ལས་ཀྱི་བསྐོས་ཐང་།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། འཇིགས་མེད་རྣམ་རྒྱལ།

དང་པོ།

རླངས་འཁོར་དབྱིབས་གཟུགས་འདྲ་མིན་དང་། བཟོ་གྲྭ་ཆེ་ཆུང་གི་ཚད་མི་གཅིག་པ་སོགས་ལས་བྱུང་བའི་དུ་བས་སྦགས་པའི་ཁ་རླུང་བཙོག་པ་དང་། དུས་མིན་སྨན་ཁབ་སོགས་ཀྱིས་སྨིན་པར་བྱས་པའི་བཅུད་མེད་ཀྱི་ཤིང་འབྲས་དང་ལོོོ་ཏོག། ད་དུང་འབད་པ་དུ་མས་བསྐྲུན་པའི་སྐྱེད་མོས་ཚལ་དང་ཀུན་དགའ་ར་བ། གཞན་ཡང་འཚང་ཁ་ཤིག་ཤིག་གི་ཨར་འདམ་སོགས་ཀྱི་ཐོག་བརྩེགས་མང་པོའི་ཁང་པ་དང་ཁང་ཆེན། ཉིན་མཚན་དུས་དྲུག་ཏུ་ཁོམ་ལོང་མེད་པར་བྲེལ་ཟིང་ངང་ཚ་ཚ་འུར་འུར་གྱིས་རྒྱབ་ཀྱི་གོས་དང་མདུན་གྱི་ལྟོ་བ་འགེངས་ཕྱིར་གྲོག་མས་ཚང་ནང་སྒོ་ང་སྐྱེལ་འདྲེན་བྱེད་པ་ལྟར་ཡར་མར་རྒྱུག་བཞིན་པའི་འགྲུལ་པ་དང་ལས་མི། གཞུང་ལམ་གྱི་གསུམ་མདོ་དང་སྲང་ལམ་དག་ན་རྒྱུན་པར་ལག་ཏུ་མཚོན་ཆ་ཐོགས་ཏེ་ཁྲོ་བའི་རྣམ་འགྱུར་སྟོན་གྱིན་བསྒུགས་ཡོད་པའི་དམག་མི་དང་ཉེན་རྟོག་པ། ཐ་ན་སྨྲ་བརྗོད་བྲལ་བའི་ཉམ་ཆུང་བྱ་བྱིའུ་དང་རི་དྭགས་གཅན་གཟན་ཡན་ཆད་ཀྱི་རང་དབང་ཡོངས་རྫོགས་ཕྲོགས་ཏེ་ནམ་ཡང་ཐར་ཐབས་མེད་པའི་འཇིགས་སུ་རུང་བའི་བཙོན་རར་བཙུད་ཡོད་པ་སོགས། མདོར་ན་དེང་དུས་ཡར་རྒྱས་སྔོན་ཐོན་གྱི་རྒྱལ་ཁབ་དང་རྒྱལ་ས་ཆེན་པོ་ཡིན་ཟེར་བ་དེ་དག་ལས་རྦད་དེ་ལྡོག་ནས་ལྷགས་རླུང་འཇམ་པོས་ཤེས་རབ་འཕེལ་བར་བྱེད་ཅིང་། འབྱུང་བཞིས་སྨིན་པའི་རོ་བཅུད་ཕུན་སུམ་ཚོགས་པའི་འབྲས་འབྲུ་ལོ་ཏོག་མོད་པའི་ཡུལ་ལུང་ཆུང་ཆུང་དེ་ནི་ཁོ་བོའི་ཕ་ཡུལ་རེད།

ཡུལ་ལུང་དེ་ན་སྣུམ་ཞག་ཚིལ་ཚིལ་གྱི་གཞུང་ལམ་སྲང་པོ་དག་མེད་ལ། ཁ་དོག་མི་གཅིག་པའི་རླངས་འཁོར་ཆེ་ཕྲ་ཡང་མེད། གཞན་ཡང་དངོས་རྫས་སྣ་ཚོགས་ཀྱི་བཟོ་གྲྭ་ཆེ་ཆུང་ཡང་མེད་ལ། བཅོས་མའི་སྐྱེད་ཚལ་དག་ཀྱང་མེད། ད་དུང་རྩེ་མོ་མི་མངོན་པའི་ཐོག་བརྩེགས་མང་པོའི་ཁང་པ་དང་ཁང་ཆེན་ཡང་མེད་ལ། སྨན་དུག་ཟུང་འཇུག་གི་ཤིང་འབྲས་ལོ་ཏོག་ཀྱང་མེད། འོན་ཀྱང་དེ་དག་ལས་ཁྱད་དུ་འཕགས་པའི་ཐུན་མིན་གྱི་ཁྱད་ཆོས་གཞན་ལ་ངོམ་རྒྱུ་ཡོད་པ་ནི་མ་བཅོས་བཅོས་མིན་གྱི་རང་བྱུང་ཁམས་ཀྱི་མཛེས་སྡུག་གི་ཡོན་ཏན་དཔལ་ཕུན་སུམ་ཚོགས་པ་རྣམས་དབང་པོ་སྣ་ལྔའི་ཡུལ་ལ་མངོན་སུམ་དུ་གསལ་ལྷང་ངེར་འཆར་བར་བྱེད་པ་དེའོ། །དེ་ལས་ཅུང་ཟད་རྒྱས་པར་སྤྲོས་ན། ཤྲཱི་ལྔ་ལྡན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ཁོ་བོའི་ཕ་ས་འཇང་ཡུལ་ཟེར་བའི་གྲོང་གསེབ་ཆུང་ཆུང་དེ་ན་ཕལ་ཆེར་ཆེ་ཆུང་གི་ཚད་གཞི་མཉམ་ཞིང་། ས་རྡོ་ཤིང་ལྕགས་ལས་གྲུབ་པའི་མཛེས་ཤིང་ལྟ་ན་སྡུག་པའི་ཁང་ཁྱིམ་ཤ་སྟག་ཡོད་པས་ནམ་དུས་བཞི་ཀར་ཚ་དྲོད་ཧ་ཅང་སྙོམས་པོ་ཡོད། ཡུལ་ལུང་དེ་ནི་རྩེ་མོ་ནམ་མཁར་བསྙེགས་འདྲའི་མཐོ་ཞིང་བརྗིད་ལ་རྔམ་ཞིང་མཚར་བའི་གངས་རིའི་ལུ་གུ་རྒྱུད་ཀྱིས་ཕྱོགས་བཞིའི་མཐའ་ནས་བསྐྱོར་ཡོད་ལ། ཁ་བའི་ལྗོངས་ནས་ཐད་ཀ་བཞུར་ཡོང་བའི་གཡུ་འབྲུག་སྔོན་མོ་ས་གཞིར་རྒྱུ་བ་དང་མཚུངས་པའི་ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་ཡང་དལ་ཞིང་ལྷོད་པོའི་ངང་གྲོང་ཡུལ་གྱི་གཤམ་ནས་སྐྱོད་ཀྱིན་ཡོད། དེ་བཞིན་དུ་གནས་ངེས་མེད་ཀྱི་རི་ལུང་གང་སར་སྨུག་སྤྲིན་གྱི་དྲི་མས་བྲལ་བའི་སྔོ་ཞིང་དྭངས་ལ་གསལ་ཞིང་འཚེར་བའི་བར་སྣང་དེ་ཉིད་དངོས་སུ་ས་གཞིར་ལྷུང་བ་དང་མཚུངས་པའི་བཅོས་མིན་གྱི་མཚོ་དང་ཚིའུ་དག་འཁྱིལ་ནས་ཡོད་ལ། བྲག་རིའི་སྐེད་པ་དེ་ནས་ལྦུ་བ་ཆིལ་ཆིལ་དུ་འབབ་པའི་བབ་ཆུས་མཛེས་པར་བརྒྱན་ནས་ཡོད། གཞན་ཡང་ཚང་ཚིང་སྟུག་པའི་ནགས་ཚལ་གྱི་ཡལ་གའི་གསེབ་ནས་བྱ་བྱིའུ་རི་དྭགས་རྣམས་ཀྱིས་སྙན་འཇེབས་དབྱངས་ཀྱི་གྲེ་འགྱུར་འཐེན་ཞིང་། རང་དབང་གི་གཤོག་རྩལ་དང་བང་རྩལ་ལ་ངོམ་པར་བྱེད། སྔོ་ལྗང་ལྡེམ་ལྡེམ་གྱི་རྩི་ཤིང་གཞོན་ནུ་མ་དག་གིས་དཔྱིད་ཀྱི་ཕོ་ཉའི་གྲེ་འགྱུར་དང་འགྲོགས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་དགུན་མལ་ནས་ལངས་ཏེ། སྲབ་ལ་འཇམ་པའི་ལོ་འདབ་གསར་པས་རང་ལུས་གཡོགས་ཤིང་ཞིམ་མངར་ཅན་གྱི་དྲི་བསུང་འཐུལ་བའི་དཀར་སེར་དམར་ལྗང་གི་མེ་ཏོག་སྣ་ཚོགས་རྒྱན་ཆར་བཏགས་ནས་བརྗིད་ཅིང་མཚར་བའི་ངང་རེག་འཇམ་བསིལ་རླུང་དང་བསྡོངས་ནས་མགོ་བོ་ཡོམ་ཡོམ་གྱིས་བརྩེ་དགའ་ལ་རོལ་བར་བྱེད། ད་དུང་དཔྱིད་ཀ་དང་དབྱར་ཁའི་དུས་སུ་ཞིང་པ་རྣམས་ཀྱིས་ཆར་ཆུ་སད་སེར་དག་ལའང་མ་འཛེམས་པར་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ་འབད་བརྩོན་དུ་མས་ཉིན་མཚན་གྱི་ཕྲེང་བ་བསྟར་ནས་སོ་ནམ་བྱས་པའི་འབྲས་བུ་གཡུར་དུ་ཟ་བའི་སྟོན་དུས་དེར། རྒྱུ་ནོར་གྱི་མཛོད་ཁང་ཆེན་མོ་རྣམས་ཀྱང་ནས་འབྲུའི་ཕུང་པོ་མོད་ཆིལ་ལེར་ཁེངས་ཤིང་ཡུལ་མི་ཀུན་ཀྱི་ངོ་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཤིག་ཤིག་མངོན་པར་བྱེད། དགུན་ཁར་ཐོགས་རེག་དང་བྲལ་བའི་མཁའ་ལམ་དབུས་ནས་གཡང་དཀར་ལུག་གི་བལ་ལྟར་སྲབ་ལ་འཇམ་པའི་ཁ་བའི་གཟེགས་མ་ལྷབ་ལྷུབ་ཏུ་ཉིལ་ཏེ། ནོར་འཛིན་བུ་མོའི་བཞིན་རས་ངོར་ནག་ནོག་གི་སྐྱོན་དང་བྲལ་བའི་བཀྲ་ཤིས་པའི་ཁ་དར་དཀར་པོ་གཡོགས་པ་ལྟར་རི་ལུང་ཐམས་ཅད་དཀར་ཞིང་མཛེས་པའི་དུང་མདོག་དང་གཉིས་སུ་མ་མཆིས། མདོར་ན་ཁོ་བོའི་ཕ་ཡུལ་འདི་ནི་དུས་བཞིའི་འགྱུར་ལྡོག་མངོན་སུམ་མིག་སྔར་འཆར་ཐུབ་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་ཡོངས་སུ་ཕྱུག་པས་ཡ་གི་སུམ་རྩེན་དང་འགྲན་ནུས་པ་ཞིག་རེད་ཟེར་ནའང་ཕལ་ཆེར་མི་ཐལ་སྙམ།

