འཇུག་པ་རྩ་འགྲེལ་གྱི་སྐབས་ནས་བསྟན་པའི་རང་བཞིན་གྱི་དོན་ལས་འཕྲོས་པ།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།

དུས་གསུམ་རྒྱལ་བ་ཐམས་ཅད་གཤེགས་པའི་ལམ།།
ངེས་དོན་མདོ་སྡེ་ཀུན་ཀྱི་སྙིང་པོའི་མཐིལ།།
ལྟ་ངན་དྲྭ་བ་མ་ལུས་གཅོད་མཛད་པའི།།
ཟབ་མོ་ལྟ་བའི་གནས་ལ་ཤིན་ཏུ་གུས།།

ཞེས་དམ་པའི་ལུགས་དང་མཐུན་པར་གུས་ཕྱག་སྔོན་དུ་བཏང་སྟེ། ཆིངས་དྲུག་གི་སྒོ་ནས་རིམ་བཞིན་གླེང་བར་བྱ་སྟེ།

དང་པོ། སྔོན་གླེང་།

ཞི་སྒོ་གཉིས་སུ་མེད་ཕྱིར་ཞི་བའི་གོ་འཕང་འཚོལ་མཁན་གྱི་མཁས་གྲུབ་དག་གིས་བདེན་དོན་མངོན་དུ་བྱེད་པ་ལ། བྱེ་མདོ་གཉིིས་དང་དབུ་སེམས་གཉིས་ཏེ་གྲུབ་མཐའ་སྨྲ་བ་བཞི་པོས་ལྟ་གྲུབ་མི་གཅིག་པའི་སྒྲོམ་སྣ་ཚོགས་བཏིང་ཞིང་། དེ་ཡང་ལུང་ཚད་མ་དང་རིགས་པ་ཡང་དག་གིས་ལམ་ནས་ཕན་ཚུན་བརྡར་ཤ་བཅད་དེ། ཞི་བའི་ལམ་བུ་འཚོལ་མཁན་གྱི་གྲུབ་མཐའ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་དབུ་མའི་སློབ་དཔོན་རྣམས་འབུར་དུ་ཐོན། ལྷག་ཏུ་སྟོན་པ་རང་ཉིད་ཀྱིས་ལུང་དུ་བསྟན་ཅིང་དུས་རབས་དང་པོའི་ནང་ཙམ་ལ་བྱོན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་གཙོ་བོ་དབུ་མ་རིགས་ཚོགས་དྲུག་གི་སྒོ་ནས་བཀའ་བར་པ་དངོས་བསྟན་སྟོང་ཉིད་ཀྱི་ཤིང་རྟའི་སྲོལ་ཕྱེ་བ་དང་། དེ་དག་གི་རྩ་བ་ལྟ་བུ་དབུ་མ་རྩ་བ་ཤེས་རབ་དེ་གཞུང་ཕྱི་མོའི་བསྟན་བཅོས་ཆགས་ཤིང་། དུས་རབས་གསུམ་པ་ཡས་མས་སུ་བྱོན་པའི་སློབ་དཔོོན་སངས་རྒྱས་བསྐྱངས་ཀྱིས་དེ་ལ་འགྲེལ་པ་«བུདྷ་པྰ་ལི་ཏ་»མཛད་པ་ལ། ཕྱིས་ཀྱི་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་«ཤེས་རབ་སྒྲོན་མེ་»དང་«དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་»སོགས་ཀྱིས་གཙོ་བོ་རང་རྒྱུད་ཀྱི་གཏན་ཚིགས་སོགས་མ་བཀོད་པའི་རིགས་པའི་ཤགས་བཀྱེས་པར་བརྟེན། དུས་རབས་བདུན་པའི་ནང་བྱོན་པའི་སློབ་དཔོན་ཟླ་བ་གྲགས་པས་དོན་འགྲེལ་«དབུ་མ་ལ་འཇུག་པ་»དང་ཚིག་འགྲེལ་«དབུ་མ་ཚིག་གསལ་»གཉིས་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཟབ་ཕྲའི་རིགས་ལམ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་དང་མན་ངག་གིས་དཀར་འདོན་བྱས་ཤིང། གཞན་དུས་རབས་བརྒྱད་པ་ཡས་མས་སུ་བྱོོན་པའི་རང་རྒྱུད་ཤར་གསུམ་མཁན་པོ་སོགས་ཀྱིས་ཀྱང་དབུ་མའི་ལྟ་གྲུབ་ལ་ཐ་སྙད་འཇོག་སྟངས་གོང་དག་དང་མི་མཚུངས་པའི་སྒོ་ནས་བསྟན་བཅོས་མཛད་ཡོད་མོད་འདིར་རྒྱ་གར་གྱི་མཁས་གྲུབ་དག་གི་དབུ་མའི་ལྟ་བའི་སྐོར་ལ་རིགས་པའི་སྒྲོམ་འཇོག་སྟངས་མདོ་ཙམ་དེས་འཐུས་པར་སྙམ་མོ།།

དེ་བཞིན་བོད་གངས་རིའི་ལྗོངས་ལ་མཚོན་ན་ཡང་དང་པོ་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་ཉིད་ཀྱི་«སྒོམ་རིམ་»ཐོག་མཐའ་བར་གསུམ་སོགས་སུ་ཧ་ཤང་བར་གྱི་ལྟ་བའི་རྩོད་པ་དང་། དེ་བཞིན་བསྟན་པ་ཕྱི་དར་གྱི་འགོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུའི་གདན་ས་ཕྱག་བཏབ་པ་དང་། དཔེར་ན། དེར་རྨ་བྱ་བྱང་ཆུབ་བརྩོན་འགྲུས་སོགས་ཀྱིས་དབུ་མ་ཐལ་འགྱུར་དང་ཕྱྭ་བ་སོགས་ཀྱིས་དབུ་མ་རང་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དབུ་མ་ཐལ་རང་གི་ལྟ་གྲུབ་བར་རིགས་པའི་རྩོད་གླེང་མང་དུ་བྱུང་བ་དང་། ལྷག་ཏུ་པ་ཚབ་ལོ་ཙྰ་བས་འཕན་པོའི་གདན་ས་བཟུང་སྟེ་དབུ་མ་ལ་འཇུག་པ་རྩ་འགྲེལ་གཉིས་བོད་དུ་བསྒྱུར་ནས་དེས་འཆད་ཉན་ཆེས་ཆེར་བྱུང་བ་ནས། དུས་རབས་བཅུ་བཞི་དང་བཅོ་ལྔའི་ནང་དུ་དཔེར་ན་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་«ཡིད་བཞིན་མཛོད་»དུ་སྔ་རབས་པ་དང་དབུ་མར་ཁས་ལེན་ཡོད་མེད་བར་གྱི་འཇོག་མཚམས་དང་། དེ་བཞིན་རྗེ་ཡབ་སྲས་གསུམ་དང་གོ་ཤཱཀ་སྟག་གསུམ་སོགས་མཁས་གྲུབ་མང་དུ་བྱུང་སྟེ། རྗེ་ཙོང་ཁ་པའི་གོ་ཤཱཀ་སྟག་གསུམ་གྱི་བརྒལ་བརྟག་ལ་འཇམ་དབྱངས་དགའ་བའི་བློ་གྲོས་དང་སེ་ར་རྗེ་བཙུན་གཉིས་ཀྱིས་དགག་ལན་མཛད་ཅིང་གཙོོ་བོ་དབུ་མའི་དགག་བྱ་ལ་རང་བཞིན་གྱིས་གྲུབ་པའམ་བདེན་གྲུབ་སྦྱོར་མིན་དང་། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་སོགས་ཀྱི་སྐོར་ལ་དགག་སྒྲུབ་ཀྱི་རྣོ་ངར་མང་དུ་མཛད་ཅིང། དེ་བཞིན་དུས་རབས་བཅུ་དགུ་པའི་ནང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་དང་དཔའ་རིས་བློ་བཟང་རབ་གསལ་གཉིས་ཕན་ཚུན་ལྟ་བའི་གནད་ཀྱི་རྩོད་སྒྲུབ་དང་། ལྷག་ཏུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་འདོན་མིན་གྱིས་ཐལ་རང་གི་ཁྱད་པར་ལ་རིགས་པའི་སྒོ་གསར་པ་ཞིག་ཕྱེ་ཞིང་། ཐལ་རང་གཉིས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ཏུ་བསྒྲུབས་ལ། དེ་བཞིན་བོད་ཀྱི་ཆོས་བརྒྱུད་སོ་སོའི་ཡིག་ཆ་ཁུངས་སུ་བྱས་ནས་གསར་རྙིང་ཐམས་ཅད་ཀྱི་དགོངས་པའི་མཐིལ་གཅིག་ཏུ་ཁེལ་བ་དང་། དེ་བཞིན་དུས་རབས་ཉི་ཤུའི་ནང་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་«ཀླུ་སྒྲུབ་དགོངས་རྒྱན་»དང་དེའི་བརྗོད་བྱའི་མཐིལ་ལྟ་བུའི་ཐ་སྙད་ཚད་གྲུབ་དེ་ལ་དགེ་བཤེས་ཤེས་རབ་རྒྱ་མཚོས་«དགག་ཡིག་སེང་གེའི་ང་རོ་»མཛད་དེ་དུས་རབས་ཉི་ཤུ་པའི་ནང་གི་ཐ་སྙད་ཚད་གྲུབ་ཀྱི་བར་གྱི་དགག་སྒྲུབ་སོགས་མདོར་ན་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ནས་ད་ལྟའི་བར་དུ། དབུ་མའི་ལྟ་བའི་རྩོད་པ་ཕལ་མོ་ཆེ་དགག་བྱ་ངོས་འཛིན་སྟངས་ཀྱིས་བྱུང་བ་དང་། ལྷག་ཏུ་དུས་རབས་བཅུ་གཅིག་པའི་ནང་པ་ཚབ་ལོ་ཙྰ་བས་དབུ་མ་ལ་འཇུག་པ་རྩ་འགྲེལ་བོད་ལ་བསྒྱུར་ཏེ་འཆད་ཉན་བྱུང་བ་ནས། ད་ལྟའི་བར་དུ་དབུ་མའི་ལྟ་བ་ལ་དགག་སྒྲུབ་ཀྱི་ཚ་རླབས་ཆེས་ཆེར་ཕྱུར་ཏེ་རྩོད་གླེང་བྱས་པ་དེ་ཡང། གཙོ་བོ་དགག་བྱ་ལ་བདེན་གྲུབ་བམ་རང་བཞིན་ཞེས་པའི་སླན་པ་ཞིག་སྦྱོར་དགོས་མིན་གྱི་ངོས་འཛིན་སྟངས་ཏེ། དེ་ཡང་ཕར་དེད་ན་དཔལ་ལྡན་ཟླ་བས་“བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར་”ཞེས་པའི་རང་བཞིན་ངོས་འཛིན་སྟངས་ཀྱི་ཁྱད་པར་གྱི་གནད་ལ་ཐུག་པར་སེམས་ཤིང། དེའི་ཕྱིར་འདིར་དབུ་མ་ལ་འཇུག་པའི་རྩ་འགྲེལ་གྱི་རང་བཞིན་ངོས་འཛིན་སྟངས་ལ་རང་གི་རྣམ་རྟོག་ཅིག་སྤྲོ་བར་འདོད་པས་དེ་གསལ་ཁ་ཆེ་རུ་འགྲོ་བར་དེའི་རྒྱབ་ལྗོངས་ཀྱི་ཚུལ་དུ་བྱུང་རིམ་གྱི་སྒྲོམ་ཞིག་ཤིན་ཏུ་མདོར་བསྡུས་ཤིག་བཀོད་པའོ།།

གཉིས་པ། དབུ་མ་ལ་འཇུག་པ་རྩ་འགྲེལ་དུ་བཀོད་པའི་རང་བཞིན་ངོས་བཟུང་བ།

དེ་ཡང་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས། ཐུབ་པ་བཅོམ་ལྡན་འདས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་དབུ་མ་ཐལ་འགྱུར་ཡིན་ལ། ཞེས་པ་ནས་དེ་དག་གི་ནང་ནས་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་དཔལ་ལྡན་ཟླ་བ་གྲགས་པས་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་དབུ་མ་རྩ་བའི་དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་དང༌།[1] ཞེས་དང་། དེ་བཞིན་ཀུན་མཁྱེན་མི་ཕམ་རྒྱ་མཚོས། སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་གསལ་བར་བྱེད་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དབུ་མ་ལ་འཇུག་པ་[2]ཞེས་གསུངས་པ་འདི་ལ་གཞིགས་ན་གཞུང་འདི་རྩ་ཆེ་ཆུང་ག་འདྲ་ཞིག་ཡོད་པ་ནི་མཐོང་ཆོས་མྱོང་གྱུར་ཡིན་ཞིང་། དེའི་ཕྱིར་དང་པོ་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ། བོད་སྔ་རབས་པ་དང་ཕྱི་རབས་པ་རྣམས་ཀྱི་དབུ་མའི་དགག་སྒྲུབ་ཀྱི་སྲོག་ལྟ་བུའི་རང་བཞིན་ཞེས་པའི་དོན་དབུ་མ་ལ་འཇུག་པ་རྩ་འགྲེལ་དུ་ཇི་ལྟར་ངོས་འཛིན་པའི་ཚུལ་ལ་བལྟས་ན།

