མདོ་སྟོད་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་ཡབ་སྲས་ཀྱིས་བཞེངས་པའི་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ལ་ཅུང་ཟད་ལྟ་ཀློག་བྱུང་བའི་གཏམ་བློ་གསར་བུང་བའི་རྩི་བཅུད་ཅེས་བྱ་བ།

སྦིར་དཔལ་ཡུལ། ཨཱ་ཙརྱ་ཉི་མ་རྒྱལ་མཚན་གུ་རུང་།

ནང་དོན་གནད་བསྡུས།

རྩོམ་ཡིག་འདིའི་ནང་གཙོ་བོ་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་གསུང་གི་བདུད་རྩི་བཀའ་སྡེ་སྣོད་གསུམ་ལ་སོགས་པ་དང་། དེ་ལ་རྗེས་འཇུག་མཁས་པ་རྒྱན་དྲུག་མཆོག་གཉིས་ལ་སོགས་པས་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་སྤྱི་དང། སྒོས་སུ་རྒྱ་བོད་ཀྱི་མཁས་པས་བརྩམས་གནང་བའི་སྒྲ་ཚད་བཟོ་གསོ་སོགས་བཅུ་ཕྲག་རིག་པའི་གཞུང་ལུགས་དག་རྒྱ་བོད་ཀྱི་ལོ་ཙཱ་བ་དང་པཎྜིཏ་བཀའ་དྲིན་མཚུངས་པ་མེད་པ་དག་གིས་དཀའ་སྤྱད་དྲག་པོས་བོད་སྐད་དུ་བསྒྱུར་གནང་མཛད་པའི་བཀའ་བསྟན་རྣམས་གླེགས་བམ་དུ་ཕྱོགས་བསྒྲིགས་མཛད་ཡོད་པ་རྣམས་དང། ལྷག་པར་དུ་བཀའ་འགྱུར་དང་བསྟན་འགྱུར་ལ་པར་མ་དང་། བྲིས་མ། རྡོ་བརྐོས་མ་སོགས་དུ་མ་ཡོད་པ་རྣམས་ངོ་སྤྲོད་ཙམ་བྱས་ཐོག གཙོ་བོ་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཇི་ལྟར་བཞེངས་པ་དང་སུས་བཞེངས་པ། གང་དུ་བཞེངས་པ་དང་ཅིའི་ཕྱིར་བཞེངས་པ་རྣམས་ལོ་རྒྱུས་དེབ་གཟུགས་ཀྱི་མེ་ལོང་ངོར་གསལ་བ་གཞིར་བཟུང་རང་ནུས་ཅི་ལྕོགས་ཀྱིས་བསྡུ་སྒྲིག་གམ་རྩོམ་ཡིིག་ཏུ་བྲིས་ཡོད་དོ།།

བརྡ་ཆད་གཙོ་བོ།

བཀའ། བསྟན་བཅོས། བཀའ་འགྱུར། བསྟན་འགྱུར། ལོ་པཎ། བྲིས་མ། པར་མ། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཤིང་བརྐོས། ཆོས་ཚན། གླེགས་བམ།

གླེང་སློང་བ།

དེ་ལ་བདག་ཅག་གི་སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་འཁོར་བའི་འདམ་ལས་སྒྲོལ་སླད་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་ཕེབས་པ་དང། ལྷག་པར་ལོ་དྲུག་དཀའ་སྤྱད་དྲག་པོ་མཛད་དེ། རྒྱ་གར་གྱི་དབུས་རྡོ་རྗེ་གདན་དུ་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག་ནས། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མི་རིང་བར་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་ལན་མང་བཏབ་པའི་མཐར། དྲུག་པའི་ཚེས་བཞིར་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་ཐོག་མ་བདེན་བཞིའི་ཆོས་འཁོར་བསྐོར་བར་མཛད་པ་དང་། རིམ་གྱིས་བྱ་རྒོད་ཕུང་པོར་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བ་དང། ཡངས་པ་ཅན་དུ་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་བསྐོར་ནས་འཛམ་གླིང་ཡོངས་ལ་དམ་ཆོས་རིན་པོ་ཆེའི་སྣང་བས་ཁྱབ་པར་མཛད།

དེ་བཞིན་རྣམ་འདྲེན་བཞི་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཀུན་དགའ་བོ་དང་འོད་སྲུང་དག་གིས་བཀའ་བསྡུ་རིམ་པ་གསུམ་གྱིས་བཀའ་དྲིན་བསྐྱངས་ཏེ་བསྟན་པའི་མེ་ལྕེ་མི་ཉམས་གོང་འཕེལ་དང་གཅེས་སྐྱོང་མཛད།  ལྷག་པར་དུ་ཕྱི་ལོ་བརྒྱ་ཕྲག་གཉིས་པ་ཚུན་ཆད་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས། དེ་དག་གི་སློབ་མ་དང་། ཡང་སློབ་དག་གིས་སྟོན་པའི་བཀའ་རྣམས་ལ་དགོངས་འགྲེལ་གྱི་བསྟན་བཅོས་སྟོང་ཕྲག་ལས་བརྒལ་བ་བརྩམས་གནང་བར་མཛད་པས་སྟོན་པའི་བསྟན་པ་ཧ་ཅང་གི་རྒྱས་པར་མཛད།

རང་ཅག་བོད་གངས་ཅན་ལྗོངས་ལ་བསམས་ན་ཕྱི་ལོ་བརྒྱ་ཕྲག་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལོ་ཙཱ་བ་ཆེན་པོ་སློབ་དཔོན་ཨ་ནུ་མཆོག་རྒྱ་གར་དུ་བསླབ་པ་སློབ་གཉེར་ཆེད་དུ་བརྫངས་ཏེ། བོད་ལ་ཕྱིར་འཁོར་ནས་བོད་ཡིག་གསར་བཟོ་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་རྣམས་བསྒྱུར་བར་མཛད་པའི་ཚུལ་ལོ་རྒྱུས་ནང་གསལ་བ་གཞིར་བཞག་པ་ནས་བརྩམས་ཏེ། བརྒྱ་ཕྲག་བཅོ་བརྒྱད་ཙམ་བར་ལོ་ངོ་ཆིག་སྟོང་ལྷག་གི་དུས་ཡུན་རིང་མོ་འདི་ཡི་ནང་རྒྱ་བོད་ཀྱི་ལོ་ཙཱ་བ་དང་པཎྜིཏ་བརྒྱ་ཕྲག་བརྒལ་བས་ངལ་བ་ཁྱད་དུ་བསད་ཅིང་དཀའ་བ་དང་དུ་བླངས་ཏེ་ཡུལ་དུས་གནས་སྐབས་ཐ་དད་ཀྱི་དཀའ་སྡུག་ཇི་ལྟར་ཆེ་མོད། བཟོད་བསྲན་དང་སེམས་ཤུགས་ལ་ཉམས་རྒུད་ཕྲ་མོ་ཙམ་ཡང་མེད་པར་ལྷག་བསམ་དཀར་པོས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་ཟབ་མོ་དམ་ཆོས་འདུལ་བའི་སྡེ་སྣོད་དང།  ཐེག་པ་ཆེ་ཆུང་གི་མདོ་སྡེའི་སྡེ་སྣོད།  གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང།  དེ་དག་ལ་རྗེས་འཇུག་མཁས་པ་རྣམས་ཀྱིས་བརྩམས་པའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་དང།  གཞན་ཡང་རྒྱ་གར་མཁས་པའི་གཞུང་སྒྲ་རིག་པ་གཙོས་པའི་གསོ་བ་རིག་པ་དང་བཟོ་རིག་པ་སོགས་རིག་གནས་ཆེ་ཆུང་གི་བསྟན་བཅོས་སོགས་ཆོས་ཚན་ལྔ་སྟོང་བརྒལ་བ་རྣམས་རྒྱ་གར་དང་། རྒྱ་ནག བལ་ཡུལ། ལི་ཡུལ་སོགས་ཀྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་བར་མཛད།

ལོ་པཎ་རྣམས་ཀྱིས་བསྒྱུར་བའི་གཞུང་དེ་དག་དཔེ་རྒྱུན་མི་ཉམས་པར་བདག་གཅེས་དང། བསྟན་པའི་རྒྱུན་སྲིད་མཐར་གནས་ཕྱིར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་རབས་དང་རིམ་པས་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྡེབས་པ་དེང་སང་གསུང་རབ་གླེགས་བམ་བརྒྱ་ཕྲག་གསུམ་ལྷག་ཙམ་མཇལ་དུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་ཞེས་བོད་གངས་ཅན་ལྗོངས་གཙོས་པའི་ཧི་མ་ལ་ཡའི་རི་བརྒྱུད་དུ་ཆགས་པའི་རྒྱ་གར་གྱི་ཡུལ་གྲུ་ཀུན་དང་།  དེ་བཞིན་འབྲུག བལ་པོ། སོག་པོ་སོགས་ཀུན་ལ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་བའི་ནོར་བུ་རིན་ཆེན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།

བཀའ་འགྱུར་དང་བསྟན་འགྱུར་གྱི་གོ་དོན།

དེ་ལྟར་བཀའ་འགྱུར་དང་བསྟན་འགྱུར་བཅས་གླེགས་བམ་བརྒྱ་ཕྲག་གསུམ་ལྷག་བརྒལ་བ་ཡོད་པ་ཡིན་མོད། ཆེས་ཐོག་མར་བཀའ་འགྱུར་དང་བསྟན་འགྱུར་ཅེས་གང་ལ་ངོས་འཛིན་ཞེ་ན། «སློབ་དཔོན་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ།»ལས། “སངས་རྒྱས་ཀྱི་གསུང་ཐེག་པ་ཆེ་ཆུང་གི་བཀའ་བོད་སྐད་དུ་བསྒྱུར་པ་རྣམས་ཕྱོགས་གཅིག་ཏུ་བསྡུས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་གོ་རིམ་དང་མཐུན་པར་བསྒྲིགས་ནས་གླེགས་བམ་དུ་བཞེངས་པ་ལ་བཀའ་འགྱུར། ཞེས་དང། དེའི་དགོངས་འགྲེལ་གྱི་བསྟན་བཅོས་དང་། གཞན་ཡང་རྒྱ་གར་ཁ་སྤུ་ཅན་གྱིས་མཛད་པའི་སྒྲ་ཚད་བཟོ་གསོ་བ་སོགས་རིག་པའི་གནས་ཀྱི་བསྟན་བཅོས་བོད་དུ་བསྒྱུར་པ་རྣམས་ཕྱོགས་གཅིག་ཏུ་བསྡུས། གོ་རིམ་བསྒྲིགས་ནས་གླེགས་བམ་དུ་བཞེངས་པ་ལ་བསྟན་འགྱུར་ཞེས་པའི་ཐ་སྙད་བཏགས་སོ། །”1ཞེས་གསུངས་པ་ལྟར་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་དོན་གསལ་པོར་གསུངས་ཡོད་པ་དེར་བླུན་པོ་བདག་གིས་འགྲེལ་བརྗོད་ཀྱིས་ལྕོགས་དཀའ་བས་མི་སྤྲོའོ།།

བཀའ་འགྱུར་དང་བསྟན་འགྱུར་བྲིས་མ་དང་། པར་མ། རྡོ་བརྐོས་ཀྱི་ངོ་སྤྲོད་རགས་བསྡུས།

དེ་ལ་དུས་རབས་བདུན་པའི་སྟོད་ནས་བརྩིས་པའི་བསྟན་པ་སྔ་དར་ནས་བཟུང་ལོ་པཎ་དག་གིས་བཀའ་དང་བསྟན་བཅོས་བསྒྱུར་འགོ་བརྩམས་པ་ནས་བཟུང། དུས་རབས་བཅུ་གཉིས་མཇུག་ཙམ་ཡན་ཆད་དུ་བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་རྣམས་དེ་སྔ་ཡུལ་གྲུ་སོ་སོར་བྲིས་མའི་རྣམ་པས་ཐོར་བུར་གནས་པ་ཙམ་ལས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་བྱས་མེད་པར་མངོན། དུས་རབས་བཅུ་གཉིས་ཙམ་ནས་དབུ་བཙུགས་ཏེ་སྐྱེས་བུ་དམ་པ་རྣམས་ཀྱིས་སྦྱིན་བདག་མཛད་པ་སོགས་མཐུན་རྐྱེན་དང་དུས་དང་གནས་སྐབས་ཐམས་ཅད་འཛོམས་པོ་བྱུང་བ་ནས་རིམ་པས་བཀའ་འགྱུར་དང་བསྟན་འགྱུར་ཡོད་དོ་ཅོག་བྲིས་མ་དང། པར་མ། རྡོ་བརྐོས་ཀྱི་ཚུལ་དུ་བྱུང་།  དེས་ན་གཤམ་དུ་ཁོ་བོས་བཀའ་བསྟན་བྲིས་མ་དང། པར་མ། རྡོ་བརྐོས་ཅི་བྱུང་གི་མཚན་བྱང་མདོར་བསྡུས་སུ་བཀོད་ན་ཕན་རླབས་ཆེར་མཐོང་བས་བྲི་བར་འཇུག་གོ།

བཀའ་འགྱུར་བྲིས་མ། ༡ འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་འགྱུར་གསེར་བྲིས་མ། ༢ སྣར་ཐང་བཀའ་འགྱུར། ༣ ཚལ་པའི་བཀའ་འགྱུར་གསེར་དངུལ་འདྲེས་མ། ༤ འབྲི་གུང་བཀའ་འགྱུར་གསེར་བྲིས། ༥ རྒྱལ་རྩེ་བཀའ་འགྱུར་ཐེམ་སྤང་མ་གསེར་བྲིས། ༦ གློ་བོ་བཀའ་འགྱུར། ༧ འབའ་ཐང་བཀའ་འགྱུར་གསེར་བྲིས་མ། ༨ ལྕགས་ལ་བཀའ་འགྱུར་གསེར་བྲིས། ༩ ཡངས་ཅན་བཀའ་འགྱུར་གསེར་བྲིས། ༡༠ བཙུན་མོ་སངས་རྒྱས་དཔལ་འཛོམས་ཀྱི་གསེར་བྲིས་བཀའ་འགྱུར། ༡༡ འབྲས་སྤུངས་བཀའ་འགྱུར་གསེར་བྲིས་མ། ༡༢ ལྷོ་རྫོང་བཀའ་འགྱུར། ༡༣ ཕུག་བྲག་བཀའ་འགྱུར། ༡༤ ཤེལ་དཀར་བཀའ་འགྱུར་གསེར་བྲིས་མ། ༡༥ འབྲུག་པ་བཀའ་འགྱུར་གསེར་བྲིས། ༡༦ ཕོ་ལྷ་བའི་གསེར་བྲིས་བཀའ་འགྱུར།

བསྟན་འགྱུར་བྲིས་མ། ༡ སྣར་ཐང་བསྟན་འགྱུར། ༢ ཚལ་པ་སྨོན་ལམ་རྡོ་རྗེའི་བསྟན་འགྱུར། ༣ ཞཱ་ལུ་བསྟན་འགྱུར། ༤ ཀརྨ་པ་རང་བྱུང་རྡོ་རྗེའི་བསྟན་འགྱུར་གསེར་བྲིས་མ། ༥ དཔལ་ངམ་རིངས་ཀྱི་བསྟན་འགྱུར། ༦ སྣེ་གདོང་གི་བསྟན་འགྱུར། ༧ གློ་བོ་བསྟན་འགྱུར། ༨ སྡེ་སྲིད་བསྟན་འགྱུར། ༩ ཕོ་ལྷ་བའི་བསྟན་འགྱུར་གསེར་བྲིས་མ། ༡༠ ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བཞེངས་པའི་བསྟན་འགྱུར། ༡༡ འབྲུག་པ་རྒྱལ་པོའི་གསེར་བྲིས་བསྟན་འགྱུར། བཅས་སོགས་བྱུང་བ་རྣམས2« བུ་ཕྲུག་དང་གཅན་རང་སད་ཀྱིས་བརྩམས་གནང་བའི་བཀའ་བསྟན་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང་།» ནང་བཀའ་བསྟན་བྲིས་མ་དེ་དག་གི་ངོ་སྤྲོད་རྒྱས་བསྡུས་འཚམ་པོ་དང། ལྷག་པར་བཀའ་བསྟན་བྲིས་མ་དེ་དག་གི་གཙོ་སྐྱོང་གནང་མཁན། ས་གནས་གང་དུ་བཞེངས་ཡོད་པ། བཞེངས་པའི་ལོ་རབས། པོད་གྲངས་དུ་ཡོད་པ་རྣམས་གསལ་བར་རེའུ་མིག་ལམ་ནས་ཀྱང་བཀོད་འདུག་པས་དེར་གཟིགས་ན་མཁྱེན་རྒྱའི་ཟེའུ་འབྲུ་འཕེལ་ངེས་ཡིན།

བཀའ་འགྱུར་པར་མ། ༡ གཡུང་ལོ་པར་མ། ༢ དབན་ལི་པར་མ། ༣ འཇང་པར་མ། ༤ པེ་ཅིན་པར་མ། ༥ ཅོ་ནེ་པར་མ། ༦ སྣར་ཐང་པར་མ། ༧ སྡེ་དགེ་པར་མ། ༨ རྭ་རྒྱ་པར་མ། ༩ ཕྱི་སོག་ཁུ་རེ་པར་མ། ༡༠ ཞོལ་པར་མ། ༡༡ ཝ་ར་པར་མ། ༡༢ ཆབ་མདོ་ཡབ་ཚང་པར་མ།

བསྟན་འགྱུར་པར་མ། ༡ པེ་ཅིན་པར་མ། ༢ སྣར་ཐང་པར་མ། ༣ སྡེ་དགེ་པར་མ། ༤ ཅོ་ནེ་པར་མ། བཅས་སོགས་ཀྱང་གོང་བཀོད་ཀྱི་དཔེ་དེབ་ཏུ། དེ་དག་གི་ངོ་སྤྲོད་རྒྱས་བསྡུས་འཚམ་པོའི་ངང་གཙོ་སྐྱོང་གནང་མཁན། ས་གནས། པར་བཞེངས་ལོ་རབས། པོད་གྲངས་རྣམས་རེའུ་མིག་དང་བཅས་བཀོད་འདུག་པས་འདིར་ཡིག་ཚོགས་ལ་འཇིགས་ཤིང་སྐབས་བབ་ཀྱི་བརྗོད་གཞི་དང་ཐད་ཀར་འབྲེལ་ཆེར་མེད་སྟབས་རྒྱས་སྤྲོས་མི་བྱ་བས་ཤེས་འདོད་ཀྱི་འདུན་པ་དྲག་པོ་མཆིས་ཚེ་དེར་གཟིགས་པར་འཚལ།

རྡོ་བརྐོས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། དེ་ལ་བོད་ལྗོངས་འདིར་གནའ་སྔ་མོའི་དུས་ནས་འགྲོ་བ་མིའི་རིགས་ཀྱིས་ཕན་ཚུན་ལ་བརྡ་འཕྲིན་གཏོང་བའམ་བརྗེད་ཐོ་འགོད་པའི་ཆེད་དུ་ཤིང་དང་རྡོའི་སྟེང་དུ་རི་མོའམ་ཡི་གེ་བརྐོ་བའི་སྲོལ་ཡོད། ལྷག་པར་ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་བོད་དུ་ནང་པའི་ཆོས་དར་ཁྱབ་ཆེན་པོ་བྱུང་བས། དགོན་པའི་བླ་སེར་དང་དད་ལྡན་ཁྱིམ་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་གནས་པ་དང། སེམས་ཅན་རྣམས་ལ་བདེ་སྐྱིད་འབྱུང་བ། རྐྱེན་ངན་བར་ཆད་བཟློག་པ། ཚོགས་བསགས་སྒྲིབ་སྦྱངས་བྱ་ཕྱིར་རྡོའི་སྟེང་དུ་གཟུངས་སྔགས་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྙན་བརྐོས་ནས་ཚོམ་བུར་རྡོ་འབུམ་སྤུངས་ཏེ་ཕྱག་དང་བསྐོར་བ་བྱེད་པའི་རྟེན་དུ་བཀུར་བའི་ལུགས་སྲོལ་ཞིག་ཆགས། དེ་ལྟར་རིམ་གྱིས་དད་ལྡན་མང་ཚོགས་ཁྲོད་རྡོ་རྗེ་གཅོད་པ་དང། ཤེས་རབ་སྙིང་པོ། མདོ་སྡེ་བསྐལ་བཟང་སོགས་རྡོ་ལ་བརྐོས་བའི་སྲོལ་དར་བ་དང། རིམ་བཞིན་བཀའ་འགྱུར་དང་བསྟན་འགྱུར་ཡང་རྡོ་ལ་བརྐོ་སྲོལ་བྱུང་བ་ཡིན། བོད་ལྗོངས་འདི་ལ་ཡང་བཀའ་བསྟན་རྡོ་བརྐོས་མ་གཅིག་དང་གཉིས་ཀྱི་ཚད་མ་ཡིན་པར་མང་པོ་ཡོད། དེ་དག་སུས་བཞེངས་པ་དང་ནམ་བཞེངས་པ། ཇི་ལྟར་བཞེངས་པ་རྣམས་གོང་བཀོད་ཀྱི་དཔེ་དེབ་ནང་གསལ་བར་གསུངས་འདུག་པས་དེར་གཟིགས་པའི་བཀའ་དྲིན་ཞུ་བ་དང། འདིར་ཁོ་བོས་དེ་དག་གིས་མཚན་བྱང་ཙམ་བཀོད་ན་གཤམ་གསལ་དུ།

བཀའ་བསྟན་རྡོ་བརྐོས་མ། ༡ སྤང་ཐོག་བཀའ་འགྱུར་རྡོ་བརྐོས་མ། ༢ རྫ་དཔལ་དགེའི་བཀའ་འགྱུར་དང་བསྟན་འགྱུར་རྡོ་བརྐོས་མ། ༣ རྩེ་ཁོག་གི་བཀའ་འགྱུར་དང་བསྟན་འགྱུར་རྡོ་བརྐོས་མ། ༤ མགོ་ལོག་དཔོན་སྐོར་གྱི་བཀའ་འགྱུར་རྡོ་བརྐོས་མ། ༥ དར་ཐང་དགོན་པའི་བཀའ་འགྱུར་རྡོ་བརྐོས་མ། ༦ མདོ་མང་དགོན་གྱི་བཀའ་འགྱུར་རྡོ་བརྐོས་མ། ༧ ཟླ་ཁོག་གི་བཀའ་འགྱུར་རྡོ་བརྐོས་མ། ༨ ཡ་ཏིའི་བཀའ་འགྱུར་རྡོ་བརྐོས་མ། ༩ དར་ལག་གི་བཀའ་འགྱུར་རྡོ་བརྐོས་མ། ༡༠ བརྡ་གཙང་གི་བཀའ་འགྱུར་རྡོ་བརྐོས་མ། ༡༡ ལྕགས་པོ་རིའི་བཀའ་འགྱུར་རྡོ་བརྐོས་མ་ལ་སོགས་པ་ཡིན་ནོ།།

སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར།

སྡེ་དགེའི་བཀའ་འགྱུར། སྡེ་དགེའི་བཀའ་འགྱུར་རིན་པོ་ཆེ་ནི་ད་བར་བརྩི་མཐོང་ཆེན་པོ་གནང་དང་གནང་མུས་ཡིན་པ་ནི་གཙོ་བོ་དཔར་མ་འདིའི་སྤུས་ཚད་དང་དག་གསལ་ལ་རག་ལས་ཡོད། དེ་ཡང་བཀའ་འགྱུར་འདིའི་སྦྱིན་བདག་གཙོ་བོ་མདོ་སྟོད་སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ཡིན། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར་ས་སྐྱོང་བསོད་ནམས་ཕུན་ཚོགས་ཀྱི་སྐུའི་གཅུང་པོ་དབང་ཆེན་མགོན་པོ་དང། ཡུམ་ཨོ་རྒྱན་མཚོ་གཉིས་ལ་སྲས་གཉིས་བྱུང་བའི་ཐ་ཆུང་དེ་ཡིན། ཆུང་དུས་ནས་ཆོས་དང་རིག་གནས་ཐམས་ཅད་ལ་སློབ་གཉེར་གནང་བས་མཁས་པར་ཆགས། ཕྱི་ལོ་ ༡༧༡༤ ལོར་ཆོས་རྒྱལ་བསོད་ནམས་ཕུན་ཚོགས་སྐུ་གཤེགས་པ་དང་སྡེ་དགེའི་རྒྱལ་སྲིད་མངའ་ཐང་ཐུགས་འགན་བཞེས། དགེ་རྩེ་དང་།  ཁྲོམ་ཐར། ལྷོ་ཁོག་སོགས་འབྲོག་སྡེ་མང་པོ་ཞིག་མངའ་འོག་ཏུ་བསྡུས་པ་དང། དཔལ་སྤུངས་སོགས་དགོན་ཆེན་བཅུ་བདུན་ཙམ་གསར་བཞེངས་ལེགས་པར་གྲུབ་ཡོད། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་མཛད་རྗེས་ནི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་བ་དེ་ཡིན། པར་ཁང་འདི་ནི་མིག་སྔར་འཛམ་གླིང་ཐོག་པར་ཤིང་མང་ཤོས་དང། གྲུབ་མཐའ་རིས་མེད་ཀྱི་གསུང་རབ་ཆ་ཚང་ཤོས་ཀྱི་པར་ཁང་ཨང་དང་པོ་ཞིག་ཆགས་ཡོད།

དེ་ཡང་ཆོས་རྒྱལ་ཁོང་གིས་པར་ཁང་ཆེན་མོ་འདི་ཉིད་གསར་བཞེངས་བྱ་བའི་ཐུགས་དགོངས་དང་རྒྱུ་རྐྱེན་གང་ལ་བརྟེན་ནས་བཞེངས་ཡོད་པའི་ལོ་རྒྱུས་དུམ་བུ་ཞིག་ཡིག་ཚོགས་ལ་འཛེམ་པ་མེད་པར་འདིར་བྲི་བར་འཇུག་གོ །«དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས་དཔྱད་ཡིག»ལས། “ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བློ་དཀོན་མཆོག་ལ་གཏད། ལས་རྒྱུ་འབྲས་ལ་ཡིད་ཆེས། ཆོས་སྐྱོང་སྲུང་མ་ལ་ཕྲིན་ལས་བཅོལ། གཞན་ཕན་གྱི་བསམ་པས་མངའ་འབངས་བདེ་བར་བཀོད་པའི་ཐབས་ཤེས་ཐུགས་བསམ་གཏོང་བཞིན་པའི་ཚེ། ཉིན་ཞིག་ཁོང་ཕོ་བྲང་འོག་གི་དེའུ་འབུར་དེའི་གཤམ་ལ་ཆབ་གསང་གནང་བཞིན་པའི་སྐབས་དེར། གློ་བུར་དུ་དེའུ་འབུར་དེའི་རྒྱབ་ནས་བྱིས་པ་ཞིག་གིས་དཔེ་ཆ་ཀློག་པའི་སྒྲ་ཐོས། ཁོང་གིས་དེའུ་འབུར་དེར་བསྐོར་བ་བྱས་ནས་གཟིགས་བསྐོར་གནང་ནའང་དཔེ་ཆ་ཀློག་པའི་བྱིས་པ་ཞིག་མ་རྙེད། དེ་ནས་བསྟུད་མར་ཉིན་ཤས་ཞིག་ཡི་གེ་ཀློག་པའི་བྱིས་པ་དེའི་སྒྲ་སྐད་ཐོས་རྐྱེན་གྱིས་མཚན་མོ་གཟིམ་ཡང་མ་ཁུག་པར་དོན་དེ་ལ་བསམ་གཞིགས་གནང་སྐབས། རྒྱལ་བའི་བཀའ་བསྟན་གཙོས་པའི་མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་རྣམས་པར་དུ་བཏབ་སྟེ་བོད་ཁམས་ཡོངས་ལ་འགྲེམས་སྤེལ་བྱེད་ནུས་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེར་ཡོང་པར་དགོངས་ནས་པར་ཤིང་བརྐོ་རྒྱུ་དང༌། པར་ཁང་བཞེངས་རྒྱུའི་ཐུགས་བསམ་འཁྲུངས་པ་དང་དུས་མཚུངས་སུ། འབྲི་ཆུའི་ནུབ་བརྒྱུད་ཐང་ཕུག་གྲོང་པའི་ནང་སྡེ་དགེ་ཚང་གི་ཁྲལ་པ་ལྷ་དབང་ཟེར་བ་ཞིག་ཡོད་པ་དེ་ཁོང་ཆུང་དུས་ནས་ཡི་གེ་འབྲི་ཀློག་ལ་དགའ་བ་ཞིག་ཡིན། ནུབ་གཅིག་གི་རྨི་ལམ་དུ་ཤོག་བུའི་ཐོག་བྲིས་པའི་ཡི་གེ་རྣམས་ཤིང་ལེབ་ཤིག་ཏུ་སྦྱར་ནས་ཤོག་བུ་མར་བཀོག་པ་དང༌། ཡི་གེ་ཐམས་ཅད་ཤིང་ལེབ་ཀྱི་ངོས་སུ་དོད་ཡོད་པ་རེད། ཁོས་ཤིང་ལེབ་ཐོག་གི་ཡི་གེ་རྣམས་ཡལ་དུ་དོགས་ནས་མྱུར་དུ་གྲི་རྩེས་ཡི་གེ་རྣམས་ཤིང་ལེབ་ངོས་སུ་བརྐོས་པར་རྨིས། རྐྱེན་དེ་ལ་བརྟེན་ནས་ཁོས་པར་ཤིང་གང་འཚམས་ཤིག་བརྐོས་ཡོད་པ་རེད། རྗེས་སུ་སྡེ་དགེ་རྒྱལ་པོས་པར་ཤིང་བརྐོ་རྒྱུ་དང༌། པར་ཁང་བཞེངས་རྒྱུ་བཅས་ཀྱི་ཐུགས་བཞེད་ཡོད་ཚུལ་རྣམས་ཐོས་པ་དང༌། ལྷ་དབང་ཁོ་རང་གིས་ལོ་མང་རིང་བསགས་པའི་པར་ཤིང་རྣམས་གཡག་ལ་བཀལ་ཏེ་སྡེ་དགེ་རྒྱལ་པོའི་མདུན་དུ་ཕུལ་བར་ཡོང་བའི་སྐབས། སྡེ་དགེ་རྒྱལ་པོས་བསུ་བ་སེར་ཕྲེང་བསྒྲིགས་ནས་དགའ་བསུའི་མཛད་སྒོའི་ཁྲོད་དུ་གཡག་རྣམས་འདྲོགས་ཏེ་པར་ལེབ་རྣམས་དེའུ་འབུར་དེའི་གཡས་གཡོན་དུ་གཏོར། ལྷ་དབང་གིས་པར་ཤིང་རྣམས་བསྡུ་རུབ་བྱེད་སྐབས། སྡེ་དགེ་རྒྱལ་པོས།  པར་ཤིང་རྣམས་རེ་ཞིག་ཡར་མ་བསྡུ། དེ་བཞིན་འདིར་འཐོར་དུ་ཆུག ངས་རྗེས་མ་འདིར་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་པའི་རྟེན་འབྲེལ་ཡོད། ཅེས་གསུངས་པ་རེད། པར་ལེབ་དེ་རྣམས་ད་ལྟའང་སྡེ་དགེའི་དཔར་ཁང་ནང་བཞུགས་ཡོད། དེ་རྗེས་པར་ཁང་བཞེངས་ནས་དེའུ་འབུར་དེ་ས་སློག་སྐབས་གསེར་ལུག་གི་མགོ་ཙམ་ཞིག་རྙེད་པ་དེ་དཔར་ཁང་བཞེངས་རྒྱུའི་མ་རྩ་བྱས་པ་རེད་ཟེར། ”3ཞེས་གསུངས་པ་ལྟར་རོ།།

ད་ནི་སྡེ་དགེ་བཀའ་འགྱུར་ཇི་ལྟར་བཞེངས་ཤེ་ན། བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ་ ༡༧༢༩ ལོར་མདོ་སྟོད་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་ ༡༦༧༨-༡༧༣༨ མཆོག་ནས་སྦྱིན་བདག་མཛད། བཀའ་འགྱུར་འདི་ཡི་མ་ཕྱི་གཙོ་བོ་ནི་ལི་ཐང་ཚལ་དཔར། སྒ་ཨ་གཉེན་པཀྵིའི་ཐུགས་དམ་རྟེན་གྱི་བཀའ་འགྱུར་ཐེམ་སྤངས་མ། མདོ་སྟོད་ལྷོ་རྫོང་དུ་བཞེངས་པའི་བཀའ་འགྱུར་བྲིས་མ་4སོགས་དཔེ་རྒྱུན་རྙིང་པ་ཁུངས་བཙན་འགའ་ཞིག་ལ་བསྟེན་པ་ཡིན། བཀའ་འགྱུར་འདི་ཡི་ཞུ་དག་བཅོས་སྒྲིག་གནང་མཁན་གཙོ་བོ་སི་ཏུ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས་ ༡༧༠༠-༡༧༧༤ ཀྱིས་འགན་བཞེས་པ་ཡིན།

དེ་ལ་ཡང་སི་ཏུ་མཆོག་གིས་ཇི་ལྟར་ཞུས་དག་གཙོ་སྐྱོང་གནང་ཡོད་པ་ནི། «སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ་ལས།» “སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་ལྕགས་ཁྱི་ ༡༧༣༠ ལོའི་ཟླ་བ་གཉིས་པའི་ཚེས་གཅིག་ནས་དབུ་བརྩམས་ཏེ་ལི་ཐང་ཚལ་པར་དུ་ཤོག་བུ་གོང་འོག་འཁྲུགས་པ་དང། ཆད་ལྷག་གི་སྐྱོན་ཕྲན་བུ་ཡོད་པ་རྣམས་ལྷོ་རྫོང་བཀའ་འགྱུར་ལ་བརྟེན་ནས་དག་པར་བཅོས། ལི་ཐང་དུ་མ་བཞུགས་པའི་མདོ་རྒྱུད་ཚད་ལྡན་འགའ་ཞིག་ལྷོ་རྫོང་བཀའ་འགྱུར་དང་གཞན་ནས་རྙེད་པའང་སྡེ་དགེར་བསབས་ཚུལ་སྡེ་དགེའི་དཀར་ཆག་ཏུ་གསུངས། ”5ཞེས་སོགས་དང། “མདོར་ན་བྱེ་བྲག་རྟོགས་བྱེད་ཆེན་མོ་དང། སྒྲ་སྦྱོར་བམ་པོ་གཉིས་པ། ཐོན་མིའི་སུམ་རྟགས། སྨྲ་སྒོ་མཚོན་ཆའི་རྩ་འགྲེལ་སོགས་དང་བསྟུན་ཏེ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དག་བཅོས་མཛད་པ་བཞིན་དུ་བློ་གསལ་གཞན་དག་གིས་ལན་མང་དུ་བསྒྲགས་ནས་ཞུས་དག་ལེགས་པར་བགྱིས་ཤིང་དོགས་གནས་ཆེ་བ་རྣམས་དཔྱིས་ཕྱིན་པར་སི་ཏུ་རང་གིས་གཏན་ལ་ཕབ། ”6ཅེས་སོགས་བྱུང་བ་དང། ལྷག་པར་སྔགས་ཕྱོགས་ཀྱི་འགྱུར་ཕལ་ཆེ་བ་རྒྱ་དཔེ་གཞིར་བཟུང་གིས་དག་བཅོས་གནང་ཡོད་པར་སི་ཏུས་སྡེ་དགེའི་དཀར་ཆག་ཏུ་གསུངས་ཡོད་སྐད། མདོར་ན་ས་བྱ་སྟེ་ཕྱི་ལོ་ ༡༧༢༩ ལོར་པར་ལས་དངོས་གཞི་དབུ་བཙུགས་ནས་བཟུང། ཡིག་བྲིས་པ་དྲུག་ཅུ་ལྷག་ཙམ་དང། པར་དུ་བརྐོས་པ་བཞི་བརྒྱ་ལྷག ཞུས་དག་པ་བཅུ་སྐོར། ཤིང་བཟོ་བ། ཤོག་བུ་མཁན་པོ། སྣག་ལས་པ་སོགས་ལས་ཚན་ཤིན་ཏུ་མང་པོ་དག་དང་། ཞུས་དག་མཁན་པོ་རྣམས་ཀྱིས་བགྲང་བྱ་ལྔའི་རིང་ངལ་བ་བརྒྱ་དང་བརྩོན་པ་སྟོང་གིས་ཆུ་གླང་སྟེ་ཕྱི་ལོ་ ༡༧༣༣ ལོར་ལེགས་པར་བསྒྲུབས་པ་ཡིན་ནོ།།

བཀའ་འགྱུར་འདིའི་ཆོས་ཀྱི་རྣམ་གྲངས་ཀྱི་གོ་རིམ་ནི་ཚལ་པ་བཀའ་འགྱུར་གཙོ་བོར་བཟུང་ནས་ཡོད་པ་གཤམ་དུ་གསལ།

ཨང།     སྡེ་ཚན།                                         པོད་རྟགས།                  པོད་གྲངས།

༡        འདུལ་བ།                                        ཀ-པ                       ༡༣

༢        ཤེར་ཕྱིན།

         ༡        འབུམ།                                 ཀ-ན (ཨ)                  ༡༢      

         ༢        ཉི་ཁྲི།                                   ཀ-ག                       ༣

        ༣       ཁྲི་བརྒྱད་སྟོང་པ།                         ཀ-ག                       ༣

        ༤       ཤེས་རབ་ཁྲི་པ།                         ག-ང                        ༡

         ༥        བརྒྱད་སྟོང།                             ཀ                           ༡

         ༦        ཤེར་ཕྱིན་སྣ་ཚོགས།                     ཀ                           ༡

༣       ཕལ་ཆེན།                                       ཀ-ང (ཨ)                   ༤

༤       དཀོན་བརྩེགས།                                 ཀ-ཆ                       ༦

༥       མདོ་སྡེ།                                         ཀ-ཨཿ                      ༣༢

༦       རྒྱུད་འབུམ།                                     ཀ-ཝ                       ༢༠

༧       རྙིང་རྒྱུད།                                       ཀ-ག                        ༣

༨        དུས་འཁོར་འགྲེལ་ཆེན།                          ཤྲཱི                           ༡

༩        གཟུངས་འདུས།                                 ཨེ-ཝཾ                       ༢

༡༠      དཀར་ཆག                                                                   ༡

ཁྱོན་བསྡོམས་པོད་གྲངས། ༡༠༣7བཅས་པོད་གྲངས་ཁྱོན་བསྡོམས་བརྒྱ་དང་གསུམ་དུ་ཡོད། ཕྱི་ལོ་ ༡༧༣༤ ལོར་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་དམ་པའི་ཆོས་ཀྱི་འབྱུང་གནས་ (༡༧༠༠-༡༧༧༤) ཀྱིས་མཛད་པའི་བཀའ་འགྱུར་འདིའི་དཀར་ཆག་ནི། «བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པར་དུ་བསྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་ཕྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང། » ཞེས་བྱ་བ་འདི་ལགས་སོ།།

དེ་ཡང་ཕྱིས་སུ་སྡེ་དགེ་བཀའ་འགྱུར་ལ་གསར་འགྱུར་ཆོས་ཚན་མི་ཉུང་བ་ཞིག་ཁ་བསྣོན་མཛད་ཡོད་དེ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་སི་ཏུ་པཎ་ཆེན། བུ་སྟོན་སོགས་ཀྱིས་བསྒྱུར་བའི་ཆོས་ཚན་དག་པོད། «ཅ» «ན» «བ» « ཚ» རྣམས་སུ་ཡར་བཅུག་བགྱིས་ཏེ་པར་ཤིང་གསར་བརྐོས་མཛད་པ་ཡིན། གསར་འགྱུར་མཛད་པའི་ཆོས་ཚན་འདི་དག་བཀའ་འགྱུར་གྱི་དཔེ་གཞན་དག་གང་དུའང་བཞུགས་མེད་པ་ཡིན་ནོ།།

ཕྱི་ལོ་ ༡༩༧༦ ནས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ ༡༩༢༤-༡༩༨༡ མཆོག་གིས་རྒྱལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་གོང་འཕེལ་དང་སླར་གསོའི་ཐུགས་བཞེད་ཟབ་མོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྡེ་དགེ་བཀའ་འགྱུར་ཆ་ཚང་པར་གྲངས་ལྔ་བརྒྱ་ཙམ་བརྙན་པར་དུ་བསྐྲུན་གནང་མཛད་པ་དག་དགོན་སྡེ་ཁག་ལ་ཆོས་སྦྱིན་མཛད། དེའི་ནང་དུ་ཡང་གོང་གི་གསར་འགྱུར་གྱི་ཆོས་ཚན་རྣམས་མེད་སྟབས། མ་དཔེ་གཙོ་བོ་སྡེ་དགེ་བཀའ་འགྱུར་རྙིང་པར་གཞིར་བྱས་པ་ཡིན་ཞིང། དེ་བཞིན་ཕྱི་ལོ་ ༡༩༨༠-༡༩༨༡ བར་དར་ཐང་སྤྲུལ་སྐུ་ཀུན་དགའ་རིན་པོ་ཆེས་ཨ་མི་རི་ཀར་སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར་བརྙན་པར་དེབ་གཟུགས་སུ་པར་བསྐྲུན་མཛད་པ་དེའི་ནང་གོང་གི་གསར་འགྱུར་ཆོས་ཚན་རྣམས་མཐོང་སྐལ་ཡོད་དོ།།

སྡེ་དགེ་བསྟན་འགྱུར། བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ ༡༧༣༧ ལོར་སྡེ་དགེ་ས་སྐྱོང་ཆེན་པོ་བསྟན་པ་ཚེ་རིང་ «༡༦༧༨-༡༧༣༨» མཆོག་གིས་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་ལྟར་བསྟན་འགྱུར་པར་གཞི་བསྐྲུན་རྒྱུའི་ལས་འགོ་བརྩམས། བསྟན་འགྱུར་འདིའི་མ་ཕྱི་གཙོ་བོ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་བསྟན་འགྱུར་བྲིས་མ་དང། འགྲོ་མགོན་འཕགས་པའི་ཐུགས་སྲས་སྒ་ཨ་གཉན་དམ་པས་བཞེངས་པའི་བསྟན་འགྱུར་བྲིས་མ་དང། ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་གྱི་རྟེན་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་གནང་བའི་བསྟན་འགྱུར། ཆོས་རྒྱལ་རང་ཉིད་ཀྱིས་སྦྱིན་བདག་མཛད་ནས་བཞེངས་པའི་དངུལ་བྲིས་ཀྱི་བསྟན་འགྱུར། གཞན་ཡང་གསར་དུ་རྙེད་པའི་ཆོས་ཚན་རྣམས་གཙོ་བོར་བཟུང་ནས་པར་དུ་བཞེངས་པ་ཞིག་ཡིན།

དེ་ཡང་བསྟན་འགྱུར་པར་བརྐོ་འགོ་བཙུགས་བྱས་ནས། པོད་བདུན་ཙམ་ཚར་མཚམས་སུ་ཆོས་རྒྱལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པས། དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་བའི་སྡེ་དགེ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་ཡོངས་སུ་གྲགས་པ་དེས་པར་རྐོའི་ལས་མཇུག་མཐར་ཕྱིན་པར་བསྐྱངས་ཏེ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༧༤༤ ལོར་ལེགས་གྲུབ་བྱུང་ནས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་རུ་བཞུགས་པ་ལ་སྡེ་དགེ་པར་མའི་བསྟན་འགྱུར་ཞེས་ཡོངས་སུ་གྲགས།

བསྟན་འགྱུར་འདི་ཉིད་མ་ཕྱི་དང་མཚུངས་བསྡུར་རབས་དང་རིམ་པ་དུ་མ་བྱས། དེ་ལ་«སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ་ལས།»“ཞུ་ཆེན་དཀར་ཆག་ཏུ་གསལ་བ་ལས་སྡེ་དགེ་བསྟན་འགྱུར་གྱི་མདོ་ཕྱོགས་ཀྱི་སྐོར་རྣམས་སྒ་ཨ་གཉན་དམ་པའི་བསྟན་འགྱུར་གཙོ་བོར་བཟུང་བ་དང། མཚན་ཉིད་ཀྱི་སྐོར་རྣམས་སི་ཏུ་རིན་པོ་ཆེའི་བསྟན་འགྱུར་གཙོ་བོར་བཟུང། སྔགས་ཕྱོགས་ཀྱི་སྐོར་རྣམས་སི་ཏུའི་བསྟན་འགྱུར་གཙོ་བོ་དང་སྒ་ཨ་གཉན་གྱི་བསྟན་འགྱུར་ལ་ཡང་བསྟུན། བརྡ་སྤྲོད་དང་རིག་པའི་གནས་གཞན་རྣམས་གཙོ་བོར་སི་ཏུ་རིན་པོ་ཆེའི་བསྟན་འགྱུར་གྱི་དཔེ་དང་བསྟུན་ནས་དག་བཅོས་ཇི་ལྟར་བྱས་པའི་ཚུལ་ཤེས་སོ། །”8ཞེས་གསུངས་པ་ལྟར་རོ།།

སྡེ་དགེ་བསྟན་འགྱུར་ཐོག་མར་པོད་གྲངས་ ༢༠༩ ཡོད་པ་ལ་ཕྱིས་པོད་ «ཐོ» « དོ» «ནོ» «པོ» བཞི་ཁ་སྐོང་མཛད་དེ་པོད་གྲངས་ ༢༡༣ བཞུགས་པ་དང། དཀར་ཆག་པོད་ ༡ བརྩིས་པའི་པོད་གྲངས་ ༢༡༤ ཡོད་པ་ཡིན། བསྟོད་ཚོགས་པོད་ ༡ རྒྱུད་ཀྱི་སྐོར་ལ་པོད་ ༧༨ མཚན་ཉིད་ཐེག་པའི་སྐོར་པོད་ ༡༣༣ ཇོ་བོ་ཆོས་ཆུང་པོད་ ༡ དཀར་ཆག་པོད་ ༡ ཁྱོན་བསྡོམས་པས་པོད་གྲངས་ ༢༡༤ ཡོད་པ་ཡིིན། དེ་ལ་མཁས་དབང་ཚུལ་ཁྲིམས་རིན་ཆེན་གྱིས་བསྟན་འགྱུར་འདིའི་ཞུས་ཆེན་མཛད་པ་དང། དེའི་དཀར་ཆག་ཏུ། «ཀུན་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་དགོངས་དོན་རྣམས་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ།»ཞེས་བྱ་བ་ཕྱི་ལོ་ ༡༧༤༤ ལོའི་མགོ་སྟོད་ཙམ་དུ་ལེགས་པར་བརྩམས་གནང་བའོ།།

སྡེ་དགེ་པར་མའི་ཁྱད་ཆོས་སུ་ཡོད་པའི་གླེགས་བམ་ཐམས་ཅད་ཀྱི་དབུ་ཁང་གཡས་གཡོན་དུ་སྐུ་བརྙན་བཞུགས་ཡོད་པ་ཡིན། དེ་ལ་བསྟོད་པའི་ཚོགས་དང། རྒྱུད་སྡེའི་སྐོར། མཚན་ཉིད་ཐེག་པའི་སྐོར། བརྡ་སྤྲོད་ཀྱི་སྐོར་སོགས་ཆོས་ཚན་སོ་སོ་དང་འབྲེལ་བའི་དེ་དག་ལ་མཛད་རྗེས་དང་བཀའ་དྲིན་ཆེ་བའི་སློབ་དཔོན་དང་ལོ་པཎ། དེ་བཞིན་ཆོས་རྒྱལ་སོགས་ཀྱི་སྐུ་བརྙན་དུ་མས་བརྒྱན་ནས་ཡོད། དེ་ལ་ཡང་«བཀའ་བསྟན་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང་།»ལས། “བསྟན་འགྱུར་འདི་ནི་པར་གཞི་གཞན་དག་ལས་ཆ་ཚང་ཞིང་ཡིག་ནོར་ཤིན་ཏུ་ཉུང་ཞིང་སྒྲིག་རིམ་ཚགས་དམ་པ་དང། པར་གཞིའི་བཀོད་པ་ལེགས་ལ་དབུ་ལྷ་རྣམས་ཀྱི་བྲིས་བརྐོས་སྒྲོས་པ། ཡིག་གཟུགས་གསལ་ཞིང་མཛེས་པས། མཇལ་བ་ཙམ་གྱིས་བོད་ཀྱི་པར་རྐོའི་ལག་རྩལ་གྱི་ཆུ་ཚད་རྟོགས་ཐུབ་པར་མ་ཟད། ཀློག་པ་པོའི་མིག་དབང་ལ་བདེ་བ་མི་ཟད་པ་བསྐྱེད་ནུས་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དུ་ཡོད་པས་བོད་ཀྱི་ཡུལ་གྲུ་ཁག་ལ་དར་ཁྱབ་ཤིན་ཏུ་ཆེ།”9 ཞེས་གསུངས་པ་ལྟར་བཀའ་བསྟན་པར་མ་དང་བྲིས་མ་གཞན་དག་ལས་རྨད་བྱུང་ཁྱད་འཕགས་ཀྱི་ངོ་བོར་གནས་ཡོད་པས་ཕྱིས་བྱུང་གི་པར་མ་དག་གིས་ཕྱི་མོ་གཙོ་བོར་གྱུར།

སྡེ་དགེའི་བཀའ་བསྟན་པར་མ་འདི་གཞན་དག་དང་མ་འདྲ་བར་ཁྱད་ཆོས་དུ་མ་ལྡན་ཡོད་པ་ནི། གཙོ་བོ་ལས་རིགས་ཀྱི་གླ་ཕོགས་སྤྲོད་ཚུལ་གྱི་ལམ་ལ་རག་ལས་ཡོད་པ་མཁས་པ་ཕལ་ཆེར་ཞལ་མཐུན། དེ་ཡང་«མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བརྩམས་གནང་བའི་བོད་ཀྱི་དཀར་ཆག་རིག་པ།»ལས། “སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་པར་སྐྲུན་བྱེད་སྐབས་ལས་རིགས་ཁག་གི་གླ་ཕོགས་ཀྱི་གནས་ཚུལ་ནི། དབུས་གཙང་གཉིས་དང་མི་འདྲ་བར་ལས་རིགས་ཁག་ཚང་མར་སོ་སོའི་ལས་ཀའི་གྲུབ་ཚད་གཞིར་བཟུང་ནས་ལས་གླ་སྤྲོད་པ་མ་གཏོགས། ཉིན་གླ་སྤྲོད་སྲོལ་མེད་པ་དེ་ནི་ལས་ཀར་ལས་ཆོད་ཆེ་ཞིང་དཔལ་འབྱོར་ཐོག་སླེབས་ཚེ། འགྲོ་གྲོན་ཆུང་བ་ཡོང་བའི་བྱ་ཐབས་བཟང་པོ་ཞིག་རེད་འདུག། གླ་ཕོགས་སྤྲོད་སྐབས་འབྲུ་རིགས་ཁལ་གྲངས་དང་ནས་འདོང་གྲངས་ཚད་ཇི་ཙམ་ཐོབ་པ་ལྟར་སྤྲོད་ཀྱི་ཡོད་ལ། འབྲུ་རིགས་ཀྱི་འཇལ་བྱེད་ཀྱང་དབུས་གཙང་གི་བྲེ་དང་མི་འདྲ་བར་ནས་འདོང་རེ་10གཞིར་བཟུང་ནས་གླ་རྩིས་བྱེད་ཀྱི་ཡོད། ”11ཅེས་གསུངས་པ་ལྟར་ལས་རིགས་ཁག་ལ་ཉིན་གླ་མིན་པར་ལས་ཀའི་གྲུབ་ཚད་དང་སྤུས་ཚད་ལ་དཔགས་ནས་གླ་ཕོགས་སྤྲད་ཡོད་པས་པར་བརྐོས་ཀྱང་སྤུས་དག་ཅིག་བསྒྲུབས་ཡོད་པ་ཡིན། དེ་ཡང་བཀའ་བསྟན་པར་མ་འདི་ཙམ་མ་ཡིན་པར་པར་མ་ཁག་གཞན་རྣམས་ཀྱི་ལས་རིགས་རྣམས་ལ་གླ་ཕོགས་གང་དང་ག་ཚོད་ཕུལ་ཡོད་པ་རྣམས་ཀྱང་གོང་བཀོད་ཀྱི་དཔེ་དེབ་ནང་རེའུ་མིག་ལམ་ནས་གསལ་བར་བཀོད་འདུག་པས་རེ་ཞིག་འདིར་རྒྱས་སྤྲོས་མི་བྱ་བར་ཐུགས་བརྩེ་ཡངས་པོས་དེར་གཟིགས་པར་འཚལ་ལོ།།

མཐའ་མཇུག་གི་གཏམ།

དེ་ལྟར་དུས་རབས་བདུན་པ་ནས་བཟུང་ད་བར་རང་ཅག་གངས་རི་ར་བས་བསྐོར་བའི་བོད་ལྗོངས་བསིལ་ལྡན་གྱི་ཞིང་ཁམས་འདིར་དགུང་གི་ཉི་ཟླ་སྐར་གསུམ་དང་མཚུངས་པའི་ལོ་པཎ་དུ་མས་བཀའ་དྲིན་དང་དཀའ་སྡུག་དྲག་པོས་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་སླད། གཞལ་དུ་མེད་ཅིང་རིན་བྲལ་གྱི་ནོར་བུ་རིན་པོ་ཆེ་དངོས་ལྟ་བུ་དམ་པའི་ཆོས་རིན་པོ་ཆེ་ཐམས་ཅད་ཅི་བདེ་ཅི་དགར་ལོངས་སུ་སྤྱོད་ཆོག་ཆོག་བྱས་ནས་ཐམས་ཅད་བོད་སྐད་དུ་བསྒྱུར་ཡོད་པས། གདོང་དམར་བ་དག་གིས་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཅིང། ལྷག་པར་ཡུལ་ལུང་གང་དུའང་སྟོན་པའི་དམ་ཆོས་ཆ་ཚང་བ་ཞིག་མེད་ལ། ཡོད་པ་ནི་བོད་ཀྱི་སྐད་ཡིག་ཁོ་ནའི་སྟེང་ཡིན་པ་ཤེས་པའི་ཐོག་ནས་ལེ་ལོ་དང་གཡེང་བའི་འོག་ཏུ་མ་ལུས་པར་བརྩོན་པ་དང་འདུན་པ་དྲག་པོས་དུས་དང་རྣམ་པ་ཀུན་ཏུ་བཀའ་བསྟན་གྱི་གཞུང་ལུགས་རྣམས་ཐོས་བསམ་སྒོམ་གསུམ་གྱི་ཞགས་པས་འཆིང་དགོས་པ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཡིན་ལ། ཀུན་ཀྱང་རང་ཉིད་བདེ་བ་འདོད་པ་ཤ་སྟག་ཡིན་པས། བདེ་བའི་མཆོག་འཐོབ་བྱེད་ཀྱི་ལམ་ཚང་ལ་མ་ནོར་བ་ནི་དམ་ཆོས་འདི་ཉིད་ཡིན་པས་ཡང་དང་བསྐྱར་དུ་དཔེ་ཀློག་བྱ་དགོས་སོ།།

བློ་དམན་བདག་གིས་མ་ཤེས་ཤེས་རློམ་གྱིས་ཇི་ལྟར་སྤྱང་ཀིས་སེང་ལྤགས་གྱོན་པ་ལྟར་རང་ནུས་གང་ཐུབ་ཀྱིས་བྲིས་པའི་རྩོམ་ཡིག་ཐུང་ངུ་འདིའི་ནང། ཚིག་ནོར་དང་ཚིག་སྐྱོན། དོན་འགལ་དང་དོན་འཁྲུལ་སོགས་མ་དག་པའི་ཆ་དུ་མ་ཡོད་པ་ནི་སྨོས་ཅི་དགོས། དེས་ན་བདག་གིས་སོར་བཅུའི་འདབ་མ་སྙིང་ཁར་བཀོད་དེ་ཞུ་བར། བློ་གཟུ་བོར་གནས་པའི་མཁས་ཚོགས་རྣམས་ཀྱིས་ཐུགས་བརྩེ་ཡངས་པའི་ལྕགས་ཀྱུ་དང་ཤེས་བྱའི་སྒྲོན་མེས་བདག་མུན་གླིང་ལས་ཐར་པའི་ལམ་སྟོན་དང་མཛུབ་འཁྲིད་ཅི་ནས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞུ་མཁྱེན་མཁྱེན།

སླར་སྨྲས་པ།

དམ་ཆོས་སྙིང་པོ་བཀའ་དང་བསྟན་བཅོས་སྔར་གྱི་ལོ་པཎ་བཀའ་དྲིན་ལས།།
བདག་ཅག་སློབ་འབངས་ཚོགས་ཀྱིས་དམ་ཆོས་གསུང་གི་བདུད་རྩི་ཟབ་མོ་འདིའི།།
ལོ་རྒྱུས་ཟབ་མོ་ལྟ་ཀློག་བྱས་ཏེ་བྲིས་པའི་རྩོམ་ཡིག་ཐན་ཐུན་འདིར།།
ལེགས་བཤད་མཆིས་ན་བློ་གསར་བུང་བས་དགའ་བདེའི་ཀློང་ནས་རོལ་བར་ཤོག།།

  1. བཅོམ་ལྡན་འདས་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་དང་།  དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་ཀྱི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་ཕུང་བསྡུ་སྒྲིག་དང་གླེགས་བམ་དུ་བྲིས་བཞེངས་རྒྱུན་སྤེལ་ཇི་ལྟར་མཛད་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ། སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན། ༢༠༡༥ ཤོག་ངོས་ ༣༡༤ ཡིག་ཕྲེང་དང་པོ།
  2. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ཕྱི་ལོ་ ༢༠༡༢ ལོའི་པར་མ། ཤོག་ངོས་ ༡༡༡ ནས་ ༡༧༧ བར་གསལ།
  3. དཔེ་དེབ་འདི་ཉིད་དེབ་དངོས་ལག་སོན་མ་བྱུང་མོད། དྲྭ་ཐོག་ཏུ་སྤེལ་བའི་རྩོམ་ཡིག་ལས་ཐད་ཀར་བཤུས། དྲ་བྱང་ནི། ༢༠༡༣/༠༢/༠༨ ཉིན་འདོན་སྤེལ་བྱས་པའི་རྩོམ་ཡིག་ཆོས་རྒྱལ་བསྟན་པ་ཚེ་རིང་གི་མཛད་རྗེས། སྡེ་དགེ་དྲ་བ། དྲ་ཚིགས། https://degegws.com
  4. ལྷོ་རྫོང་བཀའ་འགྱུར་འདི་ནི། རྒྱལ་རྩེ་ཐེམ་སྤངས་མ་ལ་ཕྱི་མོ་བྱས་ནས། རྒྱལ་མཆོག་ལྔ་པ་ཆེན་པོས་བཀའ་གསུང་བཞིན་སྡེ་སྲིད་བསོད་ནམས་རབ་བརྟན་ནམ་བསོད་ནམས་ཆོས་འཕེལ་གྱིས་དཔལ་ཐང་པོ་ཆེའི་གཙུག་ལག་ཁང་དུ་བཞེངས་པའི་བཀའ་འགྱུར་སྐྱ་པོད་དངོས་གཙང་ལྷོ་རྫོང་ཕོ་བྲང་དུ་བཞུགས་སུ་གསོལ་བས་མིང་དེ་ལྟར་ཐོགས།
  5. བཅོམ་ལྡན་འདས་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་དང་།  དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་ཀྱི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་ཕུང་བསྡུ་སྒྲིག་དང་གླེགས་བམ་དུ་བྲིས་བཞེངས་རྒྱུན་སྤེལ་ཇི་ལྟར་མཛད་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ། སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན། ༢༠༡༥ ལོའི་པར་མ། ཤོག་གྲངས་ ༢༢༥ ཡིག་ཕྲེང་ ༡༠ པར་གསལ།
  6. སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན། ཤོག་གྲངས་ ༢༢༧ ཡིག་ཕྲེང་  ༡༥ པར་གསལ།
  7. སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན། ༢༠༡༥ ལོའི་པར་མ། ཤོག་གྲངས་ ༢༢༩ ཡིག་ཕྲེང་  ༡ པོར་གསལ།
  8. སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་གྱིས་མཛད་པའི་བཀའ་བསྟན་ལོ་རྒྱུས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན། ༢༠༡༥ ལོའི་པར་མ། ཤོག་གྲངས་ ༢༣༥ ཡིག་ཕྲེང་ ༡༢ པར་གསལ།
  9. བཀའ་བསྟན་ལོ་རྒྱུས་དྭངས་གསལ་ཤེལ་གྱི་མེ་ལོང་། བུ་ཕྲུག་དང་གཅན་རང་སད་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༢ ལོའི་པར་མ། ཤོག་གྲངས་ ༡༦༡ ཡིག་ཕྲེང་ ༡ པོར་གསལ།
  10. ནས་འདོང་གཅིག་ལ་དབུས་གཙང་གི་བྲེ་ཕྱེད་ཀ་སྟེ་ཕུལ་གསུམ།
  11. བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོའི་པར་མ། ཤོག་གྲངས་ ༡༠༠ ཡིག་ཕྲེང་ ༦ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།