སྟེང་ལྷ་ཡུལ་དང་མཚུངས་པའི་བདག་གི་ཕ་ས་འཇང་ཡུལ་ཟེར་བ་དེ་ན། འདི་ནས་བརྩིས་པའི་མི་ལོ་ཉི་ཤུ་མ་ཟིན་ཞིག་གི་སྔོན་རོལ་དུ། ཕལ་ཆེར་ཁོ་བོ་ལོ་ན་དགུ་དང་བཅུ་ཙམ་གྱི་དུས་སྐབས་སུ་རང་དང་ན་སོ་མཉམ་པའི་ཁྱིམ་མཚེས་ཀྱི་བུ་དང་སྲིང་མོ་འགའ་ཞིག་གི་ལྷན། རང་རེའི་ཁྱིམ་གྱི་སྒོ་ར་ནས་ས་ཐག་མི་རིང་སར་ནེའུ་གསིང་གཡུའི་མཎྜལ་ཕྱིས་འདྲའི་སྔོ་ཞིང་ལྗང་ལ་གཙང་ཞིང་དབེན་པའི་རྩྭ་ཐང་ལེབ་མོར་རྩི་ཤིང་མེ་ཏོག་སོ་མའི་ཐང་མར་བརྡལ་ནས་ཡོད་སར། རིམ་བཞིན་གྱེན་ཕྲད་ཐུར་གསུམ་གྱི་རྐང་ལམ་ཕྲ་མོ་འཐེན་ཡོད་པ་དེ་དག་བརྒྱུད་ནས་ཉིན་ལྟར་ཕྱུགས་རྫིར་བསྐྱོད་དགོས་པ་ནི་ང་ཚོའི་དུས་རྒྱུན་གྱི་ལས་ཀ་ཞིག་རེད། དེའི་ཚེ་ཆར་ལྡན་གྱི་དུས་སུ་ནམ་མཁའི་རྔ་ཆེན་དང་འགྲོགས་ཏེ་གློག་ཞགས་རབ་ཏུ་འཁྱུག་ཅིང་། ཤིང་སྡོང་གི་ལོ་འདབ་ངོས་སུ་ཤག་ཤག་ཏུ་གཡོ་བའི་རླུང་འཚུབ་དང་ལྷན་དུ་བབས་པའི་དྲག་ཆར་གྱིས་ལུས་པོ་ཡོངས་སུ་སྦངས་ནས་ཤ་གོས་འདྲེས་སྐབས། ཕྱུགས་ཟོག་རྣམས་སྤང་དཀྱིལ་དུ་བསྐྱིལ་ཏེ་ང་ཚོ་ཕ་བོང་ཆེན་པོ་དང་ཡལ་ག་ཤིན་ཏུ་མང་བའི་ཤུག་སྡོང་སྦོམ་པོ་དག་གི་འོག་ཏུ་འཚང་ཁ་ཤིག་ཤིག་གིས་ཆར་ཡོལ་དུ་བསྡད་པའང་ཉུང་ཉུང་ག་ལ་ཡིན།

ཡང་མཚམས་རེ། དགུང་ཨ་སྔོན་ངོས་སུ་སྨུག་སྤྲིན་གྱི་དྲི་མ་དག་སྐབས་ནམ་མཁའི་དབྱིངས་ནས་ལྷོད་ཅིང་དལ་པོར་འཕུར་ལྡིང་ལ་རྩེན་པའི་ངང་པའི་ཁྱུ་དེ་དག སྙན་འཇེབས་དབྱངས་ཀྱི་གྲེ་འགྱུར་དང་བཅས་ཏེ་ཡ་གི་བྱང་ཐང་ནས་མ་གི་ལྷོ་མོན་ཚ་བའི་རོང་དུ་འཕུར་བཞིན་པར་ལྟད་མོར་རོལ་བའི་གོ་སྐབས་མང་པོ་ཞིག་ཀྱང་འདྲེན་བྱེད་དབང་པོའི་ཡུལ་དུ་གསལ་པོར་འཆར་བར་བྱེད། སྐབས་རེ་མཁའ་ལམ་དབུས་སུ་འཕུར་སྐྱོད་བྱེད་བཞིན་པའི་ངང་དཀར་གྱི་ཁྱུ་ལ་གློ་བུར་དུ་གཤེད་མ་བྱ་གླག་བརྡོལ་ནས་དངངས་སྐྲག་གིས་གྲལ་འགོ་ཐོར་ཞིང་རྗེས་ཐོགས་སུ་འགྲོ་ལམ་ནོར་ཏེ་མགོ་མཇུག་མེད་པར་གར་སོང་ཆ་མེད་དུ་ཁ་གྱེས་འགྲོ་བའང་ཡོད། མཚམས་རེ་ཐོགས་རེག་དང་བྲལ་བའི་ནམ་མཁའི་ཀློང་ན་གློ་བུར་དུ་ཕྱོགས་བཞི་ནས་རླུང་འཚུབ་ལངས་ཏེ་རི་ལུང་ཐམས་ཅད་མུན་པས་གཡོགས་ཤིང་། སྒོ་ཕྱུགས་རྣམས་བྱ་མེད་རྐང་མེད་1དུ་སྟོར་ནས་ས་རུབ་ཀྱང་དུས་ཚོད་ལ་རུག་མ་ཐུབ་པའི་དཀའ་ངལ་ཡང་བྱུང་མྱོང་ཡོད། ད་དུང་བཟོད་དུ་མེད་པའི་དཀའ་ཚེགས་ཤིག་ནི་སྒོ་ཕྱུགས་སྤྱང་གྲུང་ལྡན་པ་འགའ་ཞིག་ཡུལ་མིའི་ཞིང་ཁའི་ས་མཚམས་ལས་འདས་ཏེ་ར་བ་བཤིག་ཅིང་ནང་དུ་འཛུལ་ནས་གསར་དུ་འབུ་བཞིན་པའི་ལོ་ཏོག་བཟས་ཤིང་ལྷག་མ་རྣམས་སུག་ལག་གིས་ཆག་ཆག་ཏུ་གཏོང་བ་དེ་ཡིན། མི་རིང་བར་དེའི་འབྲས་བུ་སྨིན་ངེས་པ་ནི་ཞིང་ཁའི་སྦྱིན་བདག་གི་ལག་ནས་བཀའ་བཀྱོན་གྱི་ཚིག་འབྲུའི་དུག་མདའ་རྣོ་བོ་རྫོགས་མཐའ་མེད་པ་འཛེད་དགོས་པ་རེད་ལ། དེ་ལས་བརྒལ་ན་ཆད་པ2་ཕོག་ཅིང་ད་དུང་མི་ཕྱུགས་གཉིས་ཀྱི་ཉེས་རྡུང་ཡང་ཉོ་དགོས་པ་རེད། གང་ལྟར་རྫི་བོ་ང་ཚོས་དཀའ་ཚེགས་དེ་དག་ལ་འཛེམ་བག་མེད་པར་ཉིན་ལྟར་སྒོ་ཕྱུགས་མཉམ་དུ་བསྲེས་ཏེ་རྩ་ཆུ་མོད་པོའི་རི་ལ་བཏང་ཞིང་། ང་ཚོ་ཚོམ་བུ་བྱས་ཏེ་ལམ་འཕྲང་དོག་མོ་དག་ལ་ལམ་སྣ་བསྒུགས་ནས་མགོ་མཇུག་མེད་པའི་གཞས་དང་ཞབས་བྲོར་རོལ་བར་བྱེད། དེ་ནས་གུང་ཚིགས་ཀྱི་དུས་ཚོད་རན་པ་དང་ལྷན་འཛོམས་ཀྱིས་ཁྱིམ་ནས་ཁྱེར་ཡོང་བའི་རྒྱགས་ཆས་རྣམས་སོ་སོའི་ཁུག་མ་ནས་བཏོན་ཏེ་མཉམ་རུབ་ཀྱིས་ལོངས་སུ་སྤྱོད་པ་ནི་དུས་རྒྱུན་གྱི་འགྲོ་སྟངས་ཤིག་ཡིན།

རེད་ཡ། ཆུང་དུས་ནས་རྒྱལ་སར་འཚར་ལོངས་བྱུང་བའི་རྐང་གཉིས་དག་གིས་གོང་ཞུས་སྐད་ཆ་དེ་དག་ལ་ཡིད་ཆེས་པ་ལྟ་ཞོག་ཕལ་ཆེར་དེའི་དོན་སྤྱི་ཙམ་ཡང་བློ་ངོར་འཆར་མི་སྲིད། འོན་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ངོགས་སུ་འཚར་ལོངས་བྱུང་ཞིང་ཁྱད་པར་དུ་ཆུང་དུས་ནས་ཕྱུགས་རྫིར་འགྲོ་མྱོང་མཁན་དག་ལ་མཚོན་ན་བཤད་མ་ཐག་པའི་མིང་ཚིག་གི་ཕུང་པོས་བསྟན་པའི་དོན་དག་རེ་རེ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་གསལ་ལྷང་ངེར་དྲན་པའི་དབུས་ན་ཅིས་ཀྱང་འཆར་ངེས་ཡིན་ལ། དེ་དང་ཆབས་ཅིག་སྔར་རང་ཉིད་ཆུང་བྱིས་པའི་དུས་སུ་རྫི་བོར་བུད་པའི་དུས་སྐབས་དེ་ཡང་ལན་གཅིག་གཟུགས་མེད་ཀྱི་ཡིད་དབང་ལ་ཝ་ལེར་དྲན་གསོ་སྟེར་བའི་ཡིད་ཆེས་ཡོད།

མཚམས་འདི་ནས་ཀློག་པ་པོ་ཁྱེད་རྣམ་པར་ང་ཚོ་ཉིན་ལྟར་ཕྱུགས་རྫིར་འགྲོ་དགོས་ཐུག་ཚུལ་སྐོར་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ང་ཚོའི་ལུང་པའི་དབུས་ན་ལྕགས་ཤོག་དམར་པོ་བཀབ་ཅིང་ཐོག་བརྩེགས་གཅིག་ལས་མེད་པའི་ཐུན་མིན་གྱི་ཁང་མིག་དྲུག་ལ་དབྱིབས་ནར་མོ་ཅན་ཞིག་ཡོད། དེ་ནི་ང་ཚོའི་སློབ་གྲྭ་རེད། སློབ་གྲྭ་དེར་འཛིན་རིམ་དྲུག་ལས་མེད་ཀྱང་ལོ་ལྟར་བལ་ཡུལ་གཞུང་ནས་དགེ་རྒན་གཉིས་རེ་ཆེད་མངགས་བྱས་ཏེ་དབྱིན་ཡིག་ཐ་ར་ཐོ་རེ་དང་བལ་ཡིག་དང་བལ་སྐད་ཅུང་ཟད་རེ་སློབ་སྟོན་གནང་གི་རེད་ལ། ཡུལ་དེའི་ཕྲུ་གུ་ལོ་ན་དྲུག་བདུན་ཡན་ཆད་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། དེ་སྔོན་ང་ཚོའི་ཕ་མས་ཀྱང་ཡུལ་མི་གཞན་དང་མཐུན་པར་རེས་གཟའ་པ་སངས་དང་སྤེན་པ།3 གཞན་ཡང་དུས་ཆེན་ཁག་མ་གཏོགས་རྒྱུན་དུ་སློབ་གྲྭར་གཏོང་སྲོལ་ཡོད་མོད། འོན་ཀྱང་སློབ་གྲྭར་བལ་པོའི་དགེ་རྒན་གཉིས་པོས་བལ་སྐད་ཐོག་ནས་སློབ་སྟོན་གནང་སྐབས་ང་ཚོས་སྐད་བརྡ་མི་འཕྲོད་པ་དང་། སྐབས་རེ་རྒྱུགས་མི་འཕྲོད་པ། མཚམས་རེ་དགེ་རྒན་གྱིས་གནང་བའི་ལས་བྱ་རྣམས་དུས་ཐོག་ལ་བསྒྲུབས་མེད་ཚེ་ཞེད་སྣང་སྟེར་བའི་རྣམ་འགྱུར་སྟོན་གྱིན་རྣ་ཅོག་གཉིས་ནས་ཤུགས་ཀྱིས་འཐེན་གྱི་ཡོད་པས། ང་ཚོ་དེ་ལ་འཇིགས་སྣང་དང་སུན་སྣང་སྐྱེས་ནས་རྒྱུན་དུ་སློབ་གྲྭར་སྐྱོད་སྐབས་ལམ་བར་ནས་བྲོས་ཏེ་ས་གནས་གཞན་དང་གཞན་དུ་ཉིན་གང་རྩེད་མོར་གཡེངས་སྡོད་ཀྱི་རེད་ལ། དགོང་མོ་སློབ་ཕྲུག་གཞན་དང་ལྷན་དུ་རང་ཁྱིམ་ན་ལོག་འགྲོ་ཡི་ཡོད།

དེ་ལྟར་འཛིན་གྲྭ་ཆད་སྟངས་ནི་ཉིན་ཞག་གཅིག་གི་ག་ལ་ཚད་དེ་ཕལ་ཆེར་བདུན་ཕྲག་རེ་ལ་ཐེངས་མ་གཉིས་རེ་བྲོས་བྱོལ་དུ་འགྲོ་མྱོང་ཡོད། མུ་མཐུད་ནས་ལོ་འཁོར་མོ་གཅིག་ཚང་ལ་ཉེ་བའི་མཇུག་ཏུ་ཉིན་ཞིག་གི་ཕྱི་དྲོ་ང་ཚོ་རྩེད་ར་ནས་ལོག་སྐབས་དགེ་རྒན་གཉིས་པོ་ཁྲོ་བའི་བཞིན་ལ་རྩུབ་མོའི་ངག་དང་བཅས་ཏེ་ངའི་ཁང་པར་སླེབས་ནས་ང་ཚོ་བྲོས་བྱོལ་དུ་ཕྱིན་པའི་སྐོར་ལ་ཕ་མ་གཉིས་དང་འཁྲུག་པ་རྒྱག་ལ་ཁད་ཀྱི་སྐད་ཆ་འབྱུང་བཞིན་པར་གདོང་ཐུག་བརྒྱབ་སོང་། དགེ་རྒན་གཉིས་པོ་ང་ཚོའི་ཕ་མ་དང་ཁ་རྩོད་ཤོར་བ་དེའང་ཐེངས་དང་པོ་ག་ལ་ཡིན། ཁོ་བོ་རྩེད་ར་ནས་ལོག་འོང་བ་མཐོང་མ་ཐག་ཨ་ཕས་ཁྲོ་བའི་རྣམ་འགྱུར་སྟོན་གྱིན་མདུན་དུ་བོས་ཏེ་“ད་ཡིན་ན་ཧ་ཅང་ཐལ་བྱུང་”ཟེར་གྱིན་ཀུན་ཀྱི་མཐོང་སར་ཐལ་ལྕག་གཉིས་གསུམ་ཤུགས་ཀྱིས་བསྣུན་ཞིང་རྡོག་བརྫིས་བཏང་ནས་ཉིན་དེའི་དགོང་མོར་ཁ་ལག་མེད་པར་གྲོད་ཁོག་སྟོང་སང་ངེ་མལ་སར་བསྙལ་བྱུང་། གྲོགས་པོ་གཞན་དག་ལའང་ང་དང་མཚུངས་པར་རང་རང་གི་ཕ་མའི་ལག་ནས་ཉེས་རྡུང་ཞིག་རག་ཡོད་པ་ནི་དེ་ཚོའི་ངུ་སྐད་བྱིན་པ་ལས་ཤེས་ཐུབ། མཐར་ངེད་ཀྱི་ཨ་ཕས་“ལྟས་ངན་ཁྱེད་ཚོའི་དཔྲལ་བར་སློབ་སྦྱོང་བསྐོས་མི་འདུག་མ་འོངས་པ་སྡུག་བསྔལ་མྱངས་ན་སྡུག་གྱོང་གྱིས་”ཞེས་སྨྲས་ཏེ་ཉི་མ་སང་ཉིན་ནས་བཟུང་སློབ་གྲྭར་གཏོང་མཚམས་བཞག་ནས་ཕྱུགས་རྫིར་བཏང་བ་རེད། དེའི་ཚེ་ང་ཚོར་བསམས་ན་སློབ་གྲྭར་བསྐྱོད་རྒྱུ་ལས་ཕྱུགས་རྫིར་འགྲོ་རྒྱུ་ནི་དགའ་འོས་པ་ཞིག་ལོས་ཀྱང་ཡིན།

མདོར་ན་རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་དང་ངའི་གྲོགས་པོ་ཚོས་རྒྱགས་ཆས་ཁུག་མར་བླུགས་ཤིང་སློབ་གྲྭའི་འགྲོ་ལམ་དེ་ནས་ལམ་སྣ་བསྒྱུར་ཏེ་ལག་པར་དབྱུག་པ་ཐོགས་ཤིང་། སྒོ་ཕྱུགས་ཀྱི་མཇུག་མ་བཟུང་སྟེ་ཉི་ཆར་རླུང་འཚུབ་ལ་མ་འཛེམས་པར་ཉིན་ལྟར་རི་ལུང་ནགས་ཚལ་ཕྱོགས་སུ་རྫི་བོར་འགྲོ་དགོས་ཐུག་པ་རེད། དེ་དུས་ཚོར་བ་དམིགས་བསལ་ཞིག་མ་སླེབས་ཀྱང་། ད་ལྟ་ཞེ་གཏིང་ནས་འགྱོད་སེམས་སྐྱེ་བཞིན་པ་ནི་སློབ་གྲྭ་གཏན་དུ་བསྐྱུར་ནས་ཕྱུགས་རྫིར་ཕྱིན་པ་དེ་རེད། གལ་ཏེ་དེའི་ཚེ་སློབ་གྲྭར་ཕྱིན་ནས་དགེ་རྒན་གྱིས་སློབ་སྟོན་གནང་བ་དག་དཔྱིས་ཕྱིན་པ་ཞིག་སྦྱངས་ན་ད་ལྟའི་དུས་སུ་དབྱིན་ཡིག་དང་བལ་ཡིག་མི་ཉུང་བ་ཞིག་ཤེས་ཡོད་པ་ནི། དེའི་ཚེ་དེའི་དུས་རྒྱུན་དུ་སློབ་གྲྭ་འགྲོ་ཞིང་དགེ་རྒན་གྱིས་ཅི་གསུངས་བཀའ་ལ་ཉན་ཏེ་ཉིན་ལྟར་ལས་བྱ་འབྲི་མཁན་གྱི་འཛིན་གྲོགས་དག་ལ་བལྟས་ནས་དཔོག་ནུས། ད་ནི་བསམ་བློ་སྔོན་ལ་མ་བཏང་ན་འགྱོད་པ་རྗེས་ལ་སྐྱེ་ཟེར་བ་ལྟར་འགྱོད་པ་སྐྱེས་ཀྱང་དུས་ཚོད་ཡོལ་ཟིན་པས་བྱེད་ཐབས་བྲལ།

གཉིས་པ།

བདག་གི་ཆུང་དུས་ཀྱི་རྫི་རོགས་དེ་དག་ལས་གཉིས་ནི་ཡུལ་སྲོལ་ལྟར་སྔོན་མ་ནས་ཆང་ས་བརྒྱབ་ཟིན་པ་རེད་ལ། དེང་སང་ཁོང་ཚོ་ཕྲུ་གུ་འགའི་ཨ་ཕར་གྱུར་ནས་རང་ཡུལ་དུ་སོ་ནམ་པའི་འཚོ་བར་རོལ་བཞིན་པའི་སྒང་རེད། གཅིག་ནི་ན་ནིང་གཞེ་ནིང་བལ་ཡུལ་དུ་རྙིང་མའི་དགོན་པ་ག་གེ་མོ་ཞིག་ནས་སློབ་དཔོན་ཐོན་ཏེ་དེང་དུས་དགེ་རྒན་གྱི་ཕྱག་ལས་གནང་མུས་ཡིན་ཟེར། ད་དུང་གཞན་པ་དེ་ནི་ངའི་ཨ་ནེ་ངོ་ཐོག་གི་བུ་ཡིན་ཞིང་མིང་ལ་ཉི་མ་འབྲུག་སྒྲ་ཟེར། དེ་ནི་ང་དང་ཧ་ཅང་འཆམ་མཐུན་ཆེ་ཞིང་ལོ་ན་མཉམ་པའི་སེམས་ཐག་ཉེ་བའི་གྲོགས་པོ་བཟང་ཤོས་ཤིག་ཡིན་པས། དེ་རིང་གྲོགས་གཅེས་དེའི་སྐོར་ལ་དམིགས་བསལ་ཕྱིར་དྲན་ཞིག་བྱས་ཏེ་ཅུང་ཟད་སྤྲོས་ནས་བཤད་འདོད་བྱུང་། ཁོང་ནི་ངའི་གྲོགས་པོ་མང་པོ་ཡོད་པའི་ནང་གསེས་སྡིག་པར་འཛེམ་ཞིང་དགེ་བར་སྤྲོ་བའི་ཆོས་སེམས་ཅན་གྱི་བྱིས་པ་ཞིག་ཡིན་ཞིང་། ཆུང་དུས་ནས་བྱ་གཞག་གང་ལའང་དབུགས་ཐག་རིང་ཞིང་མི་གཤིས་བརྟན་པོ་ཅན་ཞིག་རེད་ཟེར་ནས་ཡུལ་མི་ཀུན་ཀྱིས་བསྟོད་བསྔགས་བརྗོད་པར་བྱེད། སྔར་རང་ཉིད་རབ་ཏུ་འབྱུང་ཆེད་༸གྲུབ་དབང་བླ་མའི་གདན་ས་ཆེན་མོ་འདིར་ཡོང་དུས་ང་དང་ལྷན་དུ་གྲོགས་པོ་དེ་ཡང་འོང་འདོད་ཀྱི་འདུན་པ་ཆེན་པོ་འདུག་ནའང་། ཁྱིམ་ཚང་དེར་བུ་གཅིག་ལས་མེད་པས་ཁོང་ཚོའི་མི་རིགས་ཀྱི་བརྒྱུད་པ་འཛིན་དགོས་ཟེར་ནས་ཁོང་གི་ཕ་མ་གཉིས་པོས་དགོན་པར་ཁྱོན་ནས་མ་བཏང་བ་རེད། དེ་དུས་ཕ་མ་རྒན་རྒོན་གཉིས་པོར་ཁག་མེད་པ་ལོས་བདེན། གང་ཡིན་ཟེར་ན་ཕ་ཤུལ་བུས་འཛིན་དགོས་པའི་ལམ་ལུགས་གྱོང་པོ་དེ་ཉིད་གནའ་སྔ་མོ་ནས་གྲོང་གསེབ་དེར་རྒྱུན་སྐྱོང་ནན་པོ་བྱེད་བཞིན་པས་རེད།

ང་དགོན་པར་འབྱོར་ནས་ལོ་ཤས་འགོར་བའི་རྗེས་སུ་ངའི་གྲོགས་པོ་དེ་ཡང་གནས་སྐབས་རིང་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཀུན་དགའ་དོན་གྲུབ་4གསོག་ཕྱིར་ཕྱིའི་རྒྱལ་ཁབ་དག་ལ་ལས་ཀ་འཚོལ་ཆེད་འགྲོ་འདོད་ཀྱི་འདུན་པ་སྐྱེས་འདུག དེ་དུས་རང་རེའི་རྒྱལ་ཁབ་ནས་སྐྱེས་པ་མི་ཉུང་བ་ཞིག་ལས་ཀ་འཚོལ་སླད་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ་གསང་བའི་ལམ་ནས་ནུབ་ཕྱོགས་ཧྥ་རན་སཱིར་འགྲོ་སྐྱོད་བྱེད་བཞིན་པའི་སྒང་ཡིན་ས་ཡོད། མི་རྣམས་ཚེ་སྲོག་འབེན་དུ་བཙུགས་ནས་འཚང་ཁ་བྱས་ཏེ་འགྲོ་སྟངས་ལ་གཞིགས་ན་ཕལ་ཆེར་རྒྱལ་ཁབ་དེར་སྟབས་བདེའི་ངང་ལས་ཀ་འབྱོར་ཞིང་གླ་ཕོགས་ཀྱང་མི་དམན་པ་ཞིག་སྟེར་གྱི་ཡོད་པ་འདྲ། གང་ལྟར་གྲོགས་པོ་དེས་ཀྱང་གཞན་དང་མཐུན་པར་གོ་སྐབས་དམ་འཛིན་བྱས་ཏེ་ནུབ་ཕྱོགས་ཧྥ་རན་སཱིར་གཏོང་མཁན་ལས་བྱེད་པ་ཡིན་ཟེར་བའི་བལ་པོ་བ་སྣ་རིང་ཁ་གསལ་ངོ་གསལ་ཅན་ཞིག་ངོ་ཤེས་བཟོས་ཏེ་དེ་དང་འབྲེལ་བ་མང་པོ་བྱས་པ་རེད། དེའི་ཚེ་དེའི་དུས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ན་ཤར་ཕྱོགས་པའི་ལས་བྱེད་པ་མི་ཉུང་བ་ཞིག་དོན་མེད་བཙན་གྱིས་བསད་པའི་གནས་ཚུལ་མང་པོ་ཞིག་ཀྱང་ཚ་ཚ་འུར་འུར་གྱིས་ཁྱབ་གདལ་འགྲོ་མུས་ཡིན་པས། གནས་ཚུལ་དེ་དག་ལ་འཇིགས་སྣང་སྐྱེས་ཏེ་ཕ་མ་གཉིས་པོས་རང་གི་བུ་ཕྲུག་གཅིག་པུ་རྒྱལ་ཁབ་དེར་མི་གཏོང་སླད་བཀག་འདོམས་ཀྱི་ཞུ་བ་ལན་མང་འཐེན་ཡང་མ་ཉན་ནས་འགྲོ་རྒྱུའི་སེམས་ཐག་བཅད་ཟིན་ཡོད་པ་དང་། གནས་དེེར་སྐྱོད་ཕྱིར་འབད་བརྩོན་དང་ཐབས་ཤེས་ཡོད་དགུ་བཏང་ཡིན་ཟེར་ནས་ཁ་པར་ལམ་ནས་ཐོས་བྱུང་།

