ལོ་རིམ་དྲུག་པའི་སློབ་གཉེར་བ། དཀོན་མཆོག་དོན་གྲུབ་གཙུག་ལག
ཀ་དག་གདོད་མའི་དབྱིངས་སུ་སྒྲིབ་པ་གཉིས་ཟད་ཀྱང༌༎
འཁྲུལ་སྣང་འཁོར་བའི་དོན་དུ་བསམ་བཞིན་དུ་འཁྲུངས་པ༎
མི་ཟད་བྱམས་བརྩེས་ཕྱུག་པའི་བི་མ་ལའི་རྣམ་སྤྲུལ༎
ཐལ་མོ་སྙིང་ཁར་སྦྱར་ནས་སྒོ་གསུམ་གྱིས་འདུད་དོ༎
དཀར་པོའི་ལས་འཕྲོ་ཆུང་བའི་ཙ་རི་ཡི་བུ་ངས༎
ཉི་མའི་གཉེན་དང་པདྨ་འབྱུང་གནས་ཀྱི་རིང་ལུགས།།
མི་ཉམས་བདག་གིར་བཟུང་བའི་ཡིད་བཞིན་གྱི་ནོར་བུ༎
གང་གི་ཞལ་འཛུམ་དཀར་པོ་ཉིན་རེ་བཞིན་དྲན་གྱི༎
མི་རིགས་གཞན་ལ་སྡང་བའི་ངན་སེམས་ཀྱི་ཀུན་སློང༌༎
རང་རིགས་སྤུན་མཆེད་ཅེས་པའི་ཉེར་བཟུང་གི་ཞེན་ཁོག།
གཉིས་ཀའི་མཐའ་ལས་འདས་པའི་བྱང་སེམས་ཀྱི་རང་གཟུགས༎
སྐྱབས་གཅིག་༸གྲུབ་དབང་བླ་མའི་གསུང་སྙན་དེ་ཉན་འདོད༎
ལྷ་ཡི་ཞིང་ཁམས་འདྲ་བའི་བཀོད་ལེགས་ཀྱི་ཁང་བཟང༌།།
མངོན་སུམ་རྣམ་པར་བཀྲ་བའི་མེ་ཏོག་གིས་མཛེས་ཀྱང༌༎
སྙིང་གི་དབུས་སུ་བཞུགས་པའི་དམ་པ་ཁྱེད་མེད་དུས།།
འཁོར་ཡུག་ཇི་ཙམ་ལེགས་ཀྱང་སེམས་གཏིང་ནས་མི་ཚིམ༎
དཔེ་དེབ་ཕུང་པོར་བརྩིགས་པའི་གྲུ་བཞི་ཡི་ཁང་པར༎
བཀའ་དང་བསྟན་བཅོས་དག་ལ་ཡུན་རིང་དུ་བལྟས་ཀྱང༌།།
ཟབ་དོན་རྟོགས་པར་དཀའ་བས་སེམས་ཤུགས་རེ་ཆག་དུས།།
༸གྲུབ་དབང་བླ་མའི་བཀའ་སློབ་བྱིན་ཅན་དེས་ཕན་བྱུང༌།།
ཁྱེད་ཀྱིས་ཤུལ་དུ་བཞག་པའི་བཤད་སྒྲུབ་ཀྱི་ཆོས་སྡེ༎
ཐར་གླིང་ཉེ་བར་འཁྲིད་མཛད་མཁན་སློབ་ཀྱི་དཔུང་ཚོགས༎
ཇི་ལྟར་བསྐྲུན་པའི་ཚུལ་ལ་ཕྱི་མིག་རེ་འཕེན་དུས༎
ཡབ་གཅིག་༸གྲུབ་དབང་བླ་མའི་འོ་རྒྱལ་དེ་ཚོར་བྱུང༌༎
གོས་སུ་སྲབ་ཅིང་འཇམ་པའི་ངུར་སྨྲིག་གིས་བཀླུབས་ནས༎
བློ་རིག་བཀྲ་བའི་དགེ་འདུན་སྟོང་ཕྲག་དང་ལྷན་དུ༎
ཟབ་རྒྱས་ཆོས་ཀྱི་བཅུད་ལ་ཉུང་ཙམ་ཞིག་རོལ་བ༎
དེ་ཡང་དཔལ་ལྡན་བླ་མ་གང་ཉིད་ཀྱི་བཀའ་དྲིན༎
སྙིགས་ལྔ་ཆེས་ཆེར་བདོ་བའི་འཇིག་རྟེན་གྱི་ཐང་ན༎
གར་འགྲོ་ཆ་མེད་ལུས་པའི་མགོན་མེད་ཀྱི་བུ་ང༌།།
གདུལ་བྱ་སྐྱོང་ལ་མཁས་པའི་དྲིན་ཅན་གྱི་བླ་མའི༎
འདི་དང་ཕྱི་མ་གཏན་དུ་སློབ་བུ་རུ་འགྱུར་ཤོག།།
