གློག་འོད་འོག་གི་མུན་པ།

ལོ་རིམ་དགུ་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

འདི་ནས་ཡར་བརྩིས་པའི་ལོ་ངོ་དྲུག་ཅུའི་སྔོན་དུ་རུད་གྲོང་ཚོའི་རི་འདབས་སུ་ཤུག་པ་དང་སྤ་མ་ཧ་ཅང་མང་བ་དང་། ཞིང་ཟུར་དུ་བསེ་བ་1དང་། སྐྱེར་བ། བལ་རྩེ་དང་། ད་དུང་མིང་མི་ཤེས་པའི་ཤིང་ཕྲན་མང་པོ་ཞིག་ཡོད་མོད། སྐབས་དེར་དུས་ལོག་དབང་གིས་རྒྱའི་མཐའ་མཚམས་སྲུང་དམག་རྣམས་རུད་གྲོང་ཚོའི་སྟོད་དེར་དམག་སྒར་བཅས་ཏེ་གནས་སྡོད་བྱས་པ་དང་། དམག་མི་རྣམས་ཐག་རིང་སར་བུད་ཤིང་འཐུ་རུ་འགྲོ་མ་འདོད་པས་གྲོང་ཚོ་དེའི་གཡས་གཡོན་གྱི་ཤུག་པ་དང་སྤ་མ་རྣམས་ཆེ་ཆུང་ལ་མ་ལྟོས་པར་རྩ་བ་ནས་བཀོག་སྟེ་བུད་ཤིང་ཆེད་དུ་བེད་སྤྱད་པས། ད་ལྟའི་ཆར་ཡུལ་ཚོ་དེའི་གཡས་གཡོན་གྱི་རི་འདབས་སུ་ཤུག་པ་དང་སྤ་མ་སྐྱེས་པའི་ཤུལ་ཙམ་ཡང་མེད། ད་དུང་རྗེས་སུ་བསེ་བ་དང་། སྐྱེར་བ། བལ་རྩེ་སོགས་ཀྱང་ཡུལ་མི་རྣམས་ཀྱིས་ར་སྐོར་སོགས་ཀྱི་ཆེད་དུ་གཅོད་འབྲེག་བྱས་ཏེ་མཛེས་སྡུག་ལྡན་པའི་ལྗང་མདོག་གི་ཁ་དོག་བཤུས་ཏེ་སྐྱ་ཐེར་ཐེར་གྱི་ན་བཟའ་བཀླུབ་དགོས་བྱུང་།

ཡར་ལྷ་མཆོད་རྒྱུ་དང་མར་ཀླུ་གསོ་རྒྱུའི་གོམས་གཤིས་ནི་མེས་པོ་གོང་མ་ནས་ད་ལྟའི་ངེད་ཅག་བར་ཤ་གསེང་དང་རུས་གསེང་དུ་ཐིམ་ཡོད་པས།  དབྱར་དུས་ནོར་ཕྱུགས་ཀྱི་སྤུ་བཞིན་ལས་སླ་པོས་བརྗེ་བསྒྱུར་ག་ལ་གཏོང་ཐུབ། འོན་ཀྱང་དེ་རིང་ཁ་སང་ཤིང་ནགས་སྲུང་སྐྱོབ་ཚོགས་པས་ཟེར་ན་ལྷ་ཀླུ་མཆོད་གསོལ་བྱེད་མཁན་གྱི་ཡུལ་དེར་ཤིང་ནགས་བཅད་བཏུབ་དང་ས་རྐོ་རྡོ་སློག་བྱེད་མཁན་ཧ་ཅང་ཉུང་ཞིང་། རང་བྱུང་གི་ཁོར་ཡུག་ཏུ་དྭངས་གཙང་གི་མཁའ་དབུགས་བརྔུབ་རྒྱུ་ཡོད་ཟེར། འོ། དེ་ནི་བདེན་གཏམ་ཉག་ཅིག་ཡིན།

རུད་གྲོང་ཚོའི་གཤམ་དུ་ཡོད་པའི་ཚང་ཚིང་ཆུང་ཆུང་དེར་སྐྱེར་བ་དང་། བསེ་བ་སོགས་ཤིང་སྣ་མང་པོ་ཞིག་ཡོད་པས། སྔ་ནས་ད་ལྟའི་བར་ལོ་ངོ་མང་པོའི་རིང་གཅོད་འབྲེག་བྱེད་མ་མྱོང་བས། ད་ལྟ་ཤིང་ཕྲན་མང་པོ་ཞིག་སྐྱེས་རྩལ་བཟང་པོས་དབུ་འཕང་གནམ་ལ་བཏེག་སྟེ་སྐྱེས་ཡོད་ལ། ཡུལ་མི་རྣམས་ཀྱི་གནའ་སྔ་མོ་ནས་གནས་དེར་ཀླུ་གནས་ཡོད་ཟེར་ཞིང་། ད་ལྟའི་བར་ཡོག་ཤིང་ཙམ་ཡང་འབྲེག་མ་མྱོང་། དབྱར་དུས་བསེ་བའི་འབྲས་བུའམ་བསེ་ཏོག2དམར་སྨུག་མང་པོ་ཞིག་སྐྱེས་ཡོད་ཀྱང་བྱིས་པ་རྣམས་ཀྱིས་དེར་ལག་པའང་ཐུག་མི་སྲིད། ཚང་ཚིང་ཆུང་ཆུང་འདི་ནི་སྔ་ནས་ད་ལྟའི་བར་ཀླུས་བདག་ཏུ་བཟུང་ཟིན་པས། དེར་བརྟེན་ཡུལ་མི་རྣམས་ཀྱིས་རྫི་བོ་གནའ་སར་ཕོག་ཐུག་དང་བཙོག་གྲིབ་སོགས་ཅི་ཡང་བྱེད་མ་མྱོང་ལ། ད་དུང་ཡུལ་མི་རྒན་གྲས་རྣམས་ཀྱིས་མཚམས་རེར་ཀླུ་བསང་དང་། ཀླུ་མཆོད་ཕུལ་ཅིང་ཁ་བཏགས་མང་པོ་ཞིག་ཀྱང་ཤིང་སྡོང་ལ་བཏགས་ཡོད་པས། རྒྱང་རིང་ནས་བལྟས་ན་ཚང་ཚིང་ཆུང་ཆུང་དེ་ཧ་ཅང་ས་རྩུབ་མོ་ཞིག་ཡིན་པ་ཤེས་ངེས།

གྲོང་མི་རྣམས་ཡར་མར་འགྲོ་སྐབས་ལམ་དེར་ངེས་པར་བཞུད་དགོས་པར་བརྟེན་ལམ་འོག་གི་ཚང་ཚིང་དེར་མིག་གིས་མ་བལྟས་ཀྱང་རང་བཞིན་གྱི་མཐོང་ངེས། མཚམས་རེར་འགྲུལ་པ་རྣམས་དགོང་མོ་འཕྱི་པོར་གནས་དེར་སླེབས་དུས་སེམས་ལ་ཞེད་སྣང་དང་། དངངས་སྐྲག་ཀྱང་སྐྱེས་འོང་། བཤད་ཚོད་ལ་མཚན་མོར་ཚང་ཚིང་དེའི་ནང་མེ་དམར་ལྷབ་ལྷབ་མཆེད་པ་མཐོང་བ་དང་། མཚམས་རེར་གློག་འོད་འཁྱུག་པ་སོགས་ཡ་མཚན་པའི་གཏམ་རྒྱུད་མང་པོ་ཞིག་ལོ་ངོ་དུ་མའི་རིང་ནས་ད་ལྟའི་བར་གྲོང་མི་རྣམས་ཀྱི་ངག་རྒྱུན་དུ་མ་ཎི་བཞིན་གདོན་རྒྱུ་ཡོད།