དྲང་པོ་བཤད་ན་ཁོང་ཚོའི་ཁྱིམ་ཚང་ནི་ཧ་ཅང་ཕྱུག་པོ་མིན་ཞིང་འཚོ་བ་ཞིང་ཁར་བརྟེན་པའི་མི་ཚང་དཀྱུས་མ་ཞིག་ཡིན་པས་ནང་གི་ཕ་མ་རྒན་རྒོན་དང་སྤུན་ཆུང་དེ་དག་རིམ་པར་གསོ་སྐྱོང་བྱ་རྒྱུའི་འོས་འགན་ཡང་ཁོ་ལ་ཐུག་ཡོད་ཅིང་། དེའི་སླད་དུ་སྒོར་མོ་མང་པོ་ཞིག་གསོག་དགོས་ཡོད་པ་སྨོས་ཀྱང་ཅི་དགོས། དེ་ནས་དུས་ཡུན་མི་རིང་བར་གྲོགས་པོ་དེས་ཡུལ་མི་འབྱོར་ལྡན་དག་ལས་སྒོར་མོ་འབུམ་ཕྲག་འགའ་ཞིག་བུ་ལོན་བསྐྱིས་ནས་ཕྱི་བསྐྱོད་ལག་ཁྱེར་གསར་པ་བཟོས་ཏེ་ནུབ་ཕྱོགས་ཧྥ་རན་སཱིར་གཏོང་མཁན་ལས་མི་བལ་པོ་བ་སྣ་རིང་དེར་སྒོར་མོ་མང་པོ་བྱིན་ཏེ་གསང་བའི་ལམ་ནས་ཕྱིའི་རྒྱལ་ཁབ་དག་ལ་བསྐྱོད་རྒྱུའི་མཐོང་མཆན་5རག་ཐབས་བྱས་ཀྱང་། ཕྱི་རྒྱལ་གཏོང་མཁན་ལས་བྱེད་པ་སྣ་རིང་དེས་རིམ་བཞིན་ཁོའི་དངུལ་ཡོངས་རྫོགས་བཟས་ཏེ་ཉིན་ཤས་རྗེས་སུ་གཏང་ཡོང་ཟེར་ནས་མཐར་ཁོ་དང་འབྲེལ་ཐག་བཅད་དེ་དུས་ད་བར་ཐུག་འཕྲད་བྱུང་མེད་ལ་དངུལ་ཡང་རག་མེད། ལོ་དེར་གྲོགས་པོ་ཉི་མས་འབྱོར་ལྡན་དག་ལས་བུ་ལོན་བསྐྱིས་པའི་སྒོར་མོ་ཕལ་ཆེར་བལ་པོ་བ་སྣ་རིང་དེའི་ལག་ཏུ་ཤོར་ནས། མཐར་རྒྱལ་ཁབ་གཞན་དག་ལའང་འགྲོ་ཐབས་མ་རྙེད་ཅིང་སྦྱིན་བདག་རྣམས་ལ་བུ་ལོན་སྐྱིན་པ་སློག་རྒྱུའི་སྒོར་མོ་རྣམས་རྫོགས་ཏེ་ལག་པ་སྟོང་སང་ངེར་གྱུར། དུས་དེར་སེར་སྣ་ཅན་གྱི་འབྱོར་ལྡན་འགའ་ཞིག་སྔར་རང་གིས་བསྐྱིས་པའི་བུ་ལོན་རྣམས་ལོག་ནས་མི་རག་སྙམ་སྟེ་མུ་མཐུད་དེ་ཁོང་ཚོའི་ནང་དུ་བུ་ལོན་སློང་བར་འོང་བས་ཕ་མ་སྤུན་མཆེད་རྣམས་ངོ་ཚས་བྱད་བཞིན་དམར་པོར་གྱུར་པའང་ལན་གཅིག་གི་ག་ལ་ཚད། ད་དུང་བུ་ལོན་གཡར་པ་པོ་འགའ་ཞིག་སྒོར་མོ་སྐྱིན་པ་མེད་ན་ཅ་དངོས་དང་ས་ཞིང་ཕྱུགས་ཟོག་ཡན་ཆད་དངུལ་ཚབ་ཏུ་སློང་མཁན་དང་ལ་ལ་དངོས་སུ་ལག་བརྒྱབ་ནས་རྒྱུ་ནོར་འཕྲོག་ལ་ཁད་བྱེད་མཁན་ཡང་ཡོང་གི་འདུག

ལོ་དེར་སླར་ཡང་ཆེས་བཟོད་དཀའ་བའི་གནས་སྟངས་ངན་པ་ཞིག་ཐོག་ཏུ་བབས་ཡོད་པ་ནི། གྲོགས་པོ་དེར་སྒོར་མོ་མང་པོ་བུ་ལོན་ཟུགས་ཡོད་པའི་སྐབས། གློ་བུར་དུ་རང་གི་ཕ་རྒན་མཆིན་ནད་ཀྱིས་མནར་ཏེ་གྲོང་གསེབ་དེའི་སྨན་པས་ནད་གཞི་བཅོས་མ་ཐུབ་པ་དང་། རྒྱལ་སའི་སྨན་ཁང་ཆེན་མོར་འཁྲིད་རྒྱུའི་སྒོར་མོ་དེ་ཙམ་མེད་ཅིང་གཞན་གྱིས་གཡར་རོགས་མ་བྱས་ནས་ནད་པ་དེ་ཉིད་གཟའ་འཁོར་འགའ་ཞིག་རིང་ཐུག་པ་སླ་མོ་ཁ་ལ་བླུད་ཀྱིན་མལ་སར་སྙོལ་དགོས་ཐུག་ཡོད། རིམ་བཞིན་ཐུག་པ་དེ་ཡང་ཡི་ག་འགགས་ནས་ལུས་པོ་ཧ་ཅང་སྐམ་ཞིང་རིད་པར་གྱུར་ནའང་། གྲོགས་པོ་དེ་ནི་ད་དུང་མིག་ཟུང་བཙུམ་སྟེ་ཀླད་རྙིང་འགའ་ཞིག་གི་ངག་ལ་བློ་རྩེ་གཅིག་གིས་ཡིད་ཆེས་བྱས་ཏེ་ས་བདག་དང་གཞི་བདག་སོགས་ལ་མགོན་དང་དཔུང་གཉེན་དུ་བཟུང་ནས་སྐྱབས་དང་རེ་བ་བཅོལ་གྱིན་འདུག་ཟེར། དེ་ལྟར་ཞག་འགའ་བྱས་ཀྱང་ནད་གཞི་དྲག་སྐྱེད་ཀྱི་མིང་སྤུ་ཙམ་ཡང་མེད་པར་ད་དུང་དེ་ལས་ཇེ་སྡུག་ཏུ་འགྲོ་བཞིན་པ་ཤེས་ཏེ། མཐར་ཁོང་ཚོའི་ཁང་པའི་རྒྱབ་ཏུ་ཡོད་པའི་ཕ་མེས་ཀྱི་ཞིང་ཁ་ཡག་ཤོས་དེ་ཉིད་རིན་གོང་ཁེ་བོར་བཙོངས་ནས་ཡམ་བུའི་རྒྱལ་སར་སྨན་ཁང་དུ་འཁྱེར་བཞིན་པའི་ལམ་བར། ནང་མིའི་མིག་མདུན་ནས་ཁ་དབུགས་ཀྱི་འགྱུ་བ་གཏིང་ནས་ཆད་ཅིང་ནམ་ཡང་ལོག་རྒྱུ་མེད་པའི་ཕྱི་མའི་ལྔ་ལམ་དུ་ཕྱིན་ཡོད་པ་རེད། ལྟོས་དང་། གལ་ཏེ་ཀླད་རྙིང་དེ་དག་གི་ཅི་ལབ་ལ་མ་ཉན་པར་ཕ་རྒན་སྔ་ས་ནས་སྨན་བཅོས་བྱེད་དུ་ཁྲིད་ན་ད་ལྟ་ནང་མི་དང་ལྷན་དུ་བཞུགས་ཡོད་པ་སྨོས་ཅི་དགོས།

དེ་ལྟར་སྡུག་བསྔལ་གྱི་སྟེང་དུ་སླར་ཡང་སྔུག་བསྔལ་བརྩེགས་ཏེ་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་ཞིག་དང་དངོས་སུ་གདོང་ལེན་བྱེད་དགོས་ཐུག་ཡོད་ཀྱང་། ད་དུང་གྲོགས་པོ་དེའི་སེམས་མ་ཞུམ་པར་བློ་ཁོག་ཆེན་པོས་ངང་ཅི་ཤོར་ནའང་ཤོར་ཟེར་ནས་ཡུལ་དེའི་མི་ཆེན་རྣམས་དཔང་པོར་བཞག་སྟེ་ཕ་མེས་ཀྱི་ས་ཞིང་མི་ཉུང་བ་ཞིག་གཏའ་མར་བོར། ཡུལ་མི་ཕྱུག་བདག་ཚོ་ལས་སླར་ཡང་དངུལ་སྒོར་འབུམ་ཕྲག་མང་པོ་བུ་ལོན་གཡར་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་ལ་གཏོང་མཁན་ལས་བྱེད་པ་མང་པོ་ཞིག་དང་འབྲེལ་བ་བྱས་ཏེ་འགྲོ་བྱུས་བཏང་རུང་སྔར་དང་གཅིག་མཚུངས་ད་ལན་ཡང་འབད་པ་ཆུད་ཟོས་སུ་གྱུར་ཞིང་དམིགས་ཡུལ་ས་རྡུལ་དང་ངོ་བོ་དབྱེར་མེད་དུ་འདྲེས། མདོར་ན་ཁོ་ལ་དེ་ལྟར་ལམ་ལྷོངས་མི་བྱུང་བ་ནི་ཡུལ་མི་ཚོས་ཟེར་ན་ལོ་དེ་ནི་ཁོའི་ལོ་སྐེག་ཡིན་པས་ཟེར། ལ་ལས་སྔར་ཆུང་དུས་སློབ་སྦྱོང་ཡག་པོ་མ་བྱས་པས་ད་ལྟ་མི་གཞན་ལས་མགོ་སྐོར་ཐེབས་པ་རེད་ཟེར། འགའ་ཞིག་གིས་ཁོ་ལ་བར་ཆད་ཆེན་པོ་ཡོད་ས་རེད་ཟེར། ཁ་ཅིག་གིས་མི་དེ་ལ་བསོད་ནམས་མི་འདུག་ཟེར། ཡུལ་མི་ཉུང་ཤོས་ཤིག་གིས་དེང་སང་རྒྱལ་ཁབ་དེར་འགྲོ་སྐྱོད་བྱེད་མཁན་འགྲུལ་པ་མང་དྲགས་པས་རིམ་བཞིན་འགྲོ་ལམ་དོག་ཏུ་ཕྱིན་ཡོད་པ་རེད་ཟེར་བ་སོགས་མདོར་ན་ཡུལ་མི་གཉིས་ལས་མང་པོ་འཛོམས་སར་མངོན་ལྐོག་གཉིས་ནས་སྐད་ཆ་དེ་ཉིད་བརྗོད་གཞིར་བཟུང་སྟེ་རྒྱུན་དུ་གླེང་གི་ཡོད་པ་འདྲ། རེད་ཡ། ཇུས་གཏོགས་ཅན་གྱི་ཡུལ་མི་ལས་མེད་ཚོར་བརྗོད་བྱ་གསར་པ་ཞིག་མ་རྙེད་བར་དུ་ནམ་ཡང་དེའི་སྐོར་ལ་བཤད་མཚམས་འཇོག་མི་སྲིད། འོན་ཀྱང་དེ་ཚོའི་དཀྱིལ་ནས་ཡུལ་མི་ལ་ལ་ཁོ་ལ་སྙིང་རྗེ་སྐྱེ་མཁན་དང་རོགས་རམ་གནང་མཁན་ཡང་མང་པོ་ཡོད་པ་སྨོས་ཀྱང་ཅི་དགོས།

གྲོགས་པོ་དེ་ནི་གཞན་དང་མི་འདྲ་བའི་དབུགས་ཐག་ཧ་ཅང་རིང་བས་ཕ་རོལ་པོས་ཅི་ཟེར་ལ་དོ་སྣང་ཡུད་ཙམ་མི་སྟེར་བར་ཞུམ་མེད་སེམས་ཀྱིས་རང་གི་དམིགས་ཡུལ་འགྲུབ་པའི་སླད་དུ། རྒྱུན་པར་ཕྱི་རྒྱལ་ཡོད་མཁན་དག་ལ་སྐད་ཆ་འདྲི་བ་དང་དེ་ན་གཏོང་མཁན་རྣམས་ལ་འབྲེལ་བ་བྱེད་པ་སོགས་ཐབས་ཤེས་ཡོད་དགུ་རྩལ་དུ་བཏོན་ཏེ་སླར་ཡང་ས་གནས་གཞན་དང་གཞན་དུ་ཚོད་ལྟ་བྱེད་ཀྱིན་ལྷ་གསོལ་དང་ཀླུ་གཏོར་འབུལ། མགོན་ཁང་སོགས་ནས་བྱ་བ་ལམ་འགྲོ་འོང་ཞིང་བསམ་དོན་མྱུར་དུ་འགྲུབ་ཕྱིར་གསོལ་ཁ་སྐྱབས་འཇུག་ཞུ་བཞིན་ཞར་དང་ཞོར་ལ་མོ་འདེབས་པ་དང་། པྲ་འབེབས་པ། རྩིས་བསྐོར་བ་སོགས་གང་དྲག་ཅི་ཐུབ་ཀྱིས་སྡུག་རུས་མང་པོ་བྱས་པའི་ཤུལ་དུ་མཐར་ཨེ་ཤ་ཡའི་རྒྱལ་ཁབ་གྱི་ནང་གསེས་སའུ་དྷི་ཨཱ་ར་བཱི་ཟེར་བའི་ཁ་ཆེའི་རྒྱལ་ཁབ་དེར་འབྱོར་ཐུབ་པ་བྱུང་། སྤྱིར་དང་ཐོག་ཁོའི་དམིགས་ཡུལ་ངོ་མ་དེ་ནུབ་ཕྱོགས་ཧྥ་རན་སཱིར་བསྐྱོད་རྒྱུ་ཡིན་མོད་འོན་ཀྱང་ལན་གཉིས་ཐམ་པ་ལམ་ལྷོངས་མ་བྱུང་བར་བརྟེན། མཐར་སེམས་ཤུགས་ཆག་སྟེ་སྔར་གྱི་བུ་ལོན་རྣམས་བསབ་པའི་དོན་དུ་དམིགས་ནས་མི་འདོད་བཞིན་ལས་ཀྱིས་བསྐོས་པའི་ས་གནས་གཞན་དུ་འགྲོ་དགོས་ཐུག་ཡོད་པ་རེད།

ཆུང་དུས་ནས་གྲོང་གསེབ་ནང་འཚར་ལོངས་བྱུང་བའི་གྲོགས་པོ་དེས་ནང་མི་ཁྱིམ་མཚེས་རྣམས་ལ་གྱེས་ཕྱག་ཕུལ་ཏེ་ཆ་རྒྱུས་མེད་པའི་མི་རིགས་མི་གཅིག་པ་མང་པོ་ཞིག་དང་ལྷན་དུ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་གནམ་གྲུར་འཛུལ་ཏེ་རིམ་བཞིན་སའུ་དྷིའི་གནམ་ཐང་དུ་སླེབས་མ་ཐག བཟོ་གྲྭའི་བདག་པོ་ཡིན་ཟེར་བའི་མགོ་ལ་ཞྭ་མོ་དཀར་པོ་གྱོན་ཞིང་འགྲམ་པར་རྒྱ་དང་། མ་ནེར་ཨ་ར་རིང་མོ་སྐྱེས་ཡོད་པ། གཟུགས་སྟོབས་ཁོ་ལས་དོ་ལོག་གིས་ཆེ་བའི་མི་འགའ་ཞིག་སྔོན་མ་ནས་ཁོང་རྣམ་པར་བསྒུགས་ནས་བསྡད་འདུག། གྲོགས་པོ་ཉི་མ་གཙོས་པའི་རྒྱ་བལ་གྱི་མི་སེར་སུམ་ཅུ་ལྷག་རླངས་འཁོར་རིང་མོ་ཞིག་གི་ནང་བཞག་ནས་ཐད་ཀ་བཟོ་གྲྭའི་ཁོངས་སུ་གཏོགས་པའི་ཨར་འདམ་ལས་གྲུབ་པའི་ཐོགས་བརྩེགས་མང་པོ་ཅན་གྱི་ཁང་ཚན་ཞིག་གི་ནང་ཁྲིད་ཅིང་ཁང་མིག་རེ་རེར་ཁོང་ཚོ་བཞི་རེ་བྱས་ཏེ་བཞག་འདུག གྲོང་གསེབ་ཆུང་ངུ་ནས་ཡིན་པའི་གྲོགས་པོ་དེ་ནི་སྐད་རིགས་སོགས་སློབ་སྦྱོང་གི་ནུས་པ་ཤིན་ཏུ་ཞན་པས་སྤྱིར་རྒྱལ་ས་དག་དང་། ཁྱད་པར་དུ་དེང་དུས་ཡར་རྒྱས་སྔོན་ཐོན་གྱི་རྒྱལ་ཁབ་དེར། ཐ་ན་ཟ་འཐུང་འགྲོ་འདུག་གི་སྤྱོད་ལམ་སོགས་གང་ཅིའི་ཐད་ནས་ཕ་རོལ་པོ་དང་དཔུང་པ་མཉམ་གཤིབས་བྱས་ཏེ་འགྲོ་དགོས་ཁེལ་སྐབས་གཞན་གྱི་དམའ་འབེབས་དང་འཕྱ་སྨོད་བྱེད་པ་སོགས་དཀའ་སྡུག་མི་ཉུང་བ་ཞིག་ཕྲད་ཡོད་པ་སྨོས་ཀྱང་ཅི་དགོས།

མི་རིང་བར་བཟོ་གྲྭའི་སྦྱིན་བདག་དེ་སླེབས་ནས་ཁོང་ཚོ་སྡོད་སའི་ཉེ་འགྲམ་དུ་གོས་ལོག་གི་བཟོ་གྲྭ་ཆེན་པོ་ཞིག་འདུག་པ་དེའི་ནང་ཉིན་ཤས་ལས་ཀ་བྱེད་སྟངས་བསླབས་ཤིང་གང་མཚམས་རྗེས་དངོས་སུ་ལས་ཀ་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད། རིམ་བཞིན་ཤག་རོགས་དང་། ལས་རོགས་ཚོ་དང་འབྲེལ་འདྲིས་ཆགས་པ་ནས་བཟུང་ག་ལེར་ཉམས་མྱོང་གི་ན་སོ་རྒྱས་ཏེ་རྒྱལ་ཁབ་དེའི་འགྲོ་སྟངས་འགྲོ་ལུགས་སོགས་ལ་བྱང་ཆུབ་ནས་ཉིན་ལྟར་སྐྱིད་མ་སྡུག་གི་ལས་ཀར་འབད་འབུངས་བྱེད་བཞིན་པ་རེད། ད་དུང་བཟོ་གྲྭའི་སྦྱིན་བདག་ཁ་ཆེ་བ་དེ་ཉིད་གཞན་དང་མི་འདྲ་བའི་སེམས་བཟང་ལ་ལག་ཡང་མོ། དུས་ཚོད་ལ་གླ་ཕོགས་སྟེར་མཁན། སྐབས་རེ་དུས་ཆེན་ཁག་ཏུ་རྔན་པའི་ཚུལ་དུ་སྒོར་མོ་སྟེར་གྱི་ཡོད་ཚུལ་སོགས་ཡུལ་མི་ཚོའི་ཁ་ནས་ཐོས་ཡོང་གི་འདུག

མདོར་ན་བཟོ་གྲྭའི་སྦྱིན་བདག་དེའི་མཐུན་འགྱུར་དང་གྲོགས་པོ་ཁོ་རང་གི་སེམས་ཤུགས་གཉིས་ཚོགས་ལ་བརྟེན་ནས་ལོ་གསུམ་བཞིའི་རྗེས་སུ་སྔར་ཡུལ་མི་ཕྱུག་བདག་རྣམས་ལས་བསྐྱིས་པའི་བུ་ལོན་ཐམས་ཅད་བཅལ་ཞིང་ད་དུང་རང་གི་ནང་མི་ལའང་སྒོར་མོ་མི་ཉུང་བ་ཞིག་བསྐུར་ཐུབ་པ་བྱུང་ཡོད། དེ་ནས་བཟུང་ལོ་གསུམ་རེ་དབར་ལ་ཟླ་བ་གཉིས་གསུམ་གྱི་གུང་སེང་བླངས་ནས་ནང་མི་ཐུག་ཕྱིར་རང་ཡུལ་ན་ལོག་ཡོང་གི་ཡོད་པ་དང་། རང་ཡུལ་འོང་ཐེངས་གཉིས་པར་ཆུང་དུས་ནས་འབྲེལ་འདྲིས་ཆེས་ཟབ་པའི་སེམས་མཐུན་གྱི་སྐྱེས་མ་མིང་ལ་ནོར་འཛོམས་ཟེར་བའི་བུ་མོ་སེམས་བཟང་ཅན་ཞིག་ཆུང་དུས་ནས་ལོ་དང་ཟླ་བའི་ཕྲེང་བ་འཐེན་གྱིན་ཁོ་ཉིད་ལ་བསྒུགས་ནས་ཡོད་པ་དེ་ཉིད་ལོ་དེར་མནའ་མར་བསུས་ཤིང་། དུས་སྟོན་དང་བསྟུན་ནས་ཡུལ་མི་ཀུན་ལ་ཐུགས་སྤྲོ་ཉི་མ་གཉིས་ཀྱི་རིང་བཏང་ཡོད་པ་རེད། དེ་དུས་སྔར་དང་ཐོག་རང་ཉིད་ཕྱི་རྒྱལ་ལ་མ་ཐར་བའི་སྟེང་བུ་ལོན་མང་པོ་ཟུགས་ཡོད་པའི་སྐབས་རིགས་རྒྱུད་ཀྱི་སྣ་བཅད་བྱུང་ཟེར་བ་སོགས་མངོན་ལྐོག་གཉིས་ནས་ཁ་གཏོང་མཁན་གྱི་ཡུལ་མི་ང་རྒྱལ་ཅན་རྣམས་ཀྱང་མདུན་དུ་ཤ་ཆང་སྣ་ཚོགས་ཀྱི་ཞལ་ཟས་རོ་བརྒྱའི་གྲལ་བསྟར་བ་མཐོང་མ་ཐག འཚང་ཁ་ཤིག་ཤིག་གིས་གྲལ་མགོར་བསྡད་དེ་འཛུམ་མུལ་མུལ་གྱི་མགྲིན་པ་ཡན་ཆད་ནས་བསྟོད་བསྔགས་ཚིག་གི་མེ་ཏོག་དཀར་པོ་གཏོར་གྱིན་ཡོོད་པ་ཤེས། དེ་ནས་རིམ་བཞིན་ཕྱི་རྒྱལ་ཕྱིན་དུ་ནས་སླར་ཡང་དཔལ་འབྱོར་མི་ཉུང་བ་ཞིག་བསགས་པའི་ཤུལ་དུ་རང་ཡུལ་ན་ཁང་པ་གསར་དུ་བསྐྲུན་ཞིང་ས་ཞིང་མང་པོ་ཉོས། གཞན་ཡང་ཁྱིམ་མི་ཡོངས་རྫོགས་བལ་ཡུལ་ནང་གི་གནས་ཆེན་ཁག་མང་པོར་གནས་སྐོར་ལ་ཁྲིད་པ་དང་སྐབས་རེ་སྤྲོ་གསེང་ལ་འཁྲིད་ཀྱིན་ཡོད། དུས་དེ་ནས་བཟུང་མཚམས་རེ་ཕྱི་རྒྱལ་ཁག་ལ་ལས་ཀ་བྱེད་དུ་འགྲོ་བ་དང་བར་གསེང་སྐབས་རང་མི་ཁྱིམ་མཚེས་ཐུག་ཕྱིར་རང་ཡུལ་དུ་ལོག་འོང་བ་སོགས་ནམ་རྒྱུན་ལྟར་རེད། མདོར་ན་གྲོགས་པོ་དེ་ནི་སྐྱིད་སྡུག་དཀའ་ལས་གང་ལའང་བཟོད་བསྲན་བྱེད་ཐུབ་པའི་སྐྱེས་པ་བློ་ཁོག་ཆེན་པོ་ཞིག་ཡིན་པ་ཁོ་བོ་ཡིད་ཆེས་ཡོད། རེད་ཡ། གནས་སྐབས་ཀྱི་སྡུག་བསྔལ་དག་ལ་གདོང་ལེན་བྱེད་ཐུབ་མཁན་ཚོས་མ་འོངས་མཐར་ཐུག་གི་འབྲས་བུ་གྱ་ནོམ་པ་ཞིག་ལག་ཏུ་ལོན་ངེས་ཡིན་པ་ཆོས་ཉིད་རེད། སྔར་ང་རང་སློབ་གྲྭའི་འཛིན་རིམ་བརྒྱད་པ་མཐར་ཕྱིན་ནས་རྡོར་གདན་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་མཐའ་གྲུབ་པ་དང་ཐད་ཀ་རང་ཡུལ་དུ་ཕྱིན་པའི་ལོ་དེར་གྲོགས་པོ་ཉི་མ་ཕྱི་རྒྱལ་ནས་ནང་དུ་ལོག་ཡོང་བ་དུས་མཉམ་ཁེལ་བྱུང་། དེ་དུས་གྲོགས་པོ་དེ་ནི་ཕྲུ་གུ་གཅིག་གི་ཨ་ཕ་དང་། སྐྱེས་མ་ཞིག་གི་བཟའ་ཟླ་ཆགས་ཟིན་པ་རེད་ལ་རང་གི་སྲོག་ལྟར་གཅེས་པའི་བུ་ཕྲུག་གཅིག་པོ་དེ་ཡང་ཡམ་བུར་སྒེར་གྱི་སློབ་གྲྭ་ཆེན་མོ་ཞིག་གི་ནང་སློབ་སྦྱོང་བྱེད་མུས་རེད། དེའི་ཚེ་ཉིན་ཞིག་གི་ཕྱི་དྲོར་ཆུང་དུས་ཀྱི་རྫི་རོགས་རྣམས་མཉམ་འཛོམས་ཀྱིས་དགོང་ཟས་ལ་རོལ་བཞིན་པའི་སྐབས་གྲོགས་པོ་ནོར་བུས་འདི་ལྟར་དྲན་གསོ་བྱས་བྱུང། སྔར་ང་ཚོ་རྫི་བོར་འགྲོ་བཞིན་པའི་དབྱར་དུས་ཤིག་ན་མཚན་གང་པོར་ཆར་པ་བབས་པས་རི་ལུང་ཐམས་ཅད་བརླན་པར་གྱུར་བའི་སྔ་དྲོར་གནམ་རྒྱས་ཤིང་ཉི་མ་ལ་ཁར་འཆར་བའི་ཚེ། ང་ཚོས་དུས་རྒྱུན་ལྟར་བ་ཕྱུགས་མཉམ་དུ་བསྲེས་ཏེ་རི་བོ་འབོག་འབོག་ཟེར་བའི་གྱེན་ཅུང་ཟད་གཟར་ཞིང་རྩྭ་ཆུ་མོད་པོ་ཡོད་སར་བ་ཕྱུགས་རྣམས་སྔུན་དུ་བཏང་ཞིང་ང་ཚོ་ཉེ་འདབས་ཀྱི་རི་བོ་ཙོང་ཙོང་གི་རྩེ་མོར་བསྒུགས་ནས་ཡོད་སྐབས། ཉིན་ཕྱེད་ཡོལ་ཙམ་རྗེས་གློ་བུར་དུ་རྣ་བར་དུས་རྒྱུན་དང་མ་འདྲ་བའི་བག་བག་6ཟེར་བའི་སྒྲ་ཆེན་པོ་ཞིག་བསྟུད་མར་གྲགས་འོང་བ་དང་ལྷན་དུ་བ་གླང་རྣམས་འབའ་སྒྲ་བྱིན་གྱིན་རྔ་མ་གྱེན་དུ་བསླངས་ནས་ཕར་ཚུར་བྲོས་འགྲོ་བ་མཐོང་། ང་ཚོའི་བསམ་པར་དེ་རིང་བ་གླང་གི་ཁྱུ་ལ་གཅན་གཟན་གྱིས་འཇབ་རྒོལ་བྱས་པ་ཡིན་ནམ་ཟེར་ནས་དེ་མུར་ལག་ཏུ་དབྱུག་པ་ཐོགས་ཏེ་ལྟ་རུ་ཕྱིན་པ་ན། གྲོགས་པོ་ནོར་བུ་ཚང་གི་ཁ་དོག་དམར་ལ་རྭ་ཅོ་ཐུང་ཐུང་ཅན་གྱི་བ་མོ་སྦྲུམ་མ་དེ་ཉིད་ཡ་གི་རི་བོ་འབོག་འབོག་གི་སྐེད་པ་ནས་སྤང་རློན་པར་སུག་ལག་འདྲེད་བརྡབ་ཤོར་ཏེ་མགོ་རྟིང་ལོག་ནས་མར་འགྲིལ་འགྲོ་བཞིན་པའི་སྐད་སྒྲ་རེད། ང་ཚོའི་མིག་གིས་མཐོང་གིན་མཐོང་གིན་ཡུད་ཙམ་ཞིག་ནས་མ་གི་ཤུག་སྡོང་གི་ཚང་ཚིང་ཆེན་པོ་ཡོད་ས་དེར་ཟགས་བྱུང་། དེར་ལྟ་རུ་སོང་བ་ན་བ་མོའི་ཁ་སྣ་གཉིས་ནས་ཁྲག་བཞུར་གྱིན་འདུག་ལ་ཕྱི་དབུགས་ཀྱང་ཆད་ལ་ཁད་རེད། དེ་མ་ཐག་ང་ཚོས་ཤུག་པའི་ཡལ་ག་བཅག་ནས་དེར་བཀབ་ཅིང་གྲོགས་པོ་ནོར་བུ་དེ་ཉིད་རང་གི་ནང་མིར་སྐད་བརྡ་གཏོང་དུ་བཏང་ཞིང་བ་ཕྱུགས་ལྷག་མ་རྣམས་ང་དང་ངའི་གྲོགས་པོ་ཉི་མས་བདས་ནས་ས་གནས་གཞན་ལ་བུད། གྲོགས་པོ་ནོར་བུས་ཟེར་ན་ཁོང་ཚོ་ཁྱིམ་ནས་ཚུར་འབྱོར་སྐབས་བ་མོའི་ཕུང་པོར་བྱ་རྒོད་ལྡིང་སྐོར་རྒྱག་གིན་ཡོད་པ་དང་མིག་གཉིས་བཏོན་ནས་བཟས་ཚར་འདུག་ཟེར། ཉིན་དེའི་དགོང་མོ་གྲོགས་པོ་ནོར་བུ་ཨ་ཕའི་བཀའ་བཀྱོན་ལ་འཇིགས་ནས་ང་ཚོའི་ཁང་པར་བྲོས་བྱོལ་དུ་སླེབས་ཡོད་ཚུལ་སོགས། མདོར་ན་སྔར་འདས་ཟིན་པའི་སྐྱིད་མ་སྡུག་གི་སྐད་ཆ་དེ་དག་གླེང་ནས་ནམ་ཕྱེད་ཡོལ་འགྲོ་བའང་མ་ཚོར། དངོས་ནས་སོ་སོའི་ལས་ཀྱི་བསྐོས་ཐང་ཟེར་བ་དེ་ཡ་མཚན་པ་ཞིག་ཅི་ལ་མིན་ཡ། ལྟོས་དང་། སྔར་དང་ཐོག་ང་ཚོ་ཕྱུགས་རྫི་ཡིན་པ་གཅིག་མཚུངས་ཡིན་ཡང་ད་ལྟའི་སྐབས་རང་རང་གི་དམིགས་ཡུལ་དང་འགྲོ་ལམ་རྦད་དེ་ཐ་དད་ཆགས་ཟིན་པ་རེད།

   དེ་ལྟར་ཟླ་བ་གཉིས་ཀྱི་གུང་སེང་རྫོགས་ཁ་མར་ཁོ་བོས་ཕ་མ་སྤུན་མཆེད་གཙོས་པའི་ཉེ་རིང་གི་གྲོགས་པོ་རྣམས་དང་གནས་སྐབས་རིང་ཁ་གྱེས་ནས་རང་དགོན་གྱི་མཐོ་སློབ་ཆེན་མོར་གཟུད་ཕྱིར་གསར་རྒྱུགས་གཏོང་དུ་ལོག་འོང་བ་ཡིན། གྲོགས་པོ་གཞན་ཀུན་ནམ་རྒྱུན་ལྟར་རང་རང་གི་ལས་ཀར་འབུངས་ཤིང་། གྲོགས་པོ་ཉི་མ་འབྲུག་སྒྲ་ནི་གུང་སེང་རྫོགས་མ་ཐག་ནང་མི་ཤུལ་དུ་བཞག་ནས་སླར་ཡང་སྔར་གྱི་ས་གནས་དེར་ལས་ཀ་བྱེད་ཕྱིར་ཐོན་གྱི་ཡིན་ཟེར། དུས་དེ་ནས་བཟུང་ང་གཉིས་དབར་མཚམས་རེ་ངོ་དེབ་ལམ་ནས་སྐད་ཆ་བྱུང་བ་ཙམ་ལས་དངོས་སུ་ཕྲད་པའི་གོ་སྐབས་མ་རྙེད། གྲོགས་པོ་དེ་ཉིད་སླར་ཡང་ཕྱི་རྒྱལ་ཕྱིན་ཏེ་སྔར་ལྟར་ས་གནས་མི་གཅིག་པའི་ལས་རོགས་རྣམས་དང་ལྷན་དུ་གྱོན་ཆས་ཀྱི་བཟོ་གྲྭ་ཆེན་པོ་དེར་ཧུར་ཐག་རྦད་ཐག་གི་ལས་ཀ་བྱེད་བཞིན་པའི་སྒང་རེད། ཁོང་གི་ནང་མི་རྣམས་གསར་དུ་བཟོས་པའི་ཁང་ཁྱིམ་ན་སྤོས་ཏེ་ལོ་གཅིག་ཟིན་ལ་ཉེ་བའི་ཉིན་ཞིག་གི་ཕྱི་དྲོར་གློ་བུར་དུ་ཕྱི་རྒྱལ་ནས་གྲོགས་པོ་ཉི་མའི་ཁ་པར་འབྱོར་ཏེ་རང་ཉིད་མི་རིང་བར་ཕ་ཡུལ་ལོག་ཡོང་གི་ཡོད་པའི་གནས་ཚུལ་གསལ་ལ་མ་གསལ་ཞིག་བཤད་འདུག

  དུས་མིན་རང་ཡུལ་ལོག་དགོས་དོན་ཡང་། སྟབས་མ་ལེགས་པ་ཞིག་ལ་ལས་ཀ་ལས་བཞིན་པའི་སྐབས་བཟོ་གྲྭའི་སྣལ་མ་འཐག་བྱེད་ཀྱི་འཕྲུལ་འཁོར་ནང་ལག་གཡས་ཚུད་ནས་ཕྱིར་འཐེན་ཙ་ན། གློ་བུར་དུ་འཕྲུལ་ཆས་མྱུར་དུ་འཁོར་བ་ལ་བརྟེན་ནས་ལག་གཡས་བཏུབ་སྟེ་ཆད་ལ་ཁད་དུ་བཏང་ཡོད་པ་དང་། རིམ་བཞིན་སྨན་པ་མང་པོ་བསྟེན་ཀྱང་ཕན་ཐོགས་མ་བྱུང་ནས་མཐར་ལག་གཡས་གཅོད་དགོས་ཐུག དུས་དེ་ནས་བཟུང་ལས་རོགས་རྣམས་དང་ལྷན་དུ་སྔར་ལྟར་ལས་ཀ་བྱེད་ཐབས་བྲལ། དེའི་རྗེས་སུ་བཟོ་གྲྭའི་སྦྱིན་བདག་གིས་སྒོར་མོ་འགའ་ཞིག་བྱིན་པའི་ཤུལ་དུ་ལས་ཀའི་གྲལ་ནས་གཏན་དུ་དགོངས་པ་གནང་ཡོད་པ་རེད། དེང་སང་གྲོགས་པོ་ཁོང་རང་ཡུལ་ན་ནང་མི་སྤུན་མཆེད་རྣམས་དང་ལྷན་དུ་ལས་ཀ་རྩག་རྩིག་འདྲ་བྱས་ཏེ་མི་ཚེ་སྐྱེལ་གྱིན་ཡོད་པའོ།།


  1. ངའི་ཕ་ཡུལ་ན་ཡོངས་གྲགས་སུ་བེད་སྤྱོད་གཏོང་གིན་ཡོད་པའི་ཐ་སྙད་ཅིག་ཡིན་ཞིང་འདིའི་དོན་ནི་དཔེར་ན་སྒོ་ཕྱུགས་རྣམས་བོར་བརླག་ཏུ་ཤོར་ནས་མིག་གི་མཐོང་སར་མེད་པའི་དོན་ཡིན།
  2. ཉིན་རེར་ཁང་ཚན་གཉིས་རེ་སྐས་བྱས་ཏེ་ཡུལ་མིའི་ཞིང་ཁ་ཡོད་དོ་ཅོག་ལྟ་སྲུང་བྱེད་དགོས་ཡོད་པ་དང་། གལ་ཏེ་ཕྱུགས་ཟོག་རིགས་ཞིང་ཁར་འཛུལ་ཡོད་པ་མཐོང་ན་དེ་མ་ཐག་དོ་བདག་ལ་བརྡ་ལན་བཏང་སྟེ་མཐར་ཟླ་རེའི་ཚོགས་འདུ་སྐབས་ཡུལ་མི་ལྷན་འཛོམས་ཐོག་ར་ལུག་རེ་ལ་སྒོར་ལྔ་བཅུ། བ་གླང་ལ་སྒོར་བརྒྱ། གཡག་དང་རྟ་ལ་སྒོར་ལྔ་བརྒྱ་བཅས་ཡུལ་གཞུང་ལ་ཆད་པ་སྟེར་དགོས་ཡོད།
  3. གོ་ལ་ཧྲིལ་པོར་རེ་གཟའ་སྤེན་པ་དང་ཉི་མ་གཉིས་གུང་སེང་ཡིན་མོད། རང་རེའི་བལ་ཡུལ་ན་དེ་ལས་ལྡོག་སྟེ་རེ་གཟའ་པ་སངས་ཉིན་ཕྱེད་དང་སྤེན་པ་ཉིན་གང་པོ་གུང་སེང་རེད།
  4. སྒོར་མོ་ལ་ཟེར་བ་ཡིན།
  5. གང་ཟག་གང་ཞིག་གིས་བསྐྱོད་པར་འདོད་སའི་རྒྱལ་ཁབ་དེའི་དབང་འཛིན་པས་སྐྱེ་བོ་དེ་ཉིད་རྒྱལ་ཁབ་དེར་བསྐྱོད་ཆོག་པ་མཚོན་བྱེད་དུ་དེའི་ཕྱི་བསྐྱོད་ལག་ཁྱེར་སྟེང་བཀོད་པའི་ཆོག་མཆན། འགྲེལ་བཤད་འདི་སྨོན་ལམ་ཚིག་མཛོད་ལྟར་དུའོ།།
  6. མར་འགྲིལ་བཞིན་པའི་སྒྲ་ཞིག་ཡིན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།