་ཉེས་ཆད་མང་པོ་བཟེད་མྱོང་ལ། མཚམས་རེར་ང་ལ་རྒྱུགས་སྤྲོད་རྒྱུ་མེད་པའི་སྐབས་སློབ་དཔོན་འགྲམ་དུ་མ་བཅར་བར་བྲོས་འགྲོ་བ་ཡིན། འོན་ཀྱང་ཐག་རིང་སར་བྲོས་མི་ཐུབ་པས་སླར་ཡང་ཁོང་གི་ལག་འོག་ནས་ཉེས་ཆད་དེ་ལས་མང་བ་ཉོ་དགོས། དེ་ལྟར་འཇིགས་སྣང་དང་། དངངས་སྐྲག་ངང་ནས་ལོ་ངོ་ཧྲིལ་པོ་ལྔ་འདས་པའི་ཉིན་ཞིག བདག་གི་འགན་འཁུར་བ་སློབ་དཔོན་ཁོང་སྙན་ཞུ་རིང་མོ་ཞིག་ཁྱེར་ནས་སློབ་སྤྱིའི་གམ་དུ་བཅར་ཏེ། བཤད་གྲྭར་འཛུལ་ཞུགས་ཆོག་པའི་གནང་བ་ཞུས་སོང་ལ། སློབ་སྤྱི་མཆོག་དང་སློབ་དཔོན་ལྷག་པ་གཉིས་ངོ་ཤེས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད་འདུག་པས། ཁོང་གིས་ལམ་སེང་སྙན་ཞུ་དེར་ས་རྟགས་བཀོད་གནང་སོང། ཟླ་བ་གཅིག་གི་རྗེས་སུ་བདག་གི་འགན་འཁུར་སློབ་དཔོན་ལྷག་པས་ཡང་བསྐྱར་སྙན་ཞུ་རིང་མོ་ཞིག་བྲིས་ནས་གྲྭ་ཚང་དགེ་སྐོས་ཆེན་མོ་དང་དེ་ནས་བཤད་གྲྭའི་དགེ་སྐོས་ལ་ཕུལ་གནང་སོང་ལ། བཤད་གྲྭའི་དགེ་སྐོས་མཆོག་ནས་ཀྱང་ངའི་བོད་སྐད་དེ་ཁོང་ལ་རྒྱུས་ལོན་འདུག་པས། ད་བཤད་གྲྭར་བོད་སྐད་ཡག་པོ་རྒྱོབ་ཨ་ཟེར། མ་གཞི་ངའི་ཕ་མ་གཉིས་པོས་བོད་སྐད་ཡག་པོ་ཤེས་ནའང་ང་རང་སློབ་ཆུང་འགྲིམ་སའི་ཁོར་ཡུག་ཡོད་ཚད་བལ་སྐད་ཁོ་ན་ལས་བོད་སྐད་ཚིག་གཅིག་ཐོས་རྒྱུ་མེད་ལ། ལྷག་པར་དུ་དགོན་འདིའི་སློབ་གྲྭ་ལ་ཡང་ངའི་གྲོགས་པོ་ཕལ་ཆེ་བས་བལ་སྐད་རྐྱང་རྐྱང་བཤད་པས་ང་རང་བོད་སྐད་ཡག་པོ་ཞིག་མ་ཤེས་པའི་རྒྱུ་མཚན་ཡང་དེ་འདྲ་ཞིག་ཡིན། དེ་ལྟར་གཟའ་འཁོར་གཅིག་གི་རྗེས་སུ་བཤད་གྲྭའི་སློབ་ཚན་དབུ་བཙུགས་སོང་ལ། སློབ་ཕྲུག་ཚང་མ་བྲེལ་འཚུབ་ཀྱིས་རང་རང་སོ་སོའི་འཛིན་ཁང་དུ་འཚང་བཞིན་འདུག་པས། ང་ཡང་གྲོགས་པོ་ཞིག་དང་ལྷན་དུ་ལོ་རིམ་དང་པོའི་འཛིན་ཁང་ནང་ལ་འཛུལ་ཕྱིན་པ་ཡིན། སློབ་ཕྲུག་མང་ཆེ་བར་གཞི་རིམ་སློབ་གྲྭའི་སློབ་ཐོན་ལག་འཁྱེར་བསྟན་རྒྱུ་འདུག་ལ། མ་ཟད་ཁོང་ཚོ་ནི་སློབ་སྦྱོང་གི་ཤེས་ཚད་དང་གོ་རྟོགས་ཀྱང་ཆེན་པོ་འདུག འོན་ཀྱང་ང་དང་ང་འདྲ་བའི་སློབ་ཕྲུག་ཁ་ཤས་བོད་སྐད་དག་ལ་མི་དག་པ་དང་། སྙན་ཞུ་ཞིག་བསྟན་ནས་འཛིན་གྲྭར་ཐོ་བཀོད།