གྲོང་ཚོའི་རྒྱབ་ཕྱོགས་ནས་བཞུར་འོང་བའི་མར་གཙང་གི་ཆུ་བོ་དེ་ཡང་རྫི་བོ་གནའ་སའི་ཚང་ཚིང་གི་ཉེ་འགྲམ་ནས་སྨད་ཕྱོགས་སུ་བཞུད་ཀྱིན་ཡོད་ལ། སྟོན་དུས་ཆུ་བོ་རྒྱས་དུས་གཙང་ཆུ་རྙོག་ལོག་ལོག་གིས་རླབས་ཀྱི་གཟེགས་མ་གྱེན་དུ་འཕྱུར་གྱིན་རླབས་སྒྲ་དང་བཅས་རྒྱུག་འགྲོ་བས། ཡར་འགྲོ་མར་འགྲོའི་འགྲུལ་པ་རྣམས་ཤིང་ཟམ་གོག་པོ་དེར་གཡོལ་ཐབས་དང་གཟུར་ཐབས་ཅི་ཡང་མེད་པར་ངེས་པར་དུ་བགྲོད་དགོས་པས་མི་རྣམས་གནས་དེར་སླེབས་དུས་སྔར་ལས་ལྷག་པར་གཟབ་གཟབ་བྱེད། རྒྱུ་མཚན་ནི་མིའི་ཚེ་སྲོག་མང་པོ་ཞིག་མར་གཙང་གི་ཆུ་བོས་ཧམ་བཟུང་བྱས་ཏེ་ནམ་ཡང་ཕྱིར་ཡོང་རྒྱུ་མེད་པའི་ལམ་དུ་ཁྲིད་སོང་བས་མ་ཡིན་ནམ།

དང་པོ།

ཕྱི་ལོ་ ༡༩༩༨ ལོར་གོང་རིམ་3ནས་རུད་གྲོང་ཚོར་གློག་ཁང་གསར་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་། དུད་ཁྱིམ་རེ་ནས་མི་རེ་ངེས་པར་དུ་གློག་ཁང་གསར་བཟོའི་ལས་ཀར་འགྲོ་དགོས། དེ་ཡང་ཆུ་གློག་གི་འཆར་འགོད་པ་རྒན་ཚེ་རྡོར་གྱིས་ཐོག་མར་ས་ཆ་གང་སར་བརྟགས་ཏེ་ཆུའི་ཤུགས་ཚད་དང་ཆུ་ཡུར་འདྲུ་ས་སོགས་ལ་རྒྱུས་ལོན་བྱས་ཤིང་། གྲོང་ཚོའི་གཡས་ཕྱོགས་ཀྱི་གཙང་པོ་དེར་གློག་ཁང་བཙུགས་ན་ས་ཆའི་གནས་བབས་ལེགས་ཀྱང་དཔྱིད་ཀ་དང་དགུན་ཁའི་དུས་སུ་ཆུ་ཤུགས་མེད་པ་དང་། དགུན་ཁར་འཁྱགས་པས་བསྡམས་ནས་གཙང་ཆུ་རྒྱུག་མི་ཐུབ་པས་ཆུ་གློག་ཁུལ་4ཐབས་མེད། དེ་ལྟར་གློག་ཁང་འཆར་འགོད་པ་རྒན་ཚེ་རྡོར་ལགས་ཀྱིས་ས་ཆ་གང་སར་བརྟགས་ནས་ཉམས་ཞིབ་བྱས་པའི་མཐར། མར་གཙང་གི་ཆུ་བོ་དྲངས་ནས་རྫི་བོ་གནའ་སར་གློག་ཁང་འཛུགས་རྒྱུའི་ཐག་བཅད། སྐབས་དེར་ཡུལ་མི་རྣམས་སེམས་ནང་ཐེ་ཚོམ་དང་དངངས་སྐྲག་ཚད་མེད་བྱུང་ཞིང་།  མི་ལོ་དུ་མའི་རིང་མི་སུ་ཞིག་གིས་ཀྱང་གནས་དེར་ས་རྐོ་རྡོ་སློག་བྱ་རྒྱུ་ཕར་ཞོག  ཐ་ན་བུད་ཤིང་མགལ་དུམ་ཞིག་ཀྱང་འཐུ་མ་མྱོང་ཞིང་། རྫི་བོ་གནའ་སའི་ཚང་ཚིང་ཆུང་ཆུང་དེ་ས་ཆ་རྩུབ་ལ་སྔ་ནས་ད་བར་ཀླུས་བདག་ཏུ་བཟུང་ཟིན་པས་གལ་ཏེ་ས་རྐོ་རྡོ་སློག་བྱས་ན་ཡུལ་དེར་གོད་ཆག་དང་བཀྲ་མི་ཤིས་པ་ཡོང་ངེས་པའི་ཡུལ་དེའི་རྒན་རབས་རྣམས་ཀྱིས་གློག་གི་འཆར་འགོད་པར་གནས་ཚུལ་ཞིབ་ཕྲ་བཤད་ཀྱང་། ཁོང་ལ་ས་ཆ་དེ་ལས་ཡག་པ་ཞིག་མ་རྙེད་པས་བྱེད་ཐབས་ཅི་ཡང་མ་བྱུང་། ཁོས་བསམ་གཞིག་གི་ཀློང་དུ་ཡུལ་མི་དེ་དག་ཅི་འདྲའི་རྨོངས་དད་ཆེ་ཨང་། ཤིང་ཀྱོག་ཀྱོག་ཡོད་ཚད་ལ་ཀླུ་དང་། རི་ཙོག་ཙོག་ཡོད་ཚད་ལྷ་རུ་སྒོམ་པའི་གྲོང་གསེབ་པ་དེ་ཚོ་ནི་ངོ་མ་ལྐུགས་པ་ཞིག་རེད་སྙམ་ཞིང་། རང་ཉིད་ནི་སྤྱི་ཚོགས་ཀྱི་མཐོང་ཐོས་ཡོད་པས་དངོས་མཐོང་ལག་ཟིན་གྱི་བྱ་དངོས་མ་གཏོགས་ཁས་མི་ལེན་པའི་ད་ཐེངས་མང་ཚོགས་ཀྱི་བསམ་འཆར་ལ་དང་ལེན་རྩ་བ་ནས་མ་བྱས། མ་གཞི་ཁོ་རང་ཡང་བོད་རིགས་ཤིག་ཡིན་ནའང་། ཆུང་དུས་རྒྱལ་ནང་གི་སློབ་གྲྭར་འགྲིམས་ཤིང་སྐབས་དེའི་སྤྱི་ཚོགས་ཀྱི་སློབ་གསོའི་མཁའ་དབུགས་འོག་ཚར་ལོང་བྱུང་བས། ད་ཆ་ཁོ་རང་གནས་ཚུལ་མང་པོ་ཞིག་ཁོའི་བསམ་པའི་ཡུལ་ནས་ནམ་ཡང་ཁས་མི་ལེན།

ད་དུང་ཁོང་གིས་“ང་ནི་གོང་རིམ་གྱི་བཀའ་གཞིར་བཟུང་ས་གནས་འདིར་གློག་ཁང་འཛུགས་སྐྲུན་ཆེད་དུ་ཡོང་བ་ཡིན་པས། གལ་སྲིད་གྲོང་ཚོ་འདིར་གློག་མི་དགོས་ཚེ་གོང་རིམ་ལ་ཞུས་ཀྱང་ཆོག” ཅེས་ཚིག་ཐག་ཆོད་པོས་བཤད།

