«ཕྱི་ལོ་ ༢༠༢༣ ལོའི་«པདྨའི་རང་མདངས་»འདོན་ཐེངས་སྔ་མའི་གབ་ལན།»
ལོ་རིམ་བཞི་པའི་སློབ་གཉེར་བ། ཡེ་ཤེས་རྒྱ་མཚོ།
ནམ་མཁའི་དབྱིངས་ནས་བཞད་པའི་ཉི་མའི་ཟེར་ཁ་མིན།།
བསིལ་ཟེར་ཟླ་བའང་མིན་པའི་འོད་སྣང་ཆུང་ངུ་དེ།།
ལྷབ་ལྷུབ་གཡོ་བའི་གར་གྱིས་རྟག་འཛིན་ཅན་རྣམས་ལ།།
ནམ་འཆི་ངེས་མེད་འདོམས་པའི་མཆོད་རྫས་མར་མེ་ཡིན།།
བསྟན་པའི་མེ་རོ་གསོ་ཕྱིར་ལྷོ་མཐའི་གྲུ་ཟུར་ན།།
ཉིན་མཚན་གཅིག་ཏུ་བརྩོན་པས་བརྗིད་ཆགས་རྣམ་གླིང་དགོན།།
བཞེངས་པར་གནང་མཛད་ཤངས་རྩེར་ཨ་ཡིག་རང་བྱུང་ཅན།།
ལྔ་བདོའི་གདུལ་བྱ་སྐྱོང་མཁས་གྲུབ་དབང་བླ་མ་ཡིན།།
ཆར་སྤྲིན་རྟག་ཏུ་འཁོར་བའི་དབྱར་གསུམ་ནམ་ཟླའི་དུས།།
རྟ་བདུན་དབང་པོའི་འཛུམ་མདངས་ཤིན་ཏུ་དཀོན་པའི་ཚེ།།
ཆུ་འཛིན་རབ་ཏུ་འཁྲིགས་པའི་ཨ་སྔོན་ལྷ་ལམ་ལས།།
གནམ་ས་འདར་ཡོམ་གཏོང་བའི་བྱེད་པོ་གནམ་འབྲུག་རེད།།
རིག་པའི་གནས་ཆེན་སོགས་ལ་བརྩོན་པར་མ་བྱས་ཀྱང་།།
གནའ་དེང་ཡོན་ཏན་མ་ལུས་གཅིག་ཏུ་འབྲེལ་མཛད་པ།།
རྣམ་དཔྱོད་ལྡན་པས་གཅེས་འཛིན་སྲོག་མེད་བཤེས་གཉེན་དེ།།
ཕལ་ཆེར་བེམ་གཟུགས་ཅན་གྱི་རིན་ཆེན་དཔེ་དེབ་བོ།།
ཡོད་ནི་ཡོད་ལ་འདྲེན་བྱེད་དབང་པོར་མི་སྣང་ཞིང་།།
གང་དུ་སོང་ཡང་ལུས་དང་འབྲལ་བར་བྱེད་མིན་པའི།།
ཐོགས་བཅས་མཚོན་སོགས་སྟོབས་ཀྱི་ནུས་པས་རབ་དབེན་ཡང་།།
བྱ་བ་ཀུན་ལ་དབང་སྒྱུར་བྱེད་པོ་སེམས་པ་ཡིན།།