དུས་ཚོད་ནི་ཉིན་ཞག་རེ་རེ་བཞིན་བཞུད་འགྲོ་བས། ཡུད་ཙམ་ཞིག་ལ་ལོ་མཇུག་གི་ཡིག་རྒྱུགས་སླེབ་ལ་ཉེ་འདུག སྐབས་དེའི་རིང་ཁོར་ཡུག་དང་གྲོགས་ཀྱི་སྐྱིད་སྣང་ཡོད་ཀྱང་འཛིན་གྲྭར་སློབ་སྦྱོང་མ་ཤེས་པའི་དཀའ་སྡུག་དང་། ལྷག་པར་དུ་རྟགས་རིགས་དང་བློ་རིགས་དེ་དག་རྣ་བར་ཐོས་པ་དང་པོ་ཡིན་སྟབས་འབད་བརྩོན་ཇི་ཙམ་བྱས་ཀྱང་གོ་རྟོགས་དང་ཡར་རྒྱས་ཆེར་མི་སོང་བའི་ལོ་དང་པོར་ང་རང་ལོ་འཁོར་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་བྱེད་ཐུབ་མ་སོང་ལ། ལོ་གཉིས་པར་ཡིག་རྒྱུགས་བཏང་ནས་སྡེ་ཚན་གཉིས་པའི་གྲས་སུ་སོན། འགྱེལ་མ་ལང་གི་གོམ་འགྲོས་ཀྱིས་ལོ་རིམ་བདུན་པ་བར་ཁྱོན་ལོ་ངོ་བཅུ་གཅིག་ཏག་ཏག་འགོར་སོང་། འོན་ཀྱང་ལོ་རིམ་བདུན་པར་ལོ་གསུམ་བསྟུད་མར་ཨང་ཚད་མ་ལོན་པས་མཐོ་སློབ་འདི་ནས་གྱེས་ཕྱག་འབུལ་དགོས་བྱུང་། དེ་ནི་ང་ལ་བློ་འགྱོད་ཆེར་མེད་ཀྱང་ངོ་ཚས་ཕྱི་ནང་གང་སར་འགྲོ་རྒྱུ་མི་བདེ་བར་གྱུར། སྤྱིར་ང་རང་སློབ་གྲྭ་ཆེན་མོ་ཞིག་འགྲིམས་ཏེ་གཞུང་གི་ལས་བྱེད་ཅིག་བྱ་རྒྱུའི་ཕུགས་བསམ་ཞིག་ལས་གྲྭ་པའི་སྤྱི་ཚོགས་ཤིག་ཏུ་སློབ་གཉེར་བྱེད་འདོད་མེད་པ་དང་། རང་ནུས་གང་ཡོད་ཀྱིས་སློབ་གཉེར་ཇི་ཙམ་བྱས་ཀྱང་ཤེས་ཡོན་གྱི་གོ་རྟོགས་ཐད་ཡར་རྒྱས་ཆེར་མ་སོང་བས། མཚམས་རེར་ང་རང་འཆད་རྩོད་རྩོམ་གསུམ་གྱི་ལས་གཞི་དེར་སུན་སྣང་སྐྱེས་མྱོང་ལ་ཕ་མ་གཉིས་ལ་ཁོང་ཁྲོ་དང་སྡང་སེམས་མང་པོ་བཅངས་མྱོང་། ཕ་མས་རྟག་པར་སློབ་སྦྱོང་ཡག་པོ་སྦྱངས་ནས་སློབ་དཔོན་ཞིག་འཐོན་ཐུབ་རྒྱུའི་རེ་འདུན་བཅངས་ཏེ་དུས་རྒྱུན་དངུལ་ཕྲན་བུ་ཕྲན་བུ་ཐེངས་མང་པོ་བསྐུར་མྱོང་ལ། ཁ་པར་བརྒྱུད་ནས་ང་ལ་ཡིད་ཆེས་བློ་འགེལ་གྱིས་རེ་བ་མང་པོ་བྱེད་ཀྱི་འདུག་ཅིང་། ངས་ཀྱང་མཐོ་སློབ་འདི་ནས་ལོ་རིམ་དགུ་པ་མཐར་སོན་ནས་ཕ་མའི་རེ་བ་བཞིན་འགྲུབ་ན་བསམ་མོད། བོད་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་དགོང་མོར་ཡིག་རྒྱུགས་མ་འཕྲོད་པའི་གནས་ཚུལ་ཐོས་པས་སྐབས་དེར་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། ད་ཐེངས་ང་རང་གོ་སྐབས་མཐའ་མ་དེ་ཡིན་པས་དེ་ཡང་ལས་དབང་གིས་ཕམ་ཁ་མྱང་དགོས་ཐུག་སོང་བས། སྡུག་ཡུས་དང་སྐྱིད་སྡུག་ཤོད་ས་གང་དུ་ཡང་མེད་པའི་ཆེས་མཐའ་མའི་འདམ་ག་ནི་གནས་འདི་ནས་གྱེས་ཕྱག་འབུལ་རྒྱུ་དེ་ཡིན། དེ་དུས་ང་རང་ཕ་ཡུལ་དུ་ལོག་འདོད་ཀྱང་ཕ་མ་གཉིས་ལ་ཇི་ལྟར་བཤད་དགོས་མིན་མ་ཤེས་ལ། དགོན་འདིར་སྡོད་དགོས་བསམས་ཀྱང་སྟབས་མི་བདེ་བས་ཅི་ཞིག་བྱེད་དགོས་མིན་ཡང་མ་ཤེས། རྟོག་འཆར་གྱི་སྟོང་བསམ་མང་པོའི་ཀློང་ནས་མཐར་གནས་སྐབས་ལོ་གཅིག་རིང་ཕྱི་ལོགས་སུ་འགྲོ་རྒྱུར་ཐག་བཅད།

བཞི་པ།

རྐྱེན་ངན་གྲོགས་སུ་ཤར་བ་བཞིན་ང་རང་དགོན་པ་དང་ཁ་བྲལ་བའི་ལོ་ཟླའི་ནང་ཐ་ན་ཇ་ཕོར་གང་ལ་ཡང་དངུལ་མ་སྤྲད་པར་རག་ཐབས་མེད་པས། གོམ་པ་གང་དུ་སྤོས་ཀྱང་སེམས་པར་སྟོང་ལྷང་ལྷང་ཞིག་གིས་བསམ་བློ་མང་པོ་བཏང་ནས་ལས་ཀ་ཞིག་འཚོལ་ཆེད་རྒྱ་གར་གྱི་རྒྱལ་ས་དྷི་ལིར་འགྲོ་དགོས་བྱུང་ལ། དྷི་ལིའི་མན་ཇུ་ཀྲི་ལ་བོད་པའི་ཚོང་འབྲེལ་གྱི་གཙོ་གནད་ཡིན་པས་གནས་དེར་ལས་ཀ་མི་ཐོབ་པའི་དཀའ་ངལ་མེད་པས་ང་ལ་ཡང་ཟ་ཁང་ཞིག་གི་ནང་དུ་ལས་ཀ་རག་ཅིང་། གནས་སྐབས་ལུས་ལ་དཀའ་ངལ་ཡོད་ཀྱང་རང་ནུས་གང་ལྕོགས་ཀྱིས་ལས་ཀར་ཞུགས་ཏེ་དངུལ་སྒོར་ཕྲན་བུ་གསོག་ཉར་ཐུབ་བྱུང་། སྐབས་དེ་དུས་ངས་ནང་ལ་འབྲེལ་བ་བྱས་མེད་ལ། གལ་སྲིེད་ཕ་མ་གཉིས་པོས་སྐད་ཆ་གང་འདྲ་ཞིག་བཤད་ཡོང་བསམས་ཏེ་ངོ་ཚ་དང་འཇིགས་སྐྲག་གིས་ཟླ་བ་ཁ་ཤས་རིང་འབྲེལ་བ་བྱེད་མ་ཐུབ་ཅིང། ཐ་ན་བདག་གི་འགན་འཁུར་བ་སློབ་དཔོན་ལྷག་པ་ལ་ཡང་འབྲེལ་བ་བྱས་མེད། ཚོང་འབྲེལ་གྱི་བསྟི་གནས་དེར་མི་རིགས་སྣ་ཚོགས་ཤིག་ལས་དོན་སྣ་ཚོགས་ཀྱི་ཆེད་བྲེལ་བྲེལ་འཚུབ་འཚུབ་ཏུ་རང་རང་གི་འཚོ་བའི་ལམ་སྣེ་འཚོལ་བཞིན་འདུག དུས་ཚོད་རིང་པོ་ཞིག་འདས་པ་དང་། དགའ་སྐྱོ་དུ་མའི་གསེང་ནས་ང་རང་ལ་ཡང་ཉམས་མྱོང་མང་པོ་ཞིག་བསགས།
དགོང་མོ་ཞིག་ལ་ཟ་ཁང་སྦྱིན་བདག་གི་ངོ་ཤེས་ཤིག་གིས་ཕྱི་རྒྱལ་སོགས་སུ་འཚོང་འབྲེལ་བརྒྱུད་ནས་སྐྱབས་བཅོལ་རེ་གཉིས་གཏོང་བ་ཐོས་པས་ངས་ལམ་སེང་ཁོང་དང་འབྲེལ་བ་བྱས་ཏེ་ཐབས་སྣ་ཚོགས་ཀྱིས་རེ་བ་ཐེངས་མང་བྱས་མཐར་ཁོང་གིས་ཁས་ལེན་བྱས། འོ། དེ་ནི་རང་གིས་བདམས་པའི་ཆེས་མཐའ་མའི་ལམ་ཁ་དེ་རེད་ལ། སུས་ཀྱང་མི་མཐོང་བའི་བདག་གི་སྐྱིད་སྡུག་གི་འཚོ་བ་རིང་མོའི་ལམ་ཁ་ཡང་ཡིན་པས། དེ་ནི་གྲྭ་ཟུར་ཞིག་ལ་འཕྱ་དམོད་དང་། བརྙས་བཅོས། ཟུར་ཟ་སོགས་མེད་པར་རང་དབང་གི་ལམ་ཁ་ཞིག་ཏུ་ཆས་འདོད་པའི་ལོ་མང་འུ་ཐུག་གི་དམིགས་ཡུལ་ཡང་ཡིན། དམིགས་ཡུལ་དེའི་ཆེད་ངས་ལོ་གཅིག་ལྷག་དཀའ་སྡུག་སྤྱད་དེ་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་ཡིག་ཆ་སྣ་ཚོགས་བཟོས་ཏེ་ཁ་ཕྱོགས་གསར་པ་ཞིག་གི་ཆེད་དུ་ཡོད་ཚད་བློས་བཏང་ནས་སེམས་ཁྲལ་གྱིས་བཅིངས་པའི་མཐོ་སློབ་དེ་དང་། དགའ་སྐྱོའི་ཚོར་སྣང་གི་ལོ་ཟླ་བཞུད་གྲོགས་ཀྱི་མཆེད་པོ། སེམས་གཏིང་ནས་བརྩེ་བའི་ཕ་མ་བཅས་ཡོད་ཚད་བསྐྱུར་ནས་གཞན་ཡུལ་དུ་འཚོ་བའི་ཁ་དོག་གསར་པ་ཞིག་འགོ་འཛུགས་ཆེད་ནུབ་ཕྱོགས་ཡར་ཐོན་གྱི་རྒྱལ་ཁབ་ཅིག་ཏུ་ཁ་ཕྱོགས་བསྒྱུར་དགོས་བྱུང་ལ། མི་རིང་བར་སེམས་བསམ་པ་བཞིན་མཐོ་སའི་ནམ་མཁའ་སྤྲིན་དང་འགྲོགས་ཏེ། གཞན་ཡུལ་གྱི་མཁའ་དབུགས་ལོངས་སུ་སྤྱོད་ཐུབ་པ་བྱུང་།

ལྔ་པ།

ནམ་མཁའ་སྔོ་ཞིང་དྭངས་ལ། ས་གཞི་གཙང་ཞིང་སྣུམ། སྔོན་ཐོན་ཐོག་བརྩེགས་ཅན་གྱི་ཁང་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ནམ་མཁར་འགྲན་པ་དང་། སྣུམ་ནག་གི་གཞུང་ལམ་སྟེང་ཐལ་རྡུལ་དང་གད་སྙིགས་དབེན་ཞིང་། ལམ་ཟུར་གྱི་ལྡུམ་ར་དེ་དག་ནི་སྔོ་ལྗང་ལྗོན་ཤིང་གིས་བསྟར་ལ་བསྒྲིགས་འདུག་པས་མི་ཡུལ་གྱི་ཞིང་ཁམས་ཟེར་བའང་དེ་འདྲ་ཞིག་ལོས་ཡིན་སྙམ་བྱུང་། གནས་འདིར་ཁོར་ར་ཁོར་ཡུག་གི་འཛུགས་སྐྲུན་དང་། འགྲོ་སྐྱོད་ཁྲིམས་ཀྱི་སྟངས་འཛིན་ལེགས་པའི་སྐྱེ་དགུ་ཡོད་ཚད་ཀྱི་གདོང་ན་ཞི་དུལ་གྱི་འཛུམ་མདངས་འཕྲོས་ཤིང་། རང་རང་གི་དམིགས་འབེན་གྱི་གནས་སུ་འདུར་གྱིན་འདུག་པས། ལེ་ལོ་དང་གཡོ་སྒྱུ་ཅན་གྱི་མི་བུ་ཕལ་པ་ཡང་ཧ་ཅང་དཀོན། ང་རང་ས་ཆ་དེར་འབྱོར་ནས་ཐབས་ཤེས་ཡོད་དགུ་བཏོན་ཏེ་བོད་པའི་སྐྱབས་བཅོལ་འོག་འཛུལ་ཞུགས་ཀྱི་ཐོབ་ཐང་འོག་མི་རིང་བར་བསམ་པའི་དོན་བཞིན་གྲུབ་པས་ཉིན་རེ་ཉིན་རེ་བཞིན་འཚོ་བའི་དཔྱིད་དཔལ་དྲོད་མོར་བདེ་སྐྱིད་ཀྱི་མེ་ཏོག་འཛུམ་འགོ་ཚུགས་ཤིང་། སེམས་བསམ་པའི་གཏིང་གི་ཁ་དོག་ལ་ཡང་འགྱུར་བ་ཕྱིན།

ནུབ་ཕྱོགས་ཀྱི་ས་ཆ་ཕལ་མོ་ཆེར་ཡུལ་དེའི་སྐད་ཡིག་ལ་ཟླ་བ་དྲུག་ལྷག་གི་སྦྱོང་བརྡར་མ་བྱས་ཚེ་ལག་གཡོག་གི་ལས་ཀ་ལེགས་པོ་ཞིག་མི་ཐོབ་ལ་ཁྲིམས་མཐུན་གྱི་ལས་ཀ་ལས་ཆོག་པའི་དཔང་ཡིག་ཀྱང་མེད་པས། དེར་བརྟེན་ངས་དུས་ཡུན་ཟླ་བ་ལྔ་ཙམ་རིང་ལ་ཧུར་ཐག་གིས་ཡུལ་དེའི་སྐད་ཡིག་ཟ་སྐད་དང་འཐུང་སྐད་ཙམ་དང་། ལས་ཀ་ལས་ཆོག་པའི་ལག་ཁྱེར་དེ་ཁྱེར་ནས་དངོས་གཞིའི་ལས་ཀར་ཞུགས། ཐོབ་འདོད་པའི་དངོས་པོའི་ཆེད་དུ་བརྩོན་པ་བྱེད་དུས་མི་འདོད་པའི་གནས་ཚུལ་མང་པོ་ཞིག་གཏིང་བརྗེད་དུ་གྱུར་འགྲོ་བའི་འདས་དོན་གྱི་སྐྱིད་སྡུག་གང་བྱུང་ཡང་རུང་། ད་ནི་མ་འོངས་ཀྱི་ཁ་ཕྱོགས་ཆེད་དུ་བློ་གཅིག་སེམས་གཅིག་གིས་དཀའ་སྡུག་སྤྱད་དེ་ཟ་འཐུང་གི་ལག་དངུལ་དང་ཟུར་དུ་གསོག་འཇོག་གིས་འཇིག་རྟེན་གསར་པ་ཞིག་གི་རྨང་གཞི་འདིང་ཐུབ་པ་བྱུང་། དེ་ཡང་ཡུལ་དེར་ཆུ་ཚོད་ཀྱི་ཁ་གྲངས་འོག་ལས་ཀ་ལས་དགོས་པས་རང་ནུས་ལྕོགས་ཚེ་ཉིན་མཚན་འཁོར་ཡུག་ནི་དངུལ་གྱི་འཇིག་རྟེན་ཡིན་པས་ངས་དཀའ་བ་ཁྱད་གསོད་ཀྱིས་ལོ་ངོ་བཞི་ཙམ་རིང་སྡུག་རུས་འོག་རང་གི་རྐང་པའི་སྟེང་ལངས་ཤིང་། དེ་ལས་ཀྱང་ཆེས་དགའ་འོས་པ་ནི་ཀྱག་ཀྱོག་གི་མི་ཚེའི་བགྲོད་ལམ་སྟེང་རང་གི་འདོད་མོས་བཞིན་བུ་མོ་ཞིག་ཆུང་མར་བསུས་ཏེ་འཆམ་མཐུན་གྱི་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བཅས་པ་དང་། བརྩེ་དུང་གི་ལོ་ཟླའི་ཁྲོད་ནས་ད་ཆ་ང་རང་བུ་ཆུང་ཞིག་གི་ཨ་ཕར་གྱུར་ཟིན་ཅིང་། ཉིན་མཚན་འཁོར་མོ་ཡུག་ཏུ་རང་གི་འགན་ཁྲི་འཕྲག་ཏུ་ཁྱེར་ནས་མི་བུ་ཞིག་གི་ལང་ཚོ་ཕངས་མེད་དུ་བཏང་མེད་ལ་འབྱུང་འགྱུར་གྱི་རང་གི་གཅེས་པའི་བུ་ཕྲུག་ལའང་རང་དབང་གི་འཚོ་བའི་ལམ་བུ་ཞིག་འཚོལ་རྒྱུ་ལས་བདག་གི་ཕ་རྒན་བཞིན་ཨུ་ཚུགས་ཀྱི་ར་བར་འཇུག་འདོད་མེད་ལ། ཆེས་མཛེས་པའི་ལང་ཚོའི་མེ་ཏོག་རྙིད་བཅུག་པའི་བདག་གི་ལས་དབང་བཞིན་ཁོང་ལ་ནམ་ཡང་མི་འབྱུང་བའི་ཐོག་མའི་དམིགས་ཡུལ་ཡང་དེ་འདྲ་ཞིག་ཡིན། ཡུལ་དེའི་བདེན་པའི་ཁྲིམས་ཀྱིས་སྒོ་ཁ་ལས་བྱིས་པར་རང་དབང་གི་ཐོབ་ཐང་དང་། ཁྲིམས་ཀྱི་ལྟ་སྟངས་འོག་རྙིང་ཞེན་གྱི་ལྟ་བས་མ་བཅིངས་ཤིང་དུས་རབས་ཀྱི་སློབ་གསོའི་རྗེས་ཟིན་པའི་བདག་ལ་གུ་དོག་པའི་སེམས་ཁྲལ་དེ་བས་ཀྱང་བྱ་དགོས་མི་འདུག ཅེས་མཚམས་འདིར་སླེབ་དུས་ཁོའི་ཁོག་གི་ན་ཟུག་ཡོད་ཚད་ཕྱི་ལ་ཐོན་པ་བཞིན་སྤྲོ་སྣང་དང་གདེང་ཚོད་ཀྱིས་འཛུམ་མདངས་རྒྱས་འདུག་ལ། དེ་སྔོན་མཐའ་མ་འཁྱོལ་བའི་སེར་མདོག་གི་འཇིག་རྟེན་དང་མཐོ་སློབ་ཀྱི་ལས་དབང་ལའང་འགྱོད་སེམས་དང་། འཕང་སེམས་ཅི་ཡང་མེད་པར་ད་ལྟ་རང་གིས་བདམས་པའི་ལམ་བུ་དེར་རང་གི་བསམ་པའི་འགྲོས་དང་བསྟུན་ནས་ཡིད་ཆེས་དང་རེ་བས་ཁེངས་འདུག

དྲུག་པ།

འདུ་ཁང་གཡས་གཡོན་གྱི་གློག་འོད་ནི་སྔར་ལས་ཆེ་བར་འཕྲོ་ཞིང་། མི་ཚོགས་ཀྱི་འཚང་ག་ཡང་རེ་རེ་བཞིན་ཡལ་འགྲོ་བ་ལ་བལྟས་ན་དགོང་མོ་འཕྱི་པོ་ཆགས་ཟིན་པ་ཤེས་ཐུབ། བདག་གི་གྲོགས་པོས་ཁོའི་སྐད་ཆ་ཤོད་མཚམས་འཕྲོགས་ནས་“ཁྱེད་ཀྱི་ཕ་མས་གནང་བ་མེད་པར་ཐག་རིང་དེ་འདྲ་ཞིག་ཕྱིན་པར་ངོ་མ་ཁྱེད་རང་གིས་ཕ་མར་སྡུག་བསྔལ་ཆེན་པོ་བཟོས་པ་རེད་ལ། ཕ་མའི་རེ་བ་ཡོད་ཚད་རླུང་ལ་བསྐུར་ནས་འགྱོད་པ་མི་སྐྱེ་འམ་”ཞེས་འདྲི་དུས། ཁོང་གིས་ཐོག་དང་པོ་ང་དྷི་ལིར་སྡོད་དུས་དུས་ཡུན་གང་མཚམས་ཤིག་ནས་ངས་ཕ་མ་གཉིས་ལ་ཁ་པར་བཏང་ནས་བློ་སྤོབས་རྫུན་མ་ཞིག་དང་། ངོ་ཚས་སྐད་ཆ་ཡང་འདར་འདར་ངང་རང་ཉིད་ལ་བྱུང་བའི་གནས་ཚུལ་རྣམས་སྦ་གསང་མེད་པར་ཞུས། སྐབས་དེ་དུས་ཨ་མ་ཁ་པར་ནང་སྐད་ཤུགས་ཆུང་ངུས་ངུ་བཞིན་འདུག་ལ། ངུ་ལབ་དང་མགྲིན་པ་བརྣངས་པའི་གསེང་ནས་ནང་ལ་ལོག་དགོས་པའི་རེ་བ་ཐེངས་མང་བྱས་བྱུང་། སྐད་ཆ་མང་པོ་ཞིག་བཤད་འདོད་འདུག་ཀྱང་མགྲིན་པ་འགགས་ནས་བཤད་མ་ཐུབ་པར་ངུ་སྐད་ཆུང་ཆུང་ཞིག་གོ་བཞིན་འདུག ཨ་མའི་ངུ་སྐད་ཐོས་པས་སེམས་གཏིང་ནས་ན་ཟུག་བཟོད་མེད་སྐྱེས་འོང་ལ། མིག་ཆུ་ཡང་ཤོར་བྱུང། ངའི་བསམ་པར་ང་རང་བུ་ལས་ངན་ཞིག་རེད། དེ་ལྟར་ཕ་མ་གཉིས་པོའི་སེམས་པ་སྡུག་བསྔལ་དུ་ལྷུང་བཅུག་པ་དང་། ཁོང་ཚོའི་རེ་བ་ཡོད་ཚད་བསྐྱུར་ནས་དེ་ལྟར་ལམ་ནོར་ཞིག་ཏུ་ཆས་པ་ནི་མི་འོས་བསམས་ནས་སང་ལོར་སླར་ཡང་དགོན་པར་ལོག་རྒྱུ་བསམས་མོད། དེ་ལྟར་ཉིན་ཞིག་ཨ་ཕས་ཁ་པར་འབྱོར་ཏེ་ང་རང་ནང་དུ་ལོག་དགོས་པའི་སྐོར་གསུངས་བྱུང་། མ་ཟད་ཁོང་གིས་“ཁྱོད་རང་དེ་འདྲ་ཐབས་སྐྱོ་བོ་བྱས་ནས་མི་ཚེ་ཇི་ལྟར་འབུད་ཀྱི་ཡིན་ནམ། ང་ཚོའི་རེ་བ་ལ་ཁྱོད་ཀྱི་མི་ཚེ་དེ་ཆོས་པ་ཡག་པོ་ཞིག་བྱུང་ན་བསམས་ནས་གྲྭ་སར་བསྐྱལ། ང་ཚོས་གང་ཐུབ་ཀྱིས་དངུལ་ཕྲན་བུ་རེ་བསྐུར་གང་ཐུབ་བྱས་ནས་ཁྱོད་ཆོས་མགོ་ཞིག་ཐོན་ཨ་ཡོང་བསམས་པའི་རེ་སྒུག་བྱས་ཡིན། འོན་ཀྱང་ཁྱོད་ཀྱི་ད་ལྟའི་གནས་སྟངས་དེས་ང་ཚོའི་སེམས་ཀྱི་རེ་བ་ཡོངས་རྫོགས་རླུང་ལ་བསྐུར་འདུག ད་ཁྱོད་རང་བསམ་བློ་འདྲ་མིན་མི་གཏོང་བར་མགྱོགས་པོ་ནང་ལ་ལོག་ཤོག” ཅེས་ཐེངས་གཅིག་མ་ཡིན་པར་ཉིན་ལྟར་ཁ་པར་བཏང་འོང་མོད། ང་ནི་དེ་ལས་ལྡོག་སྟེ་མཚམས་རེར་ལོ་རྗེས་མ་དགོན་པར་འགྲོ་རྒྱུ་ཡིན་ཟེར་བ་དང་། མཚམས་རེར་ཟླ་བ་ཁ་ཤས་རྗེས་ནང་ལ་ཡོང་གི་ཡིན་པའི་སྐོར་རྫུན་གཏམ་མང་པོ་ཞིག་བཤད་དེ་དུས་ཚོད་དེ་བཞུད་བཅུག མཚམས་རེར་དགོན་པར་ལོག་ནས་ཡང་བསྐྱར་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཏེ་ལོ་རིམ་དགུ་པ་འཐོན་ཐུབ་ན་བསམས་མོད། ཀྱག་ཀྱོག་གི་འཛིན་གྲྭའི་ཐེམ་སྐས་ལ་ཡིད་ཐང་མང་པོ་ཆད་མྱོང་ཞིང་། རྨས་ཟིན་པའི་སེམས་པ་དེར་སླར་ཡང་འབད་འབུངས་ཀྱིས་ཁུར་པོ་འཁྱོག་ཐབས་མི་འདུག་པས་དེ་ལས་རང་གིས་སྔ་ས་ནས་ལམ་ཁ་ཞིག་བཙལ་ན་བསམས་པ་དང་། མཚམས་རེར་ཕ་ཡུལ་དུ་ལོག་ནས་ཕ་མ་གཉིས་པོར་ཞབས་ཏོག་ཧུར་ཐག་ཞུས་ན་བསམས་མོད། འོན་ཀྱང་ཕ་ཡུལ་ཞིང་ལས་ཀྱི་འཚོ་བར་ཉམས་མྱོང་མེད་ཅིང་ལས་ཀ་ས་སློག་རྡོ་སློག་གི་དཀའ་ངལ་མང་དག་ཅིག་བརྒྱབས་ནའང་ཡོང་འབབ་མང་པོ་གསོག་མི་ཐུབ་པ་མ་ཟད་ཕ་ཡུལ་གྱི་མི་ཚོའི་བསམ་པར་ཆོས་མགོ་མ་ཐོན་པ་མ་ཟད་འཇིག་རྟེན་གྱི་ལས་ཀ་ཡང་འཇོན་པོ་ཞིག་མ་བྱུང་ན་འཕྱ་དམོད་མང་པོ་ཞིག་ཉོ་རྒྱུ་ཡིན་པས་དེ་ལས་སུ་ཞིག་གིས་མཐོང་རྒྱུ་མེད་པའི་གནས་ཤིག་ཏུ་ཕྱིན་ནས་རང་སྣང་གང་འདོད་ཀྱི་བྱ་བ་ཞིག་བསྒྲུབས་ན་དངུལ་སྒོར་ཕྲན་བུ་གསོག་ཉར་ཐུབ་ཚེ་ཕ་མ་གཉིས་པོར་ཅུང་ཟད་ཕན་ཐོགས་ན་བསམ་པའི་རེ་བ་ཞིག་གི་ཆེད། ཟ་ཁང་གི་ལས་ཀའི་ཞོར་དུ་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཐབས་ཤེས་ཡོད་དགུ་བཙལ་བ་བཞིན་བོད་པའི་སྐྱབས་བཅོལ་མང་པོ་ཞིག་འགྲོ་ས་ཧྥ་རན་སིར་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་དངུལ་སྒོར་མང་པོ་ཞིག་བུ་ལོན་གཡར་ཏེ་དགྲ་དང་གྲོགས་པོ་སུ་ཞིག་གིས་མི་མཐོང་བའི་སར་བདག་གི་མི་ཚེའི་ཚེ་མཇུག་དེ་ནུབ་ཕྱོགས་སུ་ཁ་ཕྱོགས་མི་བསྒྱུར་ཀ་མེད་བྱུང་། ཞེས་སྨྲས།
ལས་དབང་གིས་བདམས་པའི་མི་ཚེ་ལྷག་མ་དེར་འགྱོད་སེམས་ཀྱི་ལྷག་མ་མེད་ཅིང་། ད་ལྟ་འཚོ་བཞིན་པའི་ཁོའི་མི་ཚེའི་ཁ་དོག་དེར་ཁོ་རང་ལ་དབང་བའི་འཛུམ་མདངས་ཤིག་དང་། དེ་ནི་འཚོ་བའི་འགྲུལ་བཞུད་ཁྲོད་ཀྱི་བདེ་སྐྱིད་ཅིག་ཏུ་ངོམ་ཆོག་པའང་འདུག རེད་ཡ། མི་ལ་ལས་ཉིན་ལ་སྡོད་དུས་སྲིབ་ཀྱི་ཁ་དོག་ལ་ཡིད་སྨོན་ཤོར་བ་དང་། སྲིབ་ཀྱི་འཚོ་བར་རོལ་དུས་ཉིན་ཀྱི་དྲོད་སྐྱིད་ལ་ཆགས་ནས་ཚེ་གང་སྡུག་ཡུས་དང་། འཁང་ར་ཁོ་ནས་མི་ཚེ་བཞུད་འགྲོ་བ་དག་ལ་བསམས་ན་ཁོང་གིས་བདམས་པའི་ལམ་ནི་སྐྱིད་སྡུག་གི་མི་ཚེའི་དབྱར་གཞུང་སྟེང་དུ་རང་དབང་གིས་བཞད་པའི་བདེ་སྐྱིད་ཀྱི་མེ་ཏོག་རྐང་གཅིག་པུ་དེའོ།།

བདུན་པ།

ད་ནི་ཁོར་ཡུག་ཡོད་ཚད་ལྷིང་འཇགས་ལྡན་ཞིང་། ལྗོན་ཤིང་གི་ལོ་འདབ་རླུང་གིས་གཡོ་བའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག་ལ། བསིལ་རླུང་གི་གྲང་ངར་དེ་ཡང་ཇེ་ཆེར་འགྲོ་བར་བལྟས་ན་མཚན་ཕྱེད་ཙམ་ཡོལ་བ་ཤེས་འོང་། དེ་ལྟར་དུས་ཚོད་ཡུན་རིང་ཞིག་སྤང་ཁའི་སྟེང་དུ་བསྡད་དེ་ལུས་པོ་ཡོངས་ལ་ཅུང་ཟད་འཁྱགས་པའི་སྣང་བ་སྟེར་འོང་བའི་སླར་ཡང་གློག་འོད་གསེང་ནས་སྐོར་བར་ཕྱིན་པའི་ལམ་ཞོར་དུ། གློ་བུར་དུ་ཁོའི་ཁ་པར་གྲགས་བྱུང་། “ཝེ། ང་དགོན་པར་ཡོད།” “ང་ད་ལྟ་ལོག་ཡོང་གི་ཡོད།” “ལགས་སོ།།” ཞེས་ཁོས་ངག་དམའ་བོས་ལན་སྟབས་བདེ་ཞིག་བརྒྱབ་སོང་བས། ངས་ཁ་པར་གཏོང་མཁན་སུ་རེད་དམ་འདྲི་དུས། ཁོང་གིས་“ངའི་ཨ་མ་རེད། ད་ལྟ་ཁོང་གཞིས་གྲོང་བཞི་པ་ལ་ཁང་པ་གླས་ནས་བསྡད་ཡོད་རེད། འདི་ལོར་ང་རང་ཕྱི་རྒྱལ་ནས་གུང་སེང་ཟླ་བ་གཉིས་ལྷག་ཙམ་བེད་སྤྱོད་བཏང་ནས་ཕ་མ་གཉིས་པོ་རྡོ་རྗེ་གདན་སོགས་གནས་ཆེན་ཁག་ཏུ་མཆོད་མཇལ་དང་། སྔོན་འགྲོ་བསགས་སྦྱང་ཞིག་བྱེད་ཐུབ་ན་བསམས་ནས་དགོན་པར་ཁྲིད་ཡོང་བ་ཡིན་ལ། འདི་ལོར་སྔོན་འགྲོར་ཞུགས་རྒྱུ་རག་སོང་། འབུམ་ལྔ་བསགས་སྦྱང་གནང་ན་ཡག་པོ་ཡོད་ཚུལ་ཞུས་པས། གནམ་གཤིས་དང་དུས་ཚོད་རིང་དྲགས་པའི་ཉོབ་སྣང་ཅུང་ཟད་བྱེད་ཀྱི་འདུག འོན་ཀྱང་ལོ་རྟག་པར་དཔལ་ཡུལ་གྱི་རི་ཆོས་རྣམ་གསུམ་གྱི་ཡ་གྱལ་སྔོན་འགྲོ་བསགས་སྦྱངས་ཆེད་ཡོང་གི་ཡིན་ཟེར་གྱི་འདུག ངས་ཀྱང་མོས་མཐུན་བྱས་ནས་འགྲོ་གྲོན་ཡོངས་རྫོགས་ང་རང་གིས་གཏང་རྒྱུར་ཁས་བླངས་པ་ཡིན།” ཞེས་ཧ་ཅང་བྱམས་བརྩེ་ཆེན་པོས་དེ་ལྟར་བཤད་རྗེས་ང་ཚོ་གསུམ་ལྷ་ཁང་བསྐོར་བ་གཅིག་འཁོར་མཚམས་སོ་སོར་གྱེས་ལ་ཉེ་བ་ན། ཁོས་“སང་ཉིན་ཟ་ཁང་ཞིག་ཏུ་བཞེས་ལག་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ཁྱེད་གཉིས་ངེས་པར་དུ་ཤོག་ཨ།” ཞེས་ལག་གཡུག་གཡུག་བྱས་ཏེ་བཤད་གྲྭའི་སྒོ་ཆེན་ནས་ཕྱིར་བུད་སོང་།

མཇུག་གཏམ།

ཀློག་པ་པོ་ལགས། གོང་གི་གཏམ་རྒྱུད་ཐུང་ངུ་འདི་ནི་དོ་བདག་གིས་སྒྲོ་འདོགས་དང་། རྟོག་བཏགས་ཅི་ཡང་མ་བཅིངས་པར་རང་བཞིན་སྲོང་པོར་འབྲི་རོགས་ཟེར་ནས་བསྐུལ་བ་བཞིན་བྲིས་པ་ཡིན་ལ། དོ་བདག་གི་མཚན་བེད་སྤྱོད་བྱས་མེད་པ་དེ་ཡང་ཁོང་གི་རེ་འདོད་ལྟར་ཡིན། གཏམ་རྒྱུད་ཐུང་ངུ་འདིའི་ནང་མི་ཚེའི་བརྒྱུད་རིམ་ཆ་ཚང་ཞིག་གླེངས་པ་ཡང་མི་བུ་ཞིག་གིས་འཚོ་བའི་གར་སྟེགས་ཁྲོད་དགའ་སྐྱོ་ཟུང་གིས་མྱངས་པའི་ཚོར་སྣང་མང་པོ་ཞིག་རགས་བསྡུས་ཡིན་འདུག་པས་གཏིང་ཟབ་པའི་ཚོར་སྣང་བྱེ་བྲག་པ་རྩལ་འདོན་མ་བྱས་པར་རྒྱུད་རིམ་ཆ་ཚང་བ་ཞིག་མི་གླེང་ཐབས་མེད་བྱུང། ང་ནི་ཁོང་དང་ལོ་ཤས་གཤིབས་པས་གྲོགས་པོའི་འདང་མི་ཆེ་ནའང་། འཁོན་སེམས་བཅངས་མ་མྱོང་བའི་རང་གཤིས་རྣལ་མའི་གྲོགས་པོ་ཞིག་ཡིན་ཞིང་། ཁོང་དགོན་པ་འདི་དང་བྲལ་ནས་ལོ་ངོ་ཧྲིལ་པོ་བརྒྱད་ཀྱི་རྗེས་སུ་སླར་ཡང་ང་ཚོ་ཐུག་ཕྲད་བྱུང་བ་དང་། ཁོང་གི་མི་ཚེའི་ཁ་ཕྱོགས་སྐོར་ལ་ཤོད་རིན་མེད་ཀྱང་། མངར་སྐྱུར་འདྲེས་མའི་འཚོ་བའི་ལམ་བུའི་སྟེང་མི་ཚེའི་འགྲུལ་བཞུད་ཀྱི་གོམ་ཁ་ཀྱག་ཀྱོག་སྤོས་མྱོང་བའི་དྲན་ཤིང་ཞིག་འདིར་བཀོད་པ་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།