འཇིག་རྟེན་གྱི་གཏམ་དཔེར། བཟུང་ན་ལག་པ་ཚིག། །བཏང་ན་རྫ་མ་ཆག །ཅེས་པའི་དཔེ་ལྟར་ཆུ་གློག་འཛུགས་སྐྲུན་མ་ཐུབ་ཚེ་ཡུལ་དེར་སྔར་བཞིན་སྣུམ་ཞུན་གྱི་སྒྲོན་མེ་སྤར་རྒྱུ་ལས་དེ་སྔོན་རྨིས་མྱོང་བའི་ཁྲ་ཆེམ་ཆེམ་གྱི་གློག་འོད་མིག་སྔར་མཐོང་མི་ཐུབ་ཅིང་། གལ་སྲིད་གནས་དེར་གློག་ཁང་བཙུགས་ན་ས་གཞི་ཧ་ཅང་རྩུབ་པས་ཀླུ་འཁྲུགས་ཚེ་ཡུལ་དུ་ཀླུ་ནད་དང་། བཀྲ་མི་ཤིས་པའི་གོད་ཆག་འོང་ངེས་པས་ད་ནི་ཅི་ཡང་བྱེད་ཐབས་མེད་པར་གྱུར།

ཉིན་ཤས་རྗེས་གྲོང་ཚོའི་སྟོད་སྨད་ཀྱི་ཚོན་ཀྲང5་དང་ཡུལ་མི་རྒན་གྲས་རྣམས་འཛོམས་ཏེ་གྲོས་སྡུར་བྱས་ཤིང་། ལོ་ངོ་མང་པོའི་རིང་གོང་རིམ་ལ་ཡར་ཞུས་ཀྱིས་ཆུ་གློག་གསར་འཛུགས་ཀྱི་རོགས་སྐྱོར་ཞུས་པ་བཞིན་ད་ལོའི་ཆར་དངོས་སུ་འཛུགས་སྐྲུན་འགོ་གཟུགས་རྒྱུ་བྱུང་བ་དེ་ལ་ཡུལ་མི་ཁ་ཤས་མོས་མཐུན་བྱུང་ཡང་། རྒན་རབས་པ་ཁ་ཅིག་མོས་མཐུན་རྩ་བ་ནས་མ་གནང། དེ་རྗེས་ཚོན་ཀྲང་གིས་སྔ་རྗེས་བར་གསུམ་དུ་བསམ་བློ་ཇི་ལྟར་བཏང་ཡང་། ད་ལྟའི་ཆར་ས་ཆ་དེ་ལས་ཡག་པ་ཞིག་མ་རྙེད་པས། མཐར་རྫི་བོ་གནའ་སར་ཀླུ་བསང་དང་ས་སློང་བྱས་ཏེ་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད།

ཕྱིའི་ཉིན་ཚོན་ཀྲང་གཙོས་པའི་གྲོང་རེའི་མི་རེ་དང་། གྲོང་ཚོའི་སྔགས་པ་བཅས་རྫི་བོ་གནའ་སར་ཕྱིན་ཏེ། ཀླུ་བསང་དང་ཀླུ་གསོལ་གནང་བ་དང་། དེ་རྗེས་ས་སློང་བྱས། རྒན་ཚེ་རྡོར་ལགས་ཀྱིས་གློག་ཁང་དང་། ཆུ་ཡུར། ཆུ་འགོའི་ཆུ་རགས་སོགས་ལ་ཐིག་ཚད་འཐེན་སྐབས། ཡུལ་མིའི་བསམ་པར་ཆུ་འཁོར་གྱི་རིགས་རྣམས་ཝ་6ནང་ནས་ཆུ་ཤུགས་ཀྱིས་འཁོར་སྐྱོད་ལ་བརྟེན་ནས་འབྱུང་གིན་ཡོད་ཀྱང་། ད་ལྟ་རུད་གྲོང་ཚོ་དེར་བཙུགས་པའི་གློག་ཁང་དེ་མར་གཙང་གི་ཆུ་བོ་ཡུར་བ་ནང་དྲངས་ཏེ་ཐད་ཀར་གློག་གི་ཁང་པ་ཕྱོགས་སུ་འཐེན་རྒྱུའི་ཚད་བརྒྱབ། འོན་ཀྱང་ཝ་བེད་སྤྱོད་མེད་པས་ཡུལ་མི་རྣམས་ཐེ་ཚོམ་དུ་གྱུར། མ་གཞི་ནས་མར་གཙང་གི་ཆུ་བོ་དེ་རྫི་བོ་གནའ་སའི་ཉེ་འཁྲིས་སུ་ཡོད་པས་ཆུ་ཝ་འཛུགས་ས་མེད། ཝ་མེད་པའི་གློག་ཁང་ཞིག་ཇི་ལྟར་བསྐྲུན། འོན་ཀྱང་རྒན་ཚེ་རྡོར་གྱིས་སྔ་ས་ནས་འཆར་གཞི་བསྒྲིགས་ཟིན་པས་ཁོའི་ཅི་གསུངས་བཀའ་ལ་ཉན་རྒྱུ་ལས་ཐབས་གཞན་མེད་པས། ལས་མི་རྣམས་ཀྱང་སྤྱན་རས་གཟིགས་ལ་མ་ཎི་ལུང་གནང་རྒྱུ་དེ་རེ་ཞིག་བཞག་དགོས་བྱུང་།

ཡུལ་མི་རྣམས་གྲོང་རེའི་མི་རེ་བྱས་ཏེ། ས་རྐོ་རྡོ་སློག་གི་ལས་གཞི་དེར་མཉམ་རུབ་ཀྱིས་ཤེད་ཤུགས་བཏོན་ཏེ་ཉིན་ཤས་ནང་ཆུ་ཡུར་གང་ཙམ་དྲུས་ཟིན་པ་དང་། ཆུ་འགོ་ཆུ་རགས་བརྟན་པོ་ཡོང་ཆེད་རི་འདབས་ནས་ཕ་བོང་ཆུང་ཆུང་རྣམས་གཙང་པོར་རྦབ་རིལ་བཏང་སྟེ་གཙང་པོའི་རླབས་ཤུགས་ཆེར་སྐྱོད་མི་ཐུབ་པར་བཟོས། ལྷག་པར་དུ་ཆུ་ཡུར་འདྲུ་སྐབས་རྡོ་ཕ་བོང་ཆེན་པོ་དང་། ཆུ་རྐ་མགོར་སྤང་དང་བྲག་འདྲེས་མ་ཡིན་པས། ཐོ་བ་དང་ལྕགས་ཧྲེང་གིས་གླགས་ཁེལ་ཐབས་མེད་པས་གོང་རིམ་ནས་ལམ་བཟོའི7་ཆེད་དུ་གནང་བའི་ཟོ་རོང་8བེད་སྤྱོད་བྱས་པས་མི་དམངས་རྣམས་ཀྱིས་གླགས་མ་ཁེལ་བའི་ཆུ་ཡུར་ནང་གི་ཕ་བོང་དང་ཆུ་མགོའི་སྤང་བྲག་འདྲེས་མ་དེ་དག་ཟོ་རོང་གིས་སྐར་མ་ཁ་ཤས་ནང་གས་གཏོར་བཏང་བ་དང་། རྫི་བོ་གནའ་སའི་ཚང་ཚིང་ཡང་ཕྱེད་ཙམ་རྩ་གཏོར་ཤོར། སྐབས་དེ་དུས་ཟོ་རོང་ལ་མེ་སྤོར་མཁན་དཀོན་པས་ཚོན་ཀྲང་གིས་ཕོ་གཞོན་ཚོར་ཐ་མག་སྒམ་ཆུང་རེར་བརྔན་པ་སྤྲད་དེ་མེ་སྤར་དུ་བཅུག། ཁ་དཔེར། མི་དམངས་ལག་ནི་གསེར་དང་། མི་དམངས་ཁ་ནི་གྱོད་ཟེར་བ་བཞིན། རྒན་ཚེ་རྡོར་ལགས་ཀྱི་འཆར་འགོད་དང་། ཚོན་ཀྲང་ལགས་ཀྱིས་འགན་འཁུར།  མི་མང་རྣམས་ཀྱི་ནུས་ཤུགས་ལ་བརྟེན་ནས་དུས་ཡུན་ཟླ་ཤས་རྗེས་སུ་གློག་ཁང་དང་། ཆུ་ཡུར་སོགས་གྲུབ་རྗེས་གློག་ཁང་ནང་དུ་གློག་གི་མ་ལག་དངོས་སུ་སྒྲིག་འགོ་བཙུགས།