དབུ་མ་ལ་འཇུག་པ་ལས། གཡོ་དང་“རང་བཞིན་”ཉིད་ཀྱིས་སྟོང་པར་མཐོང་བ་ཡི།[3] །གལ་ཏེ་འདི་ནི་ཁྲིམས་དག་“རང་བཞིན་”ལྟ།[4] །བསམ་གཏན་ལྷག་ཅིང་བློ་བཟང་བདེན་“རང་བཞིན།”[5] །གཏི་མུག་“རང་བཞིན་”སྒྲིབ་ཕྱིར་ཀུན་རྫོབ་སྟེ།[6] །བདེན་པ་གཉིས་སུའང་“རང་བཞིན་”མེད་པའི་ཕྱིར། །གང་ཕྱིར་“རང་བཞིན་”གྱིས་དེ་མི་འགག་པ། །དེ་བཞིན་འགགས་ཤིང་“རང་བཞིན་”ཡོད་མིན་པའི།[7] །དེ་བཞིན་དངོས་རྣམས་“རང་བཞིན་”མེད་མོད་ཀྱི། །ཡོད་དང་སྤྲོས་ཀུན་ཡུལ་མིན་“རང་བཞིན་”ཡོད།[8] །མུ་སྟེགས་སྤོ་མཐོན་རི་འཇོམས་ངག་“རང་བཞིན།”[9] །ཤེས་བྱའི་“རང་བཞིན་”ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་“རང་བཞིན་”བྲལ། །དེ་དག་“རང་བཞིན་”གྱིས་ནི་ཡོད་པ་ཉིད། །གདོད་ནས་ཞི་ཞིང་སྐྱེ་བྲལ་“རང་བཞིན་”གྱིས།[10] །འབྲས་བུའི་རྣམ་པ་མི་བདེན་“རང་བཞིན་”ཅན།[11] །ནུས་པར་ཆེས་སླ་ཇི་ལྟ་དེ་ལྟར་“རང་བཞིན་”གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ།[12] །གང་ཕྱིར་དེ་ཡི་“རང་བཞིན་”དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །མིག་ལ་སོགས་པ་དྲུག་པོ་ཡི། “།རང་བཞིན་”མེད་ཉིད་གང་ཡིན་པ། །གང་ཕྱིར་དེ་ཡི་“རང་བཞིན་”དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་། །གཟུགས་སོགས་“རང་བཞིན་”མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །གཉིས་ཆར་“རང་བཞིན་”མེད་ཉིད་ནི། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཆོས་རྣམས་“རང་བཞིན་”མེད་པ་ཉིད། “།རང་བཞིན་”ཉིད་དུ་བསྙད་པ་སྟེ། །དེ་ཉིད་ཀྱིས་དེ་སྟོང་ཉིད་གང་། །དེ་ནི་“རང་བཞིན་”སྟོང་པ་ཉིད། “།རང་བཞིན་”ངོ་བོ་ཉིད་མེད་ནི། “།རང་བཞིན་”ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་“རང་བཞིན་”མ་བྱས་པས། “།རང་བཞིན་”ཞེས་ནི་བྱ་བར་བསྙད།[13] །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། “།རང་བཞིན་”མཁྱེན་ནས་བདག་བཞིན་བ་སྤུ་ཡི། །མིག་སོགས་རྣམས་ཀྱི་“རང་བཞིན་”གང་དེ་ཁམས་སུ་གསུངས།[14] །ཞེས་རྩ་བའི་གོ་རིམ་བཞིན་འདིར་གཞུང་ཚིག་མཐར་ཆགས་སུ་བཀོད་ཡོད་དོ།།

དེ་བཞིན་རང་འགྲེལ་ལས། “རང་བཞིན་”ནི་རང་གི་ངོ་བོའོ། །ཤེས་པ་ཞིབ་མོས་ཁོང་དུ་ཆུད་པར་བྱ་བའི་“རང་བཞིན་”ནི་“རང་བཞིན་”ཞིབ་མོ་སྟེ། དེ་ནི་བློ་གྲོས་བཟང་པོའི་བདེན་པ་རྣམས་ཀྱི་རང་གི་ངོ་བོ་ཕྲ་མོ་ཤེས་པ་ལ་ཆེར་མཁས་པར་འགྱུར་རོ། །དེ་ལ་འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་ལམ་ཞེས་བྱ་བ་རྣམས་སོ།[15] །ཞེས་དང་། མིག་ནི་མིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་“རང་བཞིན་”དེ་ཡིན་པའི་ཕྱིར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ།[16] །ཞེས་དང་། མྱ་ངན་ལས་འདས་པར་ཞུགས་པའི་སྔ་རོལ་གྱི་སྐད་ཅིག་དག་ཏུ་ཇི་ལྟར་ཕུང་པོ་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ། བདག་ཀྱང་སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར་ཏེ། བདག་ཕུང་པོའི་“རང་བཞིན་”ཅན་ཡིན་པའི་ཕྱིར་རོ།[17] །ཞེས་དང་། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་“རང་བཞིན་”གྱིས་སྲོག་གཅོད་པ་སྤངས་པ་ཡིན་ཏེ།[18] ཞེས་དང་། དེ་ནི་སྤྲོས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་“རང་བཞིན་”ཅན་ཡང་ཡིན་པས།[19] ཞེས་དང་། གང་གི་ཕྱིར་སྤྲིན་གྱི་ཚོགས་དང་འདྲ་བའི་གཏི་མུག་སྟུག་པོ་སྔོན་པོ་ལ་སོགས་པའི་“རང་བཞིན་”མཐོང་བ་གཡོགས་ནས་གནས་པ་དེའི་ཕྱིར་བྱིས་པ་རྣམས་ལ་སྔོན་པོ་ལ་སོགས་པའི་“རང་བཞིན་”མཐོང་བ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་གནས་སུ་གྱུར་པ་འདི་ནི་བྱིས་པ་བདེན་པར་མངོན་པར་ཞེན་པ་རྣམས་ལ་སྣང་བ་ཡིན་ནོ།།[20] ཞེས་གསལ་བ་ལྟར་སྤྱིར་གཞུང་ཚིག་ཤིན་ཏུ་མང་མོད་གོང་དུ་བཀོད་པ་བཞིན་མདོར་བསྡུས་ན། རང་བཞིན་ངོས་འཛིན་སྟངས་ལ་སྡུག་ཀུན་སོགས་བདེན་བཞིའི་ངོ་བོ་དང་མིག་གི་རང་བཞིན་ལ་མིག། དེ་བཞིན་ཕུང་པོ་ལྔའི་རང་བཞིན་ལ་སྐྱེ་འཇིག་གི་བདག་ཉིད་དུ་གྲུབ་པའི་ཐ་སྙད་ཀྱི་རང་བཞིན་གཅིག་དང་། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་རང་བཞིན་གྱིས་སྲོག་གཅོད་སྤོང་བ་ལྟ་བུའི་ངང་ཚུལ་སྟོན་པའི་རང་བཞིན་གཅིག། དེ་བཞིན་ཕྱོགས་སྔ་སེམས་ཙམ་པའི་འདོད་པའི་ཁྱད་ཆོས་གསུམ་གྱི་བདག་ཉིད་ཀྱི་གཞན་དབང་དེ་སྤྲོས་པའི་ཡུལ་མིན་པའི་དཔྱད་བཟོད་ཀྱིས་གྲུབ་པའི་རང་བཞིན་གཅིག་དང་། གཞན་མ་རིག་པའམ་གཏི་མུག་ཀུན་རྫོབ་ཀྱིས་བསྒྲིབས་ཤིང་མངོན་ཞེན་ཅན་གྱི་བྱིས་པས་མཐོང་མི་ཐུབ་པའི་དོན་དམ་པའི་རང་བཞིན་གཅིག་སྟེ་བསྡུས་ན་དེ་དག་བཞི་རུ་འདུ་བར་སེམས་སོ།།

དེའི་ཕྱིར་འདིར་དཔྱད་གཞི་ཁ་གསལ་དུ་འགྲོ་ཆེད་རྩ་བས་ཟིན་པའི་“རང་བཞིན་”གྱི་དོན་ཆ་ཚང་བཀོད་པ་དང་། འགྲེལ་པར་ཡང་རང་བཞིན་བསྟན་པའི་གཞུང་ཚིག་ངོས་འཛིན་སྟངས་ཞུས་མ་ཐག་པའི་སྡོམ་དུ་བསྡུ་ཆོག་པར་སེམས་ཏེ་དེ་དག་དང་འབྲེལ་བའི་ལུང་ཁག་དྲུག་བཀོད་ནས་རྩ་འགྲེལ་གྱི་རང་བཞིན་ཞེས་པ་ངོས་བཟུང་བ་ཡིན་ལ། གཞན་དེ་དག་ལས་འདིར་བརྗོད་པའི་གཞི་གཙོ་བོ་ལྟ་བའི་དགག་སྒྲུབ་ཀྱི་རྩོད་གཞི་ཆེ་ཤོས་བདེན་པ་གཉིས་ལས་ཀུན་རྫོབ་རང་བཞིན་གྱིས་མ་གྲུབ་པའི་རང་བཞིན་ནི། ཀུན་རྫོབ་ཀྱི་ཆོས་དེ་རང་ལ་ངོས་འཛིན་དགོས་ཏེ་“གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་”[21]གཟུགས་རང་དང་། དེ་བཞིན་འོག་ཏུ་བརྗོད་པ་ལྟར་མིག་གི་རང་བཞིན་དེ་ཡང་བྱ་བྱེད་དང་ལྡན་པའི་མིག་རང་དང་། གཞན་ཕུང་ཁམས་སྐྱེ་མཆེད་དང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་ལ་མིག་བཞིན་སྦྱོར་དགོས་པར་དཔལ་ལྡན་ཟླ་བས་ངོས་བཟུང་བ་བཞིན་ནོ། །གཞན་དཔེར་ན། དབང་པོ་དང་ནི་དབང་དོན་དག །འབྱུང་བ་ལྔ་ཡི་“རང་བཞིན་”འདོད། །ཅེས་གཞུང་འདིར་རིན་ཆེན་ཕྲེང་བའི་ལེའུ་བཞི་པའི་ཚིག་དྲངས་པ་ལྟར་བྱང་ཆུབ་སེམས་འགྲེལ་གྱི་ལུང་སོགས་མང་མོད་འདིར་འཇུག་པ་རྩ་འགྲེལ་གཞི་ལ་བཞག་སྟེ་དཔྱད་གཞིའི་ས་བོན་ཙམ་གྱི་ལས་ལ་འཇུག་པ་དང་དེའི་ནང་དུ་མ་འདུས་པ་མེད་ཕྱིར་གཞུང་གཞན་ལ་འབད་པའི་ལས་མ་བརྟེན་ཏོ།།

གསུམ་པ། རང་བཞིན་དང་འབྲེལ་བའི་བདེན་གཉིས་དབྱེ་མཚམས་ཀྱི་གནད།

རང་བཞིན་གྱི་དོན་བཤད་པ་ལ་ཐལ་རང་གི་སློབ་དཔོན་དང་བོད་སྔ་ཕྱིའི་མཁས་པ་དག་གིས་ལྟ་བ་གཏན་ལ་འབེབས་པའི་སྐབས་ཀྱི་གནད་གཅིག་ནི། ཆོས་དེ་རང་རང་གིས་སྟོང་མིན་གྱི་ལྟ་བའི་རྩོད་གླེང་གིས་དགག་བྱ་ལ་གཞན་ཞིག་སྦྱོར་དགོས་མིན་གྱི་བར་ཐག་དང། དེ་བཞིན་བདེན་གཉིས་འཕགས་པའི་ཡེ་ཤེས་ཀྱིས་མ་རྙེད་པ་དང་མེད་པར་རྙེད་པའི་བར་གྱི་དགོངས་ཚུལ་དེ་དག་ཡིན་ཞིང་། དེ་ཡང་དགག་བྱ་ལ་རང་མཚན་དང་བདེན་གྲུབ་སོགས་སྦྱོར་དགོས་མིན་གྱི་གནད་ཀྱིས་བདེན་གཉིས་དོན་ལ་ཡོད་མེད་ཀྱི་བརྒལ་བརྟག་བྱུང་བར་སེམས་ཤིང་། དེར་བརྟགས་ན། རང་འགྲེལ་ལས། འདི་ལ་བཤད་པར་བྱ་སྟེ། འདི་བདེན་མོད་ཀྱི་དོན་དམ་པར་ན་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་འབྱུང་བའི་ཕྱིར་རོ།[22] །ཞེས་གྲགས་ཆེ་བའི་ཐལ་ཆེན་གསུམ་ལས་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་སྐབས་ཀྱི་ཕྱོགས་སྔས་མངོན་སུམ་དང་རྗེས་དཔག་གི་དམིགས་པ་དེ་དག་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་ཞིང། དེ་མི་འདོད་ན་བདེན་པ་གཅིག་ཁོ་ནར་ཐལ་བར་འགྱུར་ཞེས་པའི་ལན་ལ། བདེན་པ་དམ་པ་གཅིག་ཏུ་འདོད་པར་གསུངས་པ་དང་། དེའི་སྒྲུབ་བྱེད་ཀྱང་འདུ་བྱེད་ཐམས་ཅད་བསླུ་བའི་ཆོས་ཅན་ཏེ་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་མེད་པར་འདོད་པ་གསལ་ན། དགག་བྱ་གཞན་ཞིག་སྦྱོར་བ་དང་། དོན་དམ་འཕགས་པའི་ཡེ་ཤེས་ཀྱིས་མ་རྙེད་པ་དང་མེད་པར་རྙེད་པའི་ཁྱད་པར་གྱི་ངལ་བ་བསྟེན་མི་དགོས་པར་མ་ཟད། རང་འགྲེལ་ལས། དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཞེས་དང་། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་པ་ནས་གང་གི་ཕྱིར་བླུན་པོ་ནི་ཚད་མར་རིགས་པ་ཡང་མ་ཡིན་ནོ།[23] །ཞེས་དང་། ཇི་སྐད་བཤད་པའི་ཚུལ་འདི་ལས་ནི་དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་རྣམ་པ་ཐམས་ཅད་དུ་ཚད་མ་མ་ཡིན་ཞིང་། དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་ཡང་མ་ཡིན་ནོ། [24]།ཞེས་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་གང་ཞིག་ཚད་མ་ཡིན་མིན་ལ་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲལ་ཞིང་། ལྷག་ཏུ་ཀུན་རྫོབ་དང་དེ་དཔྱོད་བྱེད་དག་ཚད་མ་མ་ཡིན་པ་དཔལ་ལྡན་ཟླ་བའི་ཞལ་གསང་མཐོོ་ཕྱིར། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པའི་རྙེད་དོན་ཡང་ཤིན་ཏུ་རག་དཀའ་བར་སེམས་ཏེ།

རང་འགྲེལ་ལས། དེ་ལ་འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ།[25] །ཞེས་དང་། དེའི་ཕྱིར་དེ་ལྟར་འཇིག་རྟེན་གྱིས་དབང་པོ་ལ་གནོད་པའི་རྐྱེན་ཇི་སྐད་དུ་བཤད་པ་མེད་པར་དབང་པོ་དྲུག་ཅར་གྱིས་གཟུང་བར་བྱ་བའི་དོན་རྟོགས་པ་དེ་ནི་འཇིག་རྟེན་ཉིད་ལས་བདེན་པ་ཡིན་གྱི་འཕགས་པ་ལ་ལྟོས་ནས་ནི་མ་ཡིན་ནོ།[26] །ཞེས་དང་། ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མ་ཡིན་པས་རྣམ་པ་དེ་ལྟ་བུ་ཡུལ་ལ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕ་རོལ་པོ་ནི་དམ་པ་དག་གིས་བཞད་གད་དུ་བྱ་བར་འོས་པ་ཉིད་དུ་འགྱུར་རོ།[27] །ཞེས་གནོད་པ་མེད་པའི་དབང་པོ་དྲུག་གི་གཟུང་བ་གང་ཡིན་པ་ནི་འཇིག་རྟེན་ཙམ་དུ་སྟེ་འཕགས་པ་ལ་ནི་བདེན་པ་མ་ཡིན་ཞིང་། དེ་ལ་ཟག་མེད་ཀྱི་འཕགས་པའི་བློོས་གནོད་ཐུབ་ཅིང་དེས་ཟག་མེད་ཀྱི་ཡེ་ཤེས་ལ་གནོད་མི་ཐུབ་པ་དང་། ལྷག་ཏུ་དེ་གཏི་མུག་མ་རིག་གི་དབང་གིས་རྫུན་པ་ཡིན་ཕྱིར་དེའི་ངོར་ཡོད་པས་ཡོད་གོ་ཆོད་ཅིང་དེ་ལས་དག་པའི་འཕགས་པའི་ཟག་མེད་ཡེ་ཤེས་ཀྱི་ངོར་གོ་མི་ཆོད་པ་ནི་སློབ་དཔོན་ཟླ་བས་གསུངས་པ་བཞིན། དམ་པ་དག་གིས་བཞད་གད་དུ་བྱ་བར་འོས་པ་ཉིད་དུ་འགྱུར་བར་སེམས་ཤིང། དེས་ན་ཀུན་ཀྱི་དོགས་པའི་རྩ་བ་སྟེ་ཀུན་རྫོབ་རྫུན་པའམ་མ་གྲུབ་ཅིང་བདེན་པ་དམ་པ་གཅིག་ཡིན་ན་ཅིའི་ཕྱིར་བདེན་པ་གཉིས་སུ་འཇོག་སྙམ་ན། འདི་ནི་ཤིན་ཏུ་གནད་ཆེ་བར་འདོད་ཅིང་དེའི་ལན་ལ། རང་འགྲེལ་ལས། འཇིག་རྟེན་གྱི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། རེ་ཞིག་བདེན་པ་གཉིས་ཀྱི་རྣམ་པར་གཞག་པའི་དབང་དུ་བྱས་ནས་བཤད་པ།[28]  ཞེས་རེ་ཞིག་འཇིག་རྟེན་དང་སྒོ་བསྟུན་པའི་སྒོ་ནས་བདེན་གཉིས་བཤད་དགོས་ཐུག་པ་དང་། དེ་ཡང་གཙོ་བོ་སྐྱེ་བ་བཞི་ལས་གཞན་སྐྱེ་གཏན་ལ་འབེབས་པའི་སྐབས་སུ་ཁེལ་ཞིང། དེ་ཡང་རང་འགྲེལ་ལས། འཇིག་རྟེན་པ་ནི་ཐམས་ཅད་རང་གི་ལྟ་བ་ཁོ་ན་ལ་གནས་པ་ན་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ཞིང་གཞན་ཁོ་ན་ལས་སྐྱེ་བར་ལྟ་བ་ཡང་ཡིན་ལ། རིགས་པ་ཉེ་བར་འགོད་པ་ཡང་དངོས་པོ་མངོན་སུམ་མ་ཡིན་པ་ཁོ་ན་ལ་ནི་འོས་ཀྱི་མངོན་སུམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་འཐད་པ་མེད་པར་ཡང་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཡོད་པ་ཁོ་ན་འོ་ཞེ་ན།[29] ཞེས་པའི་ལན་དུ་བདེན་པ་གཉིས་འཇོག་མཚམས་དང་སྟོན་ཚུལ་གཅིག་པོས་དེའི་གལ་གནད་བསྟན་ཅིང་། གཞན་ཀུན་གཞི་དང་གང་ཟག་ཕུང་པོ་ཐམས་ཅད་དྲང་དོན་དུ་བསྟན་པ་འདིས་ཀྱང་དགག་བྱ་ལ་རང་བཞིན་ནམ་བདེན་གྲུབ་སོགས་སྦྱོར་དགོས་པའི་གནད་ཅིག་མེད་པ་ནི་རི་བལྟས་ཐང་གསལ་ལྟ་བུ་སེམས་སོ།།

བཞི་པ། རང་བཞིན་དང་འབྲེལ་བའི་ཁས་ལེན་འཇོག་མཚམས་ཀྱི་གནད།

དེ་བཞིན་ཐལ་འགྱུར་བ་ལ་སྤྱིར་ཁས་ལེན་ཡོད་མེད་དང་། ཁས་ལེན་དེ་རང་ངོར་དང་གཞན་ངོར། ཐ་སྙད་དང་དོན་དམ་གང་ཡིན་སོགས་ཀྱི་དོགས་གཞི་ནི་སྔར་ནས་ད་ལྟའི་བར་ཡོང་ཞིང། དེ་ཡང་རང་བཞིན་གྱི་གྲུབ་སྟངས་འདི་དང་ཤིན་ཏུ་འབྲེལ་ལ། གལ་ཏེ་དགག་བྱ་ལ་རང་གི་ངོ་བོ་ལས་ལོོགས་སུ་སྣང་བ་ལིང་ལིང་གི་རང་བཞིན་གྱིས་གྲུབ་པ་ཞིག་སྦྱོར་དགོས་པའི་དབང་དུ་བཏང་ན། དེའི་ཤུལ་དུ་འཕེན་རྒྱུའི་ཆོས་ཤིག་གྲུབ་པས་རང་ངོས་ཀྱི་ཁས་ལེན་ཞེས་པའི་རྣམ་གཞག་ཅིག་ཀྱང་ཡོང་དགོས་མོད། འདིར་རང་བཞིན་གྱི་ཚིག་སྦྱོར་ཡིན་མིན་གང་ཡིན་ཡང་སྣང་བ་ལིང་ལིང་དེ་མ་ཡིན་པར་གོང་དུ་བཤད་པ་ལྟར་གཟུགས་གཟུགས་སུ་རུང་བ་ལྟ་བུའི་རང་བཞིན་དུ། རང་འགྲེལ་ལས། དབང་པོ་ནི་རང་བཞིན་དང་བྲལ་ཞིང་དབང་པོ་ཉིད་ཀྱིས་སྟོང་པ་སྟེ། དེ་ལ་མིག་ནི་མིག་ཉིད་དུ་མཆིས་པ་མ་ལགས་ལ། དབང་པོ་ནི་དབང་པོ་ཉིད་དུ་མཆིས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིག་ནི་མིག་གི་རང་བཞིན་དང་བྲལ་བ་ལགས་ཏེ། ཆོས་གང་ལ་རང་བཞིན་མཆིས་པ་མ་ལགས་པ་དེ་ནི་དངོས་པོ་མ་ལགས་སོ། །ཞེས་པ་ནས་དེ་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་དག་དབང་པོ་ལྟར་རྣམ་པར་བཤད་པ་ཡིན་ནོ། །དེས་ན་དེ་དག་ལ་རང་བཞིན་ཀོ་ག་ལ་ཡོད།[30] ཅེས་ཕུང་ཁམས་སྐྱེ་མཆེད་དང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་སྟོང་ཚུལ་དེ་ལྟར་དུ་ངོས་བཟུང་སྟེ། རང་བཞིན་གྱིས་སྟོང་པ་ཡིན་ཕྱིར་དོན་ལ་ཟུར་དུ་རང་ངོས་ཀྱི་ཁས་ལེན་རྣམ་གཞག་ཅིག་མཛད་མི་དགོས་མོད། དོན་དངོས་ཅི་ལྟར་ན་ཡང་དེ་ལ་སྙོབ་མི་ཐུབ་པའི་འཇིག་རྟེན་ཞིག་ཡོད་ཕྱིར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཉག་སྐེད་བུ་ལུང་མ་དང་སྦྱར་ནས་གསུངས་པ་བཞིན། རང་འགྲེལ་ལས། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ།[31] །ཞེས་དང་། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་རྟོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་ཇི་སྐད་དུ་བཤད་པ་ལྟ་བུའོ།[32] །ཞེས་དང་། འོ་ན་ཅི་ཞེ་ན། ཡོད་པ་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ།[33] ཞེས་དང་། ཕྱོགས་འདིར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟས་ཐ་སྙད་འདོགས་པ་ཆེས་གསལ་བར་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་མིང་གི་ཁྱད་པར་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱའོ།[34] །ཞེས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཕྱིར། གང་ཡང་མ་གྲུབ་ཀྱང་སྙིང་རྗེ་གཞན་གྱི་དབང་གིས་གཏི་མུག་གིས་བཅིངས་ཤིང་དོན་དངོས་ལ་གདོང་ལེན་མི་ཐུབ་མཁན་དག་དེ་ལས་ལྡོག་པའི་ཐབས་སམ་རྗེས་སུ་འཛིན་དགོས་ཕྱིར་རང་དབང་མེད་པའམ་འཇིག་རྟེན་གྲགས་སྡེ། ཡང་ན་མ་བརྟགས་མ་དཔྱད་པའམ་རྐྱེན་ཉིད་འདི་པ་ཙམ་ཞིག་དཔལ་ལྡན་ཟླ་བས་འཇིག་རྟེན་ངོར་སྨྲ་བར་བྱེད་པའི་གཞན་ངོར་ཁས་ལེན་གྱི་ཚུལ་ཙམ་ཞིག་མཛད་དོ།།

དེ་ཡང་ཕུང་ཁམས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཕྱིར་མེད་པའི་རྒྱུ་མཚན་གྱིས་ཡིན་གྱི། དེ་ལྟ་མ་ཡིན་ན་ཁས་ལེན་དེ་ལ་ཡང་གཞན་ངོར་རམ་གྲགས་སྡེ་སོགས་གཡས་སྐོར་གཡོན་སྐོར་གྱི་འབབ་སྟེགས་ཤིག་འཚོལ་དགོས་པ་མེད་པར་སེམས་སོ།།

ལྔ་པ། རང་བཞིན་དང་འབྲེལ་བའི་ཐ་སྙད་རྣམ་གཞག་གི་གནད།

དེ་བཞིན་རང་བཞིན་དང་འབྲེལ་བའི་དབུ་མའི་གནད་གཅིག་ནི་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་འདི་ཡིན་ཞིང་། དགག་བྱ་ལ་ཁྱབ་ཆེ་ཆུང་སོགས་ཀྱི་རྩོད་སྒྲུབ་ཀྱང་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་འདི་ལ་རག་ལས་ཤིང་། ཐལ་རང་གི་ཁྱད་པར་གྱི་གནད་མང་པོ་ཞིག་ཀྱང་འདི་དང་འབྲེལ་ལ། ཐལ་འགྱུར་བ་ཐམས་ཅད་ཀྱི་རྩེ་མོར་གྱུར་དོན་ཡང་། གང་ཕྱིར་དངོས་པོ་ཐམས་ཅད་སྟོང་ན་ཡང་སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར་བའི་རྐྱེན་ཉིད་འདི་པ་ཙམ་གྱིས་རྟེན་འབྲེལ་ལམ་ཐ་སྙད་རྣམ་གཞག་འཇོག་སྟངས་འདིས་གནད་ཟིན་པས་ཡིན་པར་སེམས་ཤིང་། གཞུང་འདིར་ཡང་ཐ་སྙད་ཀྱི་རྣམ་གཞག་ལ། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །གང་གི་ཕྱིར་དེ་ལྟར་དངོས་པོ་རྣམས་གཟུགས་བརྙན་གྱི་རྣམ་པ་ལྟར་རང་བཞིན་གྱིས་སྟོང་པ་དེ་ཉིད་ཀྱི་ཕྱིར། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཆར་དུ་ཡང་རང་བཞིན་ཏེ་ངོ་བོ་ཉིད་མེད་པའི་ཕྱིར་རྟག་པ་དང་ཆད་པ་མེད་པ་ཉིད་དོ།[35] །ཞེས་དང་། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་ཆར་ཡོད།[36] །ཅེས་དང་། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད།[37] །ཅེས་དང་། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་གྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན།[38] །ཞེས་གསུངས་པ་བཞིན་འདིར་ཐ་སྙད་ཀྱི་རྣམ་གཞག་འཇོག་སྟངས་བསྡོམས་ན་བདེན་པ་གཉིས་ཆར་དུ་རང་བཞིན་མེད་པའི་རིགས་གཅིག་དང་འཇིག་རྟེན་གྲགས་སྡེ་ལྟར་ཡོད་པའི་རིགས་གཅིག འཇིག་རྟེན་ཐ་སྙད་དུ་ཡང་མེད་པའི་རིགས་གཅིག་དང་། ལྟོས་ནས་བཞག་པའི་རིགས་གཅིག་སྟེ་རིགས་བཞི་ཙམ་དུ་འབྱེད་ཆོག་ཀྱང་དེ་དག་གི་གནད་ནི་གཅིག་ཏུ་འབབ་པ་སྟེ། འདིར་བདེན་པ་གཉིས་ཆར་དུ་རང་བཞིན་མེད་པའི་རང་བཞིན་ངོས་འཛིན་སྟངས་ནི་གོང་དང་མཚུངས་ཤིང། དེ་དག་རང་རང་གིས་སྟོང་ཕྱིར་བདེན་པ་གཉིས་ཆར་དུ་ཡོད་པ་མ་ཡིན་པ་ལ་གོ་དགོས་ཤིང། དེས་ན་འཇིག་རྟེན་གྲགས་སྡེ་ལྟར་ཡོད་པའི་ཕུང་པོ་ལྔ་ཆར་ནི་གང་ཞེ་ན། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས་འཇིག་རྟེན་ངོར་ཙམ་ལ་དཔལ་ལྡན་ཟླ་བས་སྨྲས་པ་ཡིན་པའི་ཡོད་གོ་མི་ཆོད་པ་དེ་ཡིན་ཞིང། འཇིག་རྟེན་ཙམ་དུ་ཡང་མེད་པ་ལ་ནི་སུ་ཡང་དོགས་པ་མི་དགོས་ལ། རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་རྣམ་གཞག་ནི། ཕན་ཚུན་དོན་ལ་ལྟོས་ནས་གྲུབ་པ་ནི་གྲུབ་པ་མིན་ཞེས་དམ་པ་རྣམས་ཀྱིས་གསུངས་ན་དེ་རང་ཚད་མ་ཉིད་དུ་བྱེད་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། དེའི་ཕྱིར་དེ་ལྟར་ན་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ།[39] །ཞེས་ཐུགས་ཐག་བཅད་པ་དང་། གཞན་བལྟས་ཚོད་ལ་རྐྱེན་ཉིད་འདི་པ་ཙམ་མམ་འཇིག་རྟེན་གྲགས་སྡེ་ལྟར་དུ་ཡོད་པས་ཡོད་དགོས་པ་ལྟ་བུར་སྣང་ཡང་། དཔལ་ལྡན་ཟླ་བ་ཉིད་ཀྱི་གོང་འོག་གི་དགོངས་པ་དག་ལ་ཐེངས་གཅིག་ཉུལ་ན། རང་འགྲེལ་ལས། ཡོད་པ་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་ཡིན་པའི་ཕྱིར་རོ།[40] །ཞེས་དང་། གང་གི་ཕྱིར་འདི་ཡོད་པ་མ་ཡིན་མོད་ཀྱི་འོན་ཀྱང་གཏི་མུག་ལས་ཐ་སྙད་འདོགས་པ་དེ་ཉིད་ཀྱི་ཕྱིར།[41] ཞེས་དང་། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་རག་ལས་པའིི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། རྣམ་པར་དཔྱད་པ་བྱས་ན་འཇིག་རྟེན་པའི་ཐ་སྙད་ཉམས་པར་འགྱུར་ཏེ།[42] ཞེས་དང་། འདི་ཡང་འཇིག་རྟེན་ཚུལ་ལུགས་ཡིན་གྱི་ཤིན་ཏུ་དཔྱད་པར་བྱ་བ་ནི་མ་ཡིན་ཏེ། རྫུན་པའི་དོན་ཅན་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར།[43] ཞེས་དང་། གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདིི་དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་མ་བརྟགས་པར་གྲགས་པས་ཡོད་པ་དེ་ཉིད་ཀྱི་ཕྱིར།[44] ཕྱོགས་འདིར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟས་ཐ་སྙད་འདོགས་པ་ཆེས་གསལ་བར་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་མིང་གི་ཁྱད་པར་གང་ཡིན་པ་དེ་དག་ཀྱང་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱའོ།[45] །ཞེས་དང་། ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོའི་རྣམ་པར་གཞག་པ་འདི་འཇིག་རྟེན་གྱི་ཐ་སྙད་དུ་རྣམ་པར་གཞག་པ་དེ་བཞིན་དུ་འདིའི་ལས་དང་བྱེད་པ་པོའི་རྣམ་པར་གཞག་པ་ཡང་ཤིང་རྟ་ལྟར་ཁས་བླང་བར་བྱའོ་ཞེས་བཤད་པ།[46] ཞེས་དང་། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ།[47] །ཞེས་གསུངས་པ་བཞིན་ཤིན་ཏུ་གསལ་བའི་གཞུང་ཚིག་དག་གི་སྔ་གཞུག་ལ་བསྒྲིམས་ཏེ་གཟིགས་ན་ཐ་སྙད་ཀྱི་རྣམ་གཞག་དག་འཇོག་སའི་གལ་གནད་ཀྱི་མཚམས་ཧ་གོ་ཐུབ་ཅིང། ལས་འབྲས་སོགས་ཤིང་རྟ་ལྟར་དུ་འཇོག་སྟངས་ནས་བཟུང་རང་དབང་མ་ཡིན་པའི་ཀུན་རྫོབ་ཀྱི་རྣམ་གཞག་ཅིག་འཇོག་དགོས་ཐུག་པའི་གནད་ལ་གཞིགས་ན། རང་བཞིན་གྱིས་སྟོང་ཚུལ་དེ་ལ་དགག་བྱ་གཞན་ཞིག་སྦྱོར་མི་དགོས་པ་ནི་གོང་གི་དྲི་མ་མེད་པའི་ལུང་ཚིག་དག་གིས་གསལ་བཤད་ཐུབ་པས། ཉིད་ཀྱི་རྨ་མེད་པའི་དགོངས་པ་རང་དུ་གོ་ཐུབ་པར་སེམས་ལ། ལྷག་ཏུ་ཐ་སྙད་ཀྱི་མཚམས་འཇོག་དཀའ་ཤོས་སམ་ཕུང་ཁམས་ཀྱི་ཆོས་ཐམས་ཅད་མ་གྲུབ་ན་སྣང་ཡང་མི་ཆོག་པར་རི་བོང་གི་རྭ་ལྟར་འགྱུར་བར་དོགས་པའི་སེམས་ཁྲལ་དེ་ལ། མེད་ན་ཡང་སྣང་ཆོག་པའི་སྐྲ་ཤད་ཀྱི་དཔེ་དང་། གང་ཕྱིར་དངོས་པོ་ཐམས་ཅད་སྟོང་ན་ཡང་སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར་བའི་ལེགས་བཤད་གྱ་ནོམ་པ་ཞིག་བསྩལ་ཡོད་ན། འདིས་རང་བཞིན་དང་འབྲེལ་བའི་ཕུང་ཁམས་ཐ་སྙད་ཀྱི་ཆོས་ཐམས་ཅད་མ་གྲུབ་ཀྱང་འཇོག་ཐུབ་པའི་གནད་གསང་ཕྲ་མོ་ཞིག་བརྟོལ་ཡོད་པར་སེམས་སོ།།

དྲུག་པ། རང་བཞིན་དང་འབྲེལ་བའི་སྟོང་ཉིད་འཇོག་སྟངས་ཀྱི་གནད།

གོང་བཤད་བཞིན་འདིར་དབུ་མ་སྔ་རབས་པ་དང་ཕྱི་རབས་པ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོར་དགག་སྒྲུབ་ཀྱི་རླབས་རྒྱུན་ཆད་མ་མྱོང་བའི་རང་བཞིན་གྱི་དོན་དང་འབྲེལ་བའི་དགག་བྱའི་གནད་ཆེ་ཤོས་གཅིག་པུ་ནི། ཆོས་དེ་རང་རང་གིས་སྟོང་མིན་དང་དགག་བྱ་གཞན་ཞིག་གིས་སྟོང་མིན་གྱི་ཁྱད་པར་ཡིན་པས། སྤྱིར་དངོས་པོའི་གནས་ལུགས་ལ་ནི་གཅིག་མ་གཏོགས་གཉིས་མེད་ན་ཡང། སྔ་ཕྱིའི་མཁས་གྲུབ་སུ་ཡིན་ཡང་རང་རང་ལ་རང་རང་གི་རྣམ་དཔྱོད་རྩལ་འདོན་མཛད་པའི་དགོོས་པ་དང་རྒྱུ་མཚན་ཡོད་ཕྱིར་འདི་ནོར་དང་དེ་འགྲིག་ཅེས་ཐོས་པའི་མིག་རྒྱང་ཤིན་ཏུ་ཐུང་བའི་བདག་ལྟ་བུས་བཤད་སྤོབས་པ་དང་བཤད་ཤེས་པ་ཞིག་མ་ཡིན་ཡང་། རང་གིས་འཇུག་པ་རྩ་འགྲེལ་གྱི་ཚིག་ཟིན་ལྟར་དཔེ་ཀློག་གི་གྲུབ་དོན་ཏེ། འཇུག་པ་རྩ་འགྲེལ་གཞིར་བཞག་ནས་བསྙད་ན། རང་འགྲེལ་ལས། མིག་ནི་མིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ།[48] །དེ་ལ་མིག་ལ་སོགས་པ་རྣམས་མིག་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་པ་ཉིད་དུ་སྨྲས་པས་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་གྱི། མིག་ནི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ།[49] །ཞེས་མིག་གི་རང་བཞིན་མིག་ཉིད་དུ་ངོས་བཟུང་བ་མ་ཟད་སྟོང་ཚུལ་དེ་ཡང་མིག་གི་བྱ་བྱེད་དང་བྲལ་བའི་ཚུལ་གྱིས་སྟོང་པ་ཁོ་ན་སྟེ། རྟ་ལ་བ་ལང་ལྟ་བུའི་གཅིག་ལ་གཅིག་མེད་པའི་སྟོང་པ་ནི་ཐ་སྙད་ཚད་མས་ཀྱང་སྒྲུབ་ཐུབ་པ་མ་ཟད། དེ་ལྟ་བུའི་སྟོང་ཚུལ་མ་ཡིན་པ་ནི་གཞུང་གི་ཚིག་ཟིན་ཚུན་ཆད་ལ་གསལ་ན་དགག་བྱ་ལ་གཞན་པའི་སླན་པ་གང་ཡང་སྦྱོར་མི་དགོས་ལ། ལྷག་ཏུ་རང་འགྲེལ་ལས། དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་ཁམས་གསུམ་མོ། །དེ་ལ་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་སྟེ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ།[50] །ཞེས་དང་། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང་། །དེ་དངོས་སྟོང་པ་ཉིད་དུ་བཤད། །དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །དངོས་པོ་ནི་དངོས་པོས་སྟོང་ཞེས་བྱ་བ་ནི་གོང་མ་བཞིན་ཏེ་འདི་ནི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །མདོར་བསྡུས་ན་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ནི་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཏེ་ནམ་མཁའ་དང་མྱ་ངན་ལས་འདས་པ་ལ་སོགས་པ་དག་གོ །དེ་ལ་དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་སྟེ། འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ།[51] །ཞེས་གསུངས་པ་བཞིན་མདོར་ན་ཁམས་གསུམ་དང་ཕུང་པོ་ལྔ། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་རང་གིས་སྟོང་པ་གཞུང་གི་དགོངས་པ་རྨ་མེད་པ་ཡིན་ན་དགག་བྱ་ལ་གཞན་པའི་སླན་པ་གང་ཡང་སྦྱར་མེད་ཅིང་མི་དགོས་པ་མ་ཟད། ལྷག་ཏུ་སྟོང་ཉིད་བཅུ་དྲུག་གི་རང་གི་མཚན་ཉིད་སྟོང་པ་ཉིད་གཏན་ལ་འབེབས་པའི་སྐབས་དང་པོ་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ནས་གཏོང་བ་སྦྱིན་པའི་མཚན་ཉིད། འབྲས་བུ་མ་འདྲེས་པ་བཅོ་བརྒྱད་སོགས་ཀྱི་བར་གཞི་ལམ་འབྲས་གསུམ་རང་རང་གི་མཚན་ཉིད་རེ་རེ་བསྟན་ཅིང་། མཐར་དེ་དག་གི་སྡོམ་ལ། དབུ་མ་ལ་འཇུག་པ་ལས། གང་ཞིག་འདུས་བྱས་མཚན་ཉིད་དང་། །འདུས་མ་བྱས་ཀྱི་མཚན་ཉིད་གང་། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་པ་ཉིད། །ཅེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས། རང་གི་མཚན་ཉིད་སྟོང་པ་ཉིད་བཤད་ཟིན་ཏོ།[52] །ཞེས་དེ་དེ་ཁོ་ནའམ་རང་རང་གིས་སྟོང་པར་བསྟན་པས་ལྟ་བ་གཏན་ལ་འབེབས་པའི་སེམས་བསྐྱེད་དྲུག་པའི་གཞུང་ཚིག་འདི་དག་ལ་གཞིགས་ན་ལྟད་མོ་ཆེ་ཞིང་། གཞན་དགག་བྱ་ལ་སླན་པ་གཞན་ཞིག་སྦྱོར་བའི་གཅིག་ལ་གཅིག་མེད་པའི་ལྟ་བ་གཏན་ལ་འབེབས་སྟངས་ནི། ཡང་དག་པ་མ་ཡིན་པ་ཙམ་མ་ཟད་ཐ་ཤལ་ཉིད་དུ་བསྟན་པ་སྟེ། རང་འགྲེལ་ལས། གཅིག་ལ་གཅིག་མེད་པའི་ཉིད་ཀྱིས་དངོས་པོ་མེད་པ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །བ་ལང་རྟ་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བརྗོད་པ་ནི་རིགས་པ་ཡང་མ་ཡིན་ཏེ། རང་གི་བདག་ཉིད་ཀྱིས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ།[53] །ཞེས་འདི་དག་གུང་བསྒྲིགས་ཏེ་བསམས་ན་དགག་བྱ་ལ་སླན་པ་སྦྱོར་དགོས་མིན་ནི་གཞུང་རང་གིས་ཁ་གྲགས་ཡོད་པར་སེམས་སོ།།

སླར་སྨོན་པ།

སྟོང་ཉིད་ལྟ་བ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།།
སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །


[1]  ཡེ་ཤེས་སྡེའི་ཕྱི་ལོ་ ༢༠༠༧ ལོའི་པར་མ། ཡིད་བཞིན་མཛོད། ཤོག་ངོས་ ༨༣༡ པར་གསལ།

[2]  ཝཱ་ཎ་མཐོ་སློབ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ། ༢༠༡༣ ལོའི་པར་མ། འཇུག་འགྲེལ་ཟླ་བའི་ཞལ་ལུང། ཤོག་ངོས་ ༡ པོར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༡ པོར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༤ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༩ པར་གསལ།

[6]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༡༤ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  དེབ་ཕྲེང་ ༡༦ ཤོག་ངོས་ ༡༦ པར་གསལ།

[8]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  དེབ་ཕྲེང་ ༡༦ ཤོག་ངོས་ ༡༧ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  དེབ་ཕྲེང་ ༡༦ ཤོག་ངོས་ ༢༣ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  དེབ་ཕྲེང་ ༡༦ ཤོག་ངོས་ ༢༦-༢༨ བར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  དེབ་ཕྲེང་ ༡༦ ཤོག་ངོས་ ༣༥ པར་གསལ།

[12]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༣༩ པར་གསལ།

[13]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༤༠ ནས་ ༤༥ བར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་ཕྲེང་ ༡༦ ཤོག་ངོས་ ༥༢ ནས་ ༥༤ བར་གསལ།

[15]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༦༩ པར་གསལ།

[16]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༩༤ པར་གསལ།

[17]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༣༧ པར་གསལ།

[18]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༣༤ པར་གསལ།

[19]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༣༤ པར་གསལ།

[20]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༠༧ པར་གསལ།

[21]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༩༧ པར་གསལ།

[22]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༨ པར་གསལ།

[23]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༠ ནས་ ༡༡༡ བར་གསལ།

[24]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༢ པར་གསལ།

[25]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༠༦ པར་གསལ།

[26]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༠༤ པར་གསལ།

[27]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༠༦ པར་གསལ།

[28]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༠༡ པར་གསལ།

[29]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༠༡ པར་གསལ།

[30]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༥༦ ནས་ ༡༥༦ བར་གསལ།

[31]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༧༤ པར་གསལ།

[32]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༨ པར་གསལ།

[33]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༧༣ པར་གསལ།

[34]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༦༨ པར་གསལ།

[35]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༢༢ པར་གསལ།

[36]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༨༥ པར་གསལ།

[37]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༣༠ པར་གསལ།

[38]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༦༨ པར་གསལ།

[39]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༠ པར་གསལ།

[40]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༧༣ པར་གསལ།

[41]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༧༦ པར་གསལ།

[42]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༡༨-༡༡༩ བར་གསལ།

[43]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༦༥ པར་གསལ།

[44]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༦༩ པར་གསལ།

[45]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༦༨ པར་གསལ།

[46]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༧༢ པར་གསལ།

[47]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༧༤ པར་གསལ།

[48]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༩༤ པར་གསལ།

[49]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༢༩༧ པར་གསལ།

[50]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༣༠༠ པར་གསལ།

[51]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༣༢༡ པར་གསལ།

[52]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༣༢༠ པར་གསལ།

[53]  TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ ཤོག་ངོས་ ༡༥༥ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།