བཀའ་དྲིན་ཅན་གྱི་ཨ་མ་དྲན་བྱུང་།

ལོ་རིམ་དང་པོའི་སློབ་གཉེར་བ། སངས་རྒྱས་རྡོ་རྗེ།

བཀའ་དྲིན་གཞལ་དུ་མེད་པའི་དྲིན་ཆེན་གྱི་ཨ་མ།།
དཀའ་སྡུག་བརྒྱ་ཕྲག་ཁྲོད་ནས་མངལ་རུམ་དུ་ཉར་ཞིང་།།
མ་བུའི་སྡུག་བསྔལ་སྣ་ཚོགས་ཚེ་སྲོག་དང་འབྲེལ་ནས།།
བུ་ཆུང་ལུས་རྟེན་བྱིན་པས་བཀའ་དྲིན་རང་ཆེ་སོོང་།།

བཙའ་དུས་མི་གཙང་གང་བའི་བྱིས་པ་ཡི་ལུས་ཀུན།།
དགྱེས་འཛུམ་འཇམ་མཉེན་ཕྱག་གིས་པང་དཀྱིལ་དུ་བླངས་ནས།།
མི་གཙང་བྱི་དོར་བྱེད་ཅིང་སྨན་བཟང་སོགས་བྱུག་བཞིན།།
གཅེས་ཕྲུག་འཚོ་སྐྱོང་བྱེད་པའི་མ་མ་དེ་དྲན་བྱུང་།།

འཇམ་པའི་གོས་དང་ཟས་བཅུད་སྣ་ཚོགས་ཀྱིས་གསོས་ཤིང།།
བུ་ཆུང་ནད་ཀྱིས་མནར་དུས་སྡུག་བསྔལ་སོགས་བྱུང་ན།།
བུ་གསོན་རང་ཤི་སྙམ་པའི་སྙིང་སྟོབས་དང་ལྡན་པའི།།
བྱམས་བརྩེའི་འོད་དཀར་ཕྱུག་པའི་ཨ་མ་རང་དྲན་བྱུང་།།

གོམ་པ་ཀྱག་ཀྱོག་སྤོ་ཚེ་ཞལ་འཛུམ་དང་བཅས་ཏེ།།
དགའ་སྣང་སྟོང་གིས་བསུས་ནས་བུ་ཕྲུག་ཅེས་འབོད་བཞིན།།
འཇིག་རྟེན་ཐ་སྙད་སྣ་ཚོགས་དང་པོ་རུ་སློབ་མཁན།།
ང་ཡི་དགེ་རྒན་ཐོག་མ་ཡུམ་ཆེན་རང་དྲན་བྱུང་།།

མདོར་ན་འཇིག་རྟེན་འདིའི་ནང་བཀའ་དྲིན་རང་ཆེ་བས།།
ནམ་ཡང་བརྗེད་ཐབས་མི་འདུག་སྐྱེ་དགུ་ཡི་བདག་མོ།།
བཅོས་མིན་བརྩེ་དུང་བསྐྱངས་པ་ལྷང་ལྷང་དུ་དྲན་ནས།།
ཨ་མ་དྲན་པའི་མིག་ཆུ་འཕགས་ཡུལ་ནས་ཤོར་སོང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།