ཐལ་རྡུལ་འདྲེས་མའི་བཞིན་རས་སྟེང་དུ་རྔུལ་ཆུ་བཞུར་བའི་ཤུལ་མང་པོ་མངོན་པའི་མི་དམངས་རྣམས། ཁྲ་ཆེམ་ཆེམ་གྱི་གློག་འོད་སེམས་ཀྱི་དཀྱིལ་དུ་ཤར་ཡོད་པ་འདྲ་སྟེ་གདོང་ལ་རྒྱལ་ཁའི་འཛུམ་མདངས་མཐོང་ཐུབ་ཅིང་། གློག་གི་འཆར་འགོད་པ་རྒན་ཚེ་རྡོར་ལགས་ཀྱང་། ད་ཐེངས་གློག་ཁང་གི་འཆར་གཞི་དེ་སྤྱི་ཡོངས་ནས་གྲུབ་ལ་ཉེ་བ་ཡིན་པས་སྤོབས་སེམས་ཀྱི་རྣམ་འགྱུར་ཉིན་རེ་ནས་ཇེ་ཆེར་འགྱུར།

གཉིས་པ།

དགོང་ཀའི་མཚམས་སྤྲིན་དམར་པོས་གྲོང་ཚོའི་སྨད་ཕྱོགས་ཀྱི་རི་བོ་ཡོད་ཚད་ཁ་དོག་བསྒྱུར་ཏེ། སེར་མདོག་གི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་སྤྲུལ་དུས། ས་ཕག་ལས་བཟོས་པའི་གྲོང་ཁྱིམ་དེ་དག་གི་ཁང་ཐོག་ཏུ་སྔོ་འཕྱུར་འཕྱུར་གྱི་དུ་བ་རྒྱུག་སྟངས་ལ་བལྟས་ན་ཡུལ་མི་རྣམས་དགོང་ཇ་ཞིམ་པོ་ཞིག་སྐོལ་གྱིན་ཡོད་པ་ཚོར་ཐུབ། དུས་ཚོད་ནི་སུ་ལ་ཡང་སྒུག་ལོང་མེད་པར་འཁྱུག་འཁྱུག་གི་མིག་མདུན་དུ་ཡལ་འགྲོ་བས། གློ་བུར་དུ་མུན་པའི་མལ་གོས་མཐུག་པོ་ཞིག་རིམ་གྱིས་གཡོགས་ཤིང་། གྲོང་མི་རྣམས་ཀྱིས་ཐལ་རྡུལ་དང་། རྔུལ་ཆུའི་ཁྲོད་ནས་ད་གཟོད་ལེགས་གྲུབ་བྱུང་བའི་ཆུ་གློག་དེ་ད་ལྟ་ཁྲ་ལྷམ་མེར་གསལ་བཞིན་འདུག

ནམ་མཁའི་སྐར་ཚོགས་ས་ལ་ལྷུང་འདྲའི་རུད་གྲོང་ཚོའི་མཚན་མོའི་མཛེས་སྡུག་ནི་ཡུལ་མི་རྣམས་ཀྱི་དེ་སྔོན་རྨིས་མྱོང་བའི་རྨི་ལམ་ཐེངས་གཅིག་པོ་དེ་མངོན་འགྱུར་བྱུང་ཞིང་། ད་ཆ་ཁྱིམ་ནང་གི་མུན་པའི་གོ་ཆ་ཡོངས་རྫོགས་ཕ་མཐར་བསྐྲད་ཅིང་། དུ་དྲེག་གིས་ཚོས་པའི་ཁྱིམ་གྱི་མཁོ་ཆས་ཡོངས་རྫོགས་གསལ་པོར་མཐོང་ཐུབ། དྲོ་སྐྱིད་ཀྱི་ཁྱིམ་ཚང་ཆུང་ཆུང་ནང་དུ་གསལ་ཆ་དོད་པའི་གློག་འོད་དེ་ཉིན་མོའི་སྣང་བ་ལ་འགྲན་བཞིན་མཆིས།

གྲལ་གྱི་དབུས་ན་ཁ་བཏགས་གཡོགས་ཡོད་པའི་མི་དེ་ནི་རྒན་ཚེ་རྡོར་ལགས་རེད། རུད་གྲོང་ཚོར་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེ་རེ་ཞིག་མཇུག་གྲུབ་རྗེས། དེ་རིང་སྟེ་ཡུལ་མི་རྣམས་གློག་ཁང་གི་མདུན་ཐང་ཆུང་ཆུང་དེར་རས་གུར་ཕུབ་སྟེ། ཡུལ་མི་རྣམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་ཇ་ཆང་། ཁ་བཏགས་སོགས་ཁྱེར་ཏེ་གློག་ཁང་གི་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་། ཆང་གིས་ར་རོ་གང་ཙམ་བཟི་བའི་རྒན་ཚེ་རྡོར་ལགས་གོ་མ་མྱོང་བའི་གླུ་གཞས་མང་པོ་ཞིག་བླངས་ ཕར་བལྟས་ན་ཁོའི་མི་ཚེ་འདིར་ལས་དོན་གལ་ཆེན་ཞིག་ཚར་བ་དང་འདྲ་བའི་སྤོབས་ཉམས་ཀྱི་ཁེངས། མཚམས་རེར་ཆང་ཕོར་ཡར་བཏེགས་ནས་མི་དམངས་རྣམས་ལ་ཆང་གླུ་ཉུང་ངུ་རེ་ལེན། དེ་རྗེས་ཡུལ་དེའི་ཕོ་གཞོན་མོ་གཞོན་རྣམས་གྲལ་དབུས་ཀྱི་རྒན་ཚེ་རྡོར་ལགས་དང་། གྲོང་ཚོའི་ཚོན་ཀྲང་གཉིས། དེ་ནས་རིམ་བཞིན་གྲོང་ཚོའི་གནད་ཡོད་མི་སྣ་ཡོངས་ལ་ཆང་གླུ་དང་། གཞས་ཞབས་བྲོ་སོགས་བཀྲ་ཤིས་པའི་གློག་ཁང་དབུ་འབྱེད་མཛད་སྒོ་སྟབས་བདེ་དེ་རེ་ཞིག་མཇུག་གྲུབ། 

གསུམ་པ།

ཉིན་ཞག་རེ་རེ་བཞིན་ཡལ་ཏེ། ཡུལ་མི་རྣམས་དེ་དང་སྟབས་བསྟུན་གྱིས་རང་རང་སོ་སོའི་ལས་མི་ཚར་བའི་ཞིང་ལས་ལ་མགོ་འཁོར་ཏེ་ཡུད་ཙམ་ཞིག་ལ་ལོ་ཕྱེད་འདས་ཟིན། ཚོན་ཀྲང་རྡོ་རྗེ་རྒྱལ་མཚན་དུས་རྒྱུན་དང་མི་འདྲ་བའི་སྐྱོ་བའི་གདོང་གཤིས་དང་། ཟུངས་ཟད་པའི་གོམ་སྟབས། ལྷག་པར་དུ་རང་ཁྱིམ་ནས་ཆུ་ལེན་དུ་འགྲོ་དུས་ལམ་བར་དུ་ངལ་གསོ་ཐེངས་ཁ་ཤས་རྒྱག་དགོས། དབུགས་ཀྱི་འབྱིན་རྔུབ་ཡང་སྔར་ལས་མྱུར་དུ་སོང་བ་དང་། ནམ་རྒྱུན་ཆུ་ལེན་རྒྱུ་སོགས་ཡར་མར་འགྲོ་དུས་གོམ་ཞེང་ཆེ་ལ་གོམ་སྟབས་མྱུར་བའི་མི་སུ་ཞིག་གིས་ཀྱང་ཁོའི་རྗེས་མི་ཟིན་མོད་ད་ཆ་ཁོ་རང་ཡོངས་རྫོགས་གྱུར་ཟིན།

