ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ།
རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་།།
ནུས་པའི་རང་གཟུགས་ཨོ་རྒྱན་རྗེ།།
རིགས་ཀྱི་བུ་མོ་ངང་ཚུལ་མའི།།
ཐུགས་རྒྱུད་རྟག་ཏུ་བྱིན་གྱིས་རློབས།།
རིགས་ཅན་ལྔ་ལས་གྱེས་པ་ཡི།།
རྩ་འདབ་སྐྱོན་སྤངས་ཤེས་རབ་མའི།།
ཡོན་ཏན་བརྒྱད་ལྡན་དད་གཏོང་གིས།།
ནོར་གྱིས་ལྷག་པར་ཕྱུག་པ་ཁྱོད།།
སྙིང་ལ་རི་མོ་རྟག་ཏུ་བྲིས།།
གང་ཞིག་འཁོར་བ་ཡིན་ཕྱིན་ཆད།།
གནས་རིས་མཐོ་དམའི་ཁྱད་པར་ལས།།
སྡུག་བསྔལ་བདེན་པས་མ་གཟིར་བ།།
སངས་རྒྱས་བྱོན་ཀྱང་ཡོངས་མི་མངའ།།
དེ་ལྟར་མོད་ཀྱི་རང་སེམས་ཀྱི།།
གནས་ལུགས་རྟོགས་པའི་གང་ཟག་གིས།།
རང་གི་རང་བཞིན་ལ་བརྟགས་ནས།།
ངོ་བོ་ཉིད་མེད་སྟོང་པའི་རྩལ།།
བདེ་སྡུག་བཟང་ངན་ཅི་ཤར་ཡང་།།
ནམ་མཁའི་དབྱིངས་ལས་ལྷོ་སྤྲིན་ལྟར།།
བྱུང་ཡང་སེམས་ཀྱི་ངང་ལས་བྱུང་།།
སེམས་དེ་ཡོད་མེད་བརྟག་དཔྱད་ལས།།
འདས་པའི་རང་གསལ་རྗེན་པའི་གཤིས།།
བཅོས་བསླད་མེད་པར་བསྐྱངས་གྱུར་ན།།
ཉེ་བར་ལེན་པའི་རྣམ་རྟོག་ཀུན།།
རང་རྒྱུད་ཅན་དུ་མི་འཆར་བར།།
རང་ཤར་རང་གྲོལ་ཐོབ་ཤོར་མེད།།
དེ་ཚེ་འཁོར་འདས་ཆོས་རྣམས་ཀུན།།
དྲན་རིག་གཅིག་པུའི་ངང་དུ་རྫོགས།།
དེ་ཡང་མཉམ་བཞག་རློམ་པ་ཕལ།།
སྟོང་པ་ཉིད་དོ་སྙམ་པའི་བློ།།
ལྟ་བ་ཟབ་མོར་འཁྲུལ་གྱུར་ནས།།
དེ་ཉིད་འཇུར་དྲན་ཐག་པས་འཆིང་།།
བལྟ་བྱ་ལྟ་བྱེད་མེད་པའི་བློས།།
ཤེས་བྱའི་སྒྲིབ་པ་སྤང་མི་ནུས།།
དེ་ཕྱིར་བློ་ལས་འདས་པ་ཡི།།
རིག་པ་རྗེན་པར་བསྐྱངས་བྱས་ན།།
ང་དང་ཁྱེད་ལ་འདུ་འབྲལ་མེད།།
རྗེས་ཐོབ་ཀུན་ཏུ་མོས་གུས་དང་།།
སྨོན་འཇུག་སེམས་གཉིས་འབྲལ་མི་བྱ།།
རྒྱལ་པོའི་སྲིད་ཀྱི་བྱ་བ་ཡང་།།
རྨི་ལམ་སྒྱུ་མ་ལྟ་བུར་སྦྱོངས།།
ལྷ་སྲས་འདི་ལ་ཞབས་བརྟན་གྱི།།
གཙོ་བོར་གཞན་ལ་འཚེ་བ་སྤོངས།།
གྲིབ་ལ་འཛེམ་ཞིང་སྲོག་བསླུ་དང་།།
ལོ་ལོ་བཞིན་དུ་ཆབ་གཏོར་འབུམ།།
སྒྲོལ་བསམ་འུར་འདོན་རྣམ་རྒྱལ་མའི།།
འབུར་སྐུ་སྟོང་ཕྲག་དེ་ཉིད་ཀྱི།།
མཆོད་རྟེན་ནང་གཟུངས་ཅན་བཞེངས་ནས།།
མཛད་ཕྲིན་སྐུ་ཚེ་རྒྱས་པ་འོང་།།
བཀྲ་ཤིས་དགེ་བའི་ཞུ་མཆིད་འདི།།
སྙིང་པོར་དྲིལ་ཏེ་སེམས་ལ་གདམས།།
ཁུངས་གཏུག་སའི་ཡིག་ཆ།
ཡེ་ཤེས་སྡེའི་པར་མ། རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་དང་སྒོམ་ཕྱོགས་དྲིས་ལན་དང་། གསུང་འབུམ་ཐོར་བུའི་སྐོར་པོད་ ༢༠ པ་ལས་བཏུས།