ཨ་མ་ཕུར་བུ་ལྷ་མོ་ལ་བུ་གཅིག་ལས་མེད། ཁོ་རང་ཕོ་ལོ་ཉི་ཤུར་བརྒལ་དུས་ཁྱིམ་མཚེས་ཀྱི་བུ་མོ་ལྷ་མོ་མནའ་མར་བསུས་ཏེ་མི་རིང་བར་ཕྲུ་གུ་གཉིས་ཀྱི་ཨ་ཕར་གྱུར་ཞིང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་ཞིག་བཅས། ཚོན་ཀྲང་རྡོ་རྗེ་རྒྱལ་མཚན་གཟུགས་སྟོབས་ཆེ་ཞིང་ཤེད་ཤུགས་ཆེ་བ་དང་། ངག་སྨྲ་བ་ཉུང་ཞིང་གང་བཤད་པའི་ཚིག་རེའང་གནད་དོན་མང་པོ་ཞིག་སྔ་རྗེས་བར་གསུམ་ལ་འདང་རྒྱག་ངེས། ཕར་བལྟས་ཚོད་ལ་ཡིན་ལུགས་ཚུལ་མཐུན་ཞིག་ཡིན་པས། ཡུལ་མི་རྣམས་ཀྱིས་ཁོ་རང་གྲོང་ཚོ་དེའི་ཚོན་ཀྲང་དུ་བདམས་ཐོན་བྱུང་། ཁོས་ཚོན་ཀྲང་གི་གོ་གནས་འོག་ལྷག་བསམ་ཟོལ་མེད་ཀྱི་ཡུལ་གྱི་ལས་ཀ་དེ་དག་ཆེ་ཆུང་ལ་མ་ལྟོས་པར་འགོ་ཁྲིད་དེ་སྔ་རྗེས་བར་གསུམ་དུ་མི་དམངས་རྣམས་ཀྱི་བསྟོད་པའི་མཐེ་བོང་སྒྲེང་མཁན་མང་ལ། ཁོའི་སྣེ་འཁྲིད་པའི་ལས་ཀའི་བྱས་རྗེས་མང་པོ་ཞིག་ཀྱང་མཐོང་རྒྱུ་ཡོད། གྲོང་ཚོའི་ཆུ་གློག་གི་འཛུགས་སྐྲུན་སྐབས་མི་དམངས་རྣམས་ལས་ཀའི་དུས་ཚོད་སྟངས་འཛིན་དང་བཀོད་སྒྲིག་སོགས་ཕལ་ཆེ་བ་ཚོན་ཀྲང་རྒན་གཞོན་གཉིས་ཀྱི་འགན་འཁུར་དགོས་བྱུང་བས་ཁོང་ཉིད་ལྷག་བསམ་རྣམ་དག་གིས་སྔ་རྗེས་བར་གསུམ་དུ་གློག་ཁང་གི་འཛུགས་སྐྲུན་དེ་མཇུག་ལེགས་པར་བསྐྱངས། འོན་ཀྱང་ཟླ་ཤས་སྔོན་ནས་བཟུང་ཁོའི་ལུས་པོ་མ་བདེ་བའི་ཟུག་གཟེར་ཕྲན་བུ་རེ་བྱུང་ཞིང་། རིམ་པས་ནད་གཞི་ལྕི་མོ་ཞིག་ཏུ་གྱུར། ཤང་དང་ཚོན་རིམ་པས་སྨན་པར་བསྟེན་གཏུགས་ཇི་ལྟར་བྱས་ཀྱང་ནད་ངོ་འཕྲོད་པ་ཞིག་མ་བྱུང་ལ། ཡུལ་དེའི་སྔགས་པ་དང་མོ་པ་རྣམས་ལ་བསྟེན་ནས་རིམ་འགྲོ་རབ་དང་རིམ་པ་བྱས་ཀྱང་ཕན་འབྲས་མ་བྱུང་བར། ཉིན་ཞིག་གི་མཚན་མོར་ཁོས་དཔྲལ་བའི་གཉེར་རིས་ཁེངས་པའི་ཨ་མ་རྒན་མོ་དང་། ནར་མ་སོན་པའི་བུ་ཕྲུག  སྙིང་ནས་བརྩེ་བའི་བཟའ་ཟླ་བཅས་མི་འདོད་བཞིན་དུ་ཤུལ་དུ་བསྐྱུར་ཏེ་ཕྱི་མའི་ལྔ་ལམ་ལ་ཆས་ཤིང་། ཨ་མ་ཕུར་བུ་ལྷ་མོས་གནམ་ས་མི་ཤོང་བའི་ངུ་སྐད་དེས་རུད་གྲོང་ཚོའི་སྨག་ནག་པའི་མཚན་མོའི་ལྷིང་འཇགས་ཡང་དཀྲོགས།

གྲོང་ཚོའི་མར་གཤམ་གྱི་གློག་ཁང་བཟོས་པ་ནས་བཟུང་ཡུལ་དེར་བཀྲ་མི་ཤིས་པའི་རྟགས་མཚན་མང་པོ་བྱུང་ཞིང་། ཡུལ་གྱི་སྔགས་རྒན་རྣམས་ཀྱིས་གྲོང་ཚོ་སྟོད་སྨད་བར་གསུམ་ཚང་མས་ཡུལ་སྤྱིའི་ཞབས་རིམ་འགྲུབ་དགོས་པའི་གྲོས་འཆར་སྟོན་མོད། ཞིང་ལས་སོགས་ཀྱི་རྐྱེན་པས་རེ་ཞིག་ནར་འགྱངས་སུ་སོང་། ལྷག་པར་དུ་ཚོན་ཀྲང་གཞོན་པ་དབང་ཕྱུག་ཀྱང་ཟླ་བ་ཁ་ཤས་སྔོན་གྱི་ཕྱི་དྲོ་ཞིག་ལ་རྒྱུ་རྐྱེན་ཅི་ཡང་མེད་པར་གྲོང་ཚོའི་སྨད་ཕྱོགས་སུ་གོམ་ཁ་དལ་མོས་གློག་ཁང་ཕྱོགས་སུ་ཆས་ཤིང་། གྲོང་ཚོ་མར་གཤམ་གྱི་གློག་ཁང་འགྲམ་དུ་སླེབས་རྗེས་ཆུ་གློག་གཏོང་མཁན་གྱི་ཕོ་གསར་གཉིས་ཀྱི་འགྲམ་དུ་སྐད་ཆ་ཚིག་ཁ་ཤས་བཤད། འོན་ཀྱང་སྐབས་དེ་དུས་ཁོང་གདོང་གཤིས་དང་། སྐད་ངག་གང་ལ་བལྟས་ཀྱང་ནམ་རྒྱུན་གྱི་མི་ལྟར་ལས་དེ་རིང་དམིགས་བསལ་གྱི་ཁོག་ནད་སོགས་ཡོད་པ་ཅི་ཡང་མི་མངོན། མ་གཞི་ཁོ་ནི་མི་རྒྱུད་དྲང་ཞིང་། བསམ་པ་ཐམས་ཅད་བཤད་ཕོད་པ་ཞིག་ཡིན་ལ། གཟུགས་སྟོབས་ཆེ་ལ་ལག་པའི་དཔུང་ངར་སྦོམ་ཞིང་། དེ་སྔོན་གློག་རྒྱུག་དབོར་འདྲེན་སྐབས་ཁོའི་དོ་ཡ་སུ་ཡང་མི་ཡོང་བས། རུད་གྲོང་ཚོར་ཤེད་ཤུགས་ཀྱིས་མིག་དཔེར་འཇོག་མོད། རེད་དེ་སྟོན་དུས་མར་གཙང་གི་ཆུ་བོར་ཁོས་འགྲན་ག་ལ་བཟོད། ད་ལྟ་ཁོ་རང་སུ་ཞིག་གི་འཁྲིད་སོང་བ་ལྟར་དལ་གྱི་ཆས་སོང་། ཁོ་རང་གློག་ཁང་འགྲམ་ནས་གོམ་ཟུང་གཙང་པོའི་ཕྱོགས་སུ་སྒྱུར་དུས་གློག་གཏོང་མཁན་གྱི་མི་དེ་གཉིས་སེམས་ནང་རྣམ་རྟོག་ཅི་ཡང་ཤར་མེད། རེད་དེ་ཁོས་མར་གཙང་འགྲམ་དང་ཐག་ཇེ་ཉེར་སླེབས་དུས་ཅུང་ཟད་དོགས་མི་བདེ་བའི་ཚུལ་གྱི་ཁ་ཕྱིར་བལྟས་ཡང་ཡང་བྱས། གློ་བུར་དུ་གློག་གཏོང་མཁན་གྱི་ཕོ་གཞོན་གཉིས་པོས་ཁོའི་རྗེས་སུ་བསྙེགས། འོན་ཀྱང་གློག་ཁང་དང་གཙང་པོའི་བར་བར་ཐག་ཧ་ཅང་ཉེ་བས་ཚོན་ཀྲང་དབང་ཕྱུག་གཙང་པོའི་འཁྲིས་སུ་འབྱོར་སྐབས། ཐོག་མར་ཁོས་རྐང་ཚིགས་ནས་གོས་ཐུང་གི་སྣེ་མོ་ཡར་བརྫེས་ཏེ་དལ་གྱིས་གཙང་པོར་བརྒལ། ཕོ་གཞོན་གཉིས་པོས་སྐྱི་ཡ་བའི་སྐད་ངན་དང་ལྷན་ཁོའི་ཕྱོགས་སུ་བརྒྱུགས། ཁོས་ཕྱིར་བལྟས་ཙམ་ཡང་མ་བྱེད་པར་གཙང་པོ་ཕྱེད་ཙམ་བརྒལ་བ་དང་དེ་རྗེས་སུ་ཆུའི་རླབས་ཤུགས་ཀྱིས་གཙང་པོའི་གཞུང་ལ་ཁྱེར་སོང་། སྐབས་དེར་ཕོ་གཞོན་གཉིས་གཙང་པོའི་འཁྲིས་སུ་བརྒྱུགས་ཏེ་ཐབས་ཤེས་སྣ་ཚོགས་ཀྱིས་སྐྱོབ་ཐབས་བྱས་ཀྱང་། སྟོན་དུས་མར་གཙང་ཆུ་བོ་དེ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་སྟེ། རླབས་ཤུགས་ཆེ་ཞིང་ནག་ཟིང་ཟིང་གི་ཟེགས་མ་གྱེན་ལ་འཕྱོ་བཞིན་འུར་སྒྲ་དང་བཅས་ཐུར་ནས་ཐུར་དུ་རྒྱུག་འགྲོ་བས་ཅི་ཡང་བྱ་ཐབས་མ་བྱུང་། ཕོ་གཞོན་གཉིས་པོས་སྐྱི་ཡ་བའི་སྐད་ངན་དེས་གྲོང་ཚོའི་སྨད་ཕྱོགས་ཀྱི་མི་རྣམས་ཐོས་པས། ཡུད་ཙམ་ཞིག་ལ་གཙང་པོའི་གཡས་གཡོན་གང་སར་མིའི་ངུ་ངག་དང་སྨྲེ་ངག་གིས་ཁེངས།  ཁོར་ཡུག་ཡོད་ཚད་མུན་པའི་གོས་ཀྱི་གཡོགས་པས་གྲོང་ཚོའི་ཕོ་གཞོན་རྣམས་ཀྱིས་གློག་ཞུ་བཀར་ཏེ་གཙང་པོ་གཡས་གཡོན་སོགས་སུ་འཚོལ་བཤེར་བྱས་ཀྱང་ཅི་ཡང་མ་རྙེད།

  དབུ་སྐྲ་གྱེན་དུ་གཟེང་བཞིན་མིག་ཆུའི་ཕྲེང་ཐག་ཆད་པ་ལྟར་བརྡོལ་འོང་བའི་ཚོན་ཀྲང་དབང་ཕྱུག་གི་བཟའ་ཟླ་ད་ལྟ་སེམས་སྡུག་གིས་དབུགས་ཆད་ལ་ཁད་ངུ་བཞིན་ལག་གཡས་གཡོན་གཉིས་ལ་མི་ཁ་ཤས་ཀྱིས་བཟུང་སྟེ་སེམས་གསོ་བྱེད་ཀྱིན་མཚན་གང་པོ་གཉིད་ཐུན་གཅིག་ཀྱང་མ་ཁུག སང་ཞོགས་ནམ་གསལ་བ་དང་སླར་ཡང་གྲོང་ཚོའི་ཕོ་གཞོན་ཚོས་མར་གཙང་ཆུ་བོའི་གཡས་གཡོན་གང་སར་འཚོལ་བཤེར་བྱས་ཀྱང་གསོན་པོའི་མི་དང་། ཤི་བའི་རོ་གང་ཡང་རྙེད་གསོན་མ་བྱུང་། 

བསང་དུད་སྔོན་མོ་དགུང་ལ་འཕྱུར་ཞིང་རྔ་དང་རོལ་མོའི་སྐད་སྒྲ་གསེང་ནས་གཤིན་ཆོག་ལྷང་ལྷང་གྱེར་བཞིན་ཁོང་ཉིད་འཇིག་རྟེན་མི་ཡུལ་འདི་ནས་གཏན་ཏུ་ཆས་ཟིན་པའི་གཤིན་པོའི་དགེ་བསྔོའི་ཆོ་ག་བསྒྲུབས། འོན་ཀྱང་ད་དུང་ཚོན་ཀྲང་དབང་ཕྱུག་ཁོང་ཉིད་གཙང་པོར་ལྕེབས་དགོས་དོན་ཅི་ཡིན་མིན་དང་། གནད་དོན་ཅི་ཞིག་འཕྲད་མིན་ད་བར་སུས་ཀྱང་ཤེས་མཁན་མེད་ཅིང་། ཁོང་གི་བཟའ་ཟླ་ལའང་ཆ་རྒྱུས་ཅི་ཡང་མེད།

བཞི་པ།

དབྱར་ཟླ་ལྔ་པར་གྲོང་ཚོ་འདིའི་རི་མགོ་སྨུག་པས་གཡོགས་ཤིང་སྤང་རི་འདྲེས་མའི་ཡུལ་ལྗོངས་མཐོང་དཀའ་བ་དང་། སྔོ་ལྗང་གི་ཞིང་ཁའི་ནང་གི་ལྗང་པ་དང་། ལམ་ཟུར་གཡས་གཡོན་གྱི་རྩྭ་ལྡུམ་རྣམས་དྲུང་ཤ་དོད་པོའི་དབུ་འཕངས་གྱེན་ལ་འཕྱོ་བཞིན་ཁྲ་ཆེམ་ཆེམ་གྱི་ཟིལ་ཐིགས་ཁུར་གྱིས་རྩེན། ཆེ་རྒྱུ་ཆུང་རྒྱུ་མེད་པའི་རུད་གྲོང་ཚོ་དེ་ད་ཆ་ལྗང་མདོག་གིས་ཅི་འདྲའི་སྣུམ་ཞིང་འཇམ་པ་དང་། ལྷིང་ཞིང་འཇགས་པ་ཞིག་རེད་ཨང་། གྲོང་ཚོའི་སྨད་ཕྱོགས་ནས་སྐྱ་ནར་ནར་གྱི་སྟོད་ཕྱོགས་སུ་འཐེན་པའི་གློག་སྐུད་དེ་གྲོང་ཚོའི་མཛེས་རྒྱན་དུ་གྱུར་ཅིང་། དེ་ཡོད་པས་ཁྲ་ཆེམ་ཆེམ་གྱི་གློག་འོད་ཡོད་ལ། གློག་འོད་ཡོད་པས་སྨག་ནག་གིས་ཁེངས་པའི་ཁང་ཁྱིམ་དུ་དཀར་འོད་ཀྱི་དྲོད་འཁོལ་ཞིག་ཡོད། ལྷག་པར་དུ་གློག་རྒྱུག་གི་ཀ་བ་དེ་དག་ཀྱང་ཡུལ་མི་རྣམས་དཀའ་བ་ཁྱད་བསད་ཀྱིས་ཐག་རིང་ནས་དབོར་འདྲེན་གྱིས་ཤེད་ཤུགས་ཀྱི་རྔུལ་ཆུ་མང་པོ་ཞིག་འདྲེས་ཡོད་པས། ད་ཆ་གློག་འོད་དེ་ལའང་དྲོ་སྐྱིད་ཅིག་ལོས་ཡོད།

དབྱར་ཁ་ཆར་ཤོད་ཆེ་བས་རི་ལུང་གི་རྒྱུག་ཆུ་དེ་དག་གཅིག་ཏུ་བསྡུས་ཏེ་གཙང་པོར་བབས་པར་བརྟེན་མར་གཙང་ཆུ་བོ་སྔར་ལས་ཆེ་བར་རྒྱས་ཏེ་རླབས་ཀྱི་གཟེགས་མ་གྱེན་དུ་འཕྱོ་བཞིན་ཐུར་དུ་རྒྱུགས་འགྲོ་བས་གློག་ཁང་གི་ཡུར་བའི་ཆུ་མགོར་བྱེ་མ་ཁེངས་ཏེ་གློག་ཆུ་མ་ཁུལ་བར་མཚམས་རེར་མཚན་མོའི་གློག་འོད་ཤུགས་ཆུང་རུ་འགྲོ་བ་དང་། ལན་རེར་གློག་འོད་ཡོངས་སུ་ནུབ་འགྲོ། དེར་བརྟེན་དུས་དང་དུས་སུ་གྲོང་མིའི་རེ་སྐོར་གྱིས་ཆུ་ཡུར་བྱེ་མ་བསལ་དགོས་པ་དང་། ཆུ་མགོའི་ཆུ་རགས་ཀྱི་རྩིག་པ་གནོན་སྐྱོར་བྱ་དགོས། དགུན་དུས་མར་གཙང་གི་ཆུ་བོ་ཆེ་ཆུང་ཚད་ལ་རན་པ་ཞིག་རྒྱུག་དུས་གློག་ཆུ་ཐད་ལ་སེམས་ཁྲལ་མེད་ལ། དགུན་ཁའི་ཁ་བའི་ཀློང་ནས་ཁྲ་ཆེམ་ཆེམ་གྱི་གློག་འོད་མཐོང་རྒྱུ་ཡོད་པས་མཚན་མོའི་གཞུང་ལམ་གཡས་གཡོན་གྱི་གློག་འོད་དེ་དག་ཁ་བའི་སྟེང་དུ་མཆེད་ཚེ་སྔར་བཞིན་འོད་མདངས་ཆེ་བར་འཕྲོ། འོན་ཀྱང་གློག་གཏོང་མཁན་གྱི་འགྲོ་ལམ་ཁ་བས་གཡོགས་ནས་ཉིན་ཤས་རིང་ཉིན་མཚན་གཉིས་ཀར་གློག་འོད་ཁྲ་གསལ་ལེར་མཐོང་རྒྱུ་ཡོད།

དུས་ཚོད་ནི་མར་གཙང་གི་ཆུ་བོ་བཞིན་འཁྱུག་འཁྱུག་གིས་ཡལ་འགྲོ་བས་འཁྱུག་ཙམ་ཞིག་ལ་ལོ་ངོ་ཧྲིལ་པོ་གཅིག་འདས། གང་ནས་ཡོང་བ་མ་ཤེས་པའི་དབྱར་དུས་ཀྱི་མཚན་མོ་ཞིག་ལ་གནམ་ས་གས་པ་ལྟ་བུའི་འབྲུག་སྒྲ་ལྡིར་བཞིན། གནམ་ས་གཉིས་ཀྱི་བར་ན་བཀྲག་མདངས་ཆེ་བའི་གློག་འོད་མཆེད་ཅིང་། བར་སྣང་ནས་བསམ་བཞིན་དུ་མི་ཞིག་གིས་ཆུ་འཕྱོ་བ་ལྟ་བུའི་ཆར་པའི་འབབ་རྒྱུན་དྲག རི་ཀླུང་གང་ས་ནས་རྒྱུག་ཆུ་ལྷུང་ལྷུང་དུ་བཞུར་ཏེ་མར་གཙང་གི་ཆུ་བོར་འདྲེས། མཚམས་མི་ཆད་པའི་དྲག་ཆར་བསྟུད་མར་ཉིན་མཚན་ཁ་ཤས་བབས་པས་སྔར་བྱུང་མ་མྱོང་བའི་མར་གཙང་གི་ཆུ་བོ་རྒྱས་ཏེ། རླབས་ཀྱི་གཟེགས་མ་མཁའ་ལ་འཕྱོ་སྟེ་སུ་ཞིག་གི་བདས་པ་ལྟ་བུའི་ནག་ལྡུར་ལྡུར་གྱི་སྨད་ཕྱོགས་སུ་རྒྱུ། མཚན་མོ་དེར་གྲོང་ཚོའི་ཁང་ཁྱིམ་ནང་གི་གློག་འོད་ཟིམ་ཟིམ་དུ་གྱུར་ཅིང་། ཡུད་ཙམ་ཞིག་ནས་གློག་འོད་དེ་ནག་ཐོམ་མེར་གྱུར། གློག་ཆུ་ཆེ་ཆུང་གིས་གློག་གི་མ་ལག་ཡང་ཚིག ཆུ་མགོའི་ཆུ་རགས་དེ་ཡང་ཆུ་ལོག་གིས་ཡོངས་སུ་བདས་ཟིན། སྨག་ནག་པའི་མཚན་མོ་དེར་དྲག་ཆར་འབབ་རྒྱུན་མ་ཆད།

སྔོན་གྱི་ཁྲ་ཆེམ་ཆེམ་གྱི་གློག་འོད་དེ་ད་ལྟ་ཕྱིར་དྲན་གྱི་ཡུལ་དུ་གྱུར་ཅིང་། གྲོང་ཚོ་ཧྲིལ་པོར་སྔར་བཞིན་སྣུམ་ཞུན་གྱི་སྒྲོན་མེ་སྤར་དགོས་བྱུང་། འཇིག་རྟེན་གྱི་ཁ་དཔེར། འགྱེལ་བའི་སྒང་ལ་རྡོག་བརྫིས་ཞེས་པའི་དཔེ་བཞིན་དེ་སྔོན་དཀའ་སྡུག་གི་རྔུལ་ཆུ་དང་བརྗེས་པའི་གློག་འོད་དེ་ད་ཆ་མིག་མདུན་དུ་ཡལ་ཟིན་པ་མ་ཟད། གྲོང་ཚོའི་མར་གཤམ་གྱི་རྫི་བོ་གནའ་སའི་ཀླུ་འཁྲུགས་ནས་ཡུལ་གྲོང་དེར་གོད་ཆག་དང་། བཀྲ་མི་ཤིས་པའི་གཏམ་ངན་རབ་དང་རིམ་པ་བྱུང་བཞིན་ཡོད།

མ་བདས་དབྱར་གྱི་བུ་མོ་དལ་གྱི་ཕེབས་ཤིང་། མ་བསུས་སྟོན་གྱི་སད་རླུང་ངང་གི་སླེབས་འོང་བས་ད་ནི་རི་མགོར་ཁ་བ་སིབ་སིབ་ཅིག་བབས་ཤིང་། ལོ་ཏོག་གི་སྙེ་མ་མགོ་ལྕོག་ལྡེམ་ལྡེམ་གྱིས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་བཞིན། ཞིང་པ་རྣམས་བྲེལ་ཚུབ་ཚུབ་ཀྱིས་སྟོན་ལས་ལ་བྲེལ། སྟོན་ལས་མཇུག་བསྒྲིལ་བ་དང་། ཡུལ་མི་རྣམས་ལོ་གཅིག་གི་ལས་བྱ་ཕལ་ཆེ་བ་གྲུབ་ཟིན་པས། གྲོང་ཚོའི་སྔགས་རྒན་དང་ཡུལ་མི་རྒན་གྲས་རྣམས་ཀྱི་བཀའ་ལྟར་རུད་གྲོང་ཚོའི་སྟོད་སྨད་བར་གསུམ་གྱི་ཡུལ་སྤྱིའི་ཞབས་རིམ་ཡང་ལེགས་པར་བསྒྲུབས།

 ཁ་བ་ཟིམ་ཟིམ་འབབ་པའི་དགོང་མོ་དེར་ཁོར་ཡུག་ཡོད་ཚད་ལྷིང་ཞིང་འཇགས། གྲོང་ཚོ་སྨད་ཕྱོགས་འདས་པོ་ཚོན་ཀྲང་དབང་ཕྱུག་གི་བཟའ་ཟླ་སྔར་རྒྱུན་བཞིན་སྒོ་རའི་སྒོ་ཟོག་རྣམས་ཀྱི་ཅ་ག་ཟིན་པ་དང་། ཁང་པའི་ནང་དུ་འཛུལ་སྟེ་ཐབ་ཀྱི་གོ་ཁའི་འཁྲིས་སུ་ནང་མི་དང་ལྷན་ཇ་འཐུང་གིན་གནད་དོན་ཅི་ཞིག་གི་སྐོར་གླེང་གིན་འདུག ཕྱི་རོལ་དུ་ད་དུང་ཁ་བ་ཟིམ་ཟིམ་ཞིག་འབབ་བཞིན་མུན་ཡོངས་སུ་རུབ་ཟིན། མོའི་མིག་གཉིས་མ་གིའི་སྒོ་ཁར་ཅེར་བཞིན་ཅི་ཞིག་མཐོང་བ་ལྟར་ཐོམ་མེར་ལུས། མིག་ཟུང་རབ་རིབ་ཏུ་འགྱུར་ཞིང་མོའི་སྣང་ཡུལ་དུ་སྒོ་འགྲམ་ན་གསལ་ལ་མི་གསལ་བའི་མི་ཞིག་གོམ་ཁ་དལ་མོས་ཡར་ཡོང་བཞིན་པ་དེ་གློ་བུར་དུ་མིག་སྔར་མཐོང་རྒྱུ་མེད་པར་གྱུར། ཁོ་མོར་ཁོག་གཟེར་དྲག་པོ་ཞིག་བྱུང་བས་ལག་པས་གྲོད་པར་བཀན་ཏེ་མགོ་བོ་ནང་དུ་གུག དེ་རྗེས་རང་ཉིད་སུ་ཡིན་མིན་ཡང་བརྗེད་སོང་། ཐབ་འཁྲིས་ཀྱི་མི་རྣམས་དངངས་སྐྲག་གིས་ལམ་སེང་མོར་སྐྱོར་བཞིན་“བུ་མོ་ཁྱོད་ལ་ཅི་བྱུང་བ་ཡིན་ནམ། སྐད་ཆ་ཤོད་དང་།” ཞེས་བུ་མོའི་ཨ་མས་ངུ་སྐད་འདྲེས་མས་དེ་ལྟར་དྲིས། མོས་མིག་ཟུང་ཐབ་ཁར་ཅེར་གྱིན་གློ་བུར་དུ་ཁུ་སིམ་མེར་གྱུར། ཐབ་སྦུག་གི་སྣུམ་ཞུན་གྱི་སྒྲོན་མེ་དེ་འོད་མདངས་མག་མོག་ཅིག་འཚེར་བཞིན་འདུག་ལ། ཕྱི་རོལ་དུ་ད་དུང་ཁ་བ་ཟིམ་ཟིམ་འབབ་ཀྱིན་འདུག མཚན་མོ་དེར་ལྷིང་འཇགས་ཀྱི་ཁྱིམ་ཚང་དེ་ད་ཆ་ཁྱིམ་མི་རྣམས་ཟང་ཟིང་ངང་ཁོ་མོའི་མཐར་འཁོར་ཏེ་བསྡད།

མོས་ཐོག་མར་ཨམ་གཙིགས་ཤིག་བསྡམས་ཏེ། “ཁྱོད་ཚོ་ལས་སླ་པོར་བཞག་གི་མིན། ལྟད་མོ་ལྟོས་ཨ།” ཞེས་བཤད་པས། ནང་མི་ཚོ་སྐད་ཆ་དེའི་དོན་ཅི་ཞིག་ཡིན་ནམ། ཡང་སྙིང་སུ་ལ་བཤད་ཀྱི་ཡོད་མེད་ཀྱང་མ་ཤེས། “ཁྱོད་ཚོས་ངའི་ཕོ་བྲང་ཆེན་པོ་དེ་ཟོ་རོང་གིས་གཏོར་སོང་། ད་ལྟ་ང་ཚོར་གནས་ས་གཏན་ས་ཅི་ཡང་མེད། མ་ཟད་ངའི་བུ་མོ་ཆེ་ཤོས་དེ་ཁྱོད་ཚོའི་ཟོ་རོང་གིས་བསད་སོང་། ལྷག་པར་དུ་ཚོན་ཀྲང་གཉིས་ཀྱིས་ཟོ་རོང་སྤར་དུས་ཁྱེད་ཚོའི་ལས་མི་རྣམས་བྲོས་དགོས་པར་བསྐུལ་ཡང་། ང་ཚོ་ལ་ལན་ཅི་ཡང་སྤྲད་མ་བྱུང་། གཙོ་བོ་ཁོ་གཉིས་ཡིན། ངས་དགྲ་ཤ་ངེས་པར་དུ་ལེན་ངེས། ད་བར་ཁོ་གཉིས་ངའི་ལག་འོག་ནས་བཏང་མེད། ད་དུང་མི་ཁ་ཤས་ཤིག་ངས་འཁྲིད་འགྲོ་རྩིས་ཡོད། ང་རྫི་བོ་གནའ་ས་ནས་ཡོང་བ་ཡིན། ཁྱེད་ཚོའི་གྲོང་མི་རྣམས་ངའི་ས་ཆ་ཧམ་བཟུང་བྱས་སོང་།” ཞེས་སྐད་ཆ་བཤད་མཚམས་རྫོགས་པ་དང་ཁོ་མོ་དལ་གྱིས་གཉིད་དུ་ཡུར། ཡུད་ཙམ་ཞིག་ནས་གཉིད་ལས་སད་དུས་གནད་དོན་ཅི་ཡང་མ་བྱུང་བ་ལྟར་གྱུར། དེར་ཡོད་པའི་ཁྱིམ་མཚེས་དང་ནང་མི་དངངས་སྐྲག་གིས་མོའི་གདོང་ལ་ཅེར་ནས་བསྡད། སྐབས་དེར་མོས་དོགས་མི་བདེ་བའི་ཚུལ་གྱིས་རང་ཉིད་ཀྱི་གཟུགས་པོར་ཡང་ཡང་བལྟས། དེ་རྗེས་གླེང་གཞི་དེ་གློག་ཁང་གི་སྐོར་ལ་གྱུར་ཞིང་། འགྱོད་པ་དང་། སྐྲག་སྣང་། ཁོང་ཁྲོ་སོགས་ཀྱིས་ལབ་གླེང་གིས་མཚན་མོ་དེར་སྐྱིད་པའི་གཉིད་ཅིག་ག་ནས་ཁུག ཕྱི་རོལ་དུ་ཁ་བ་འབབ་མཚམས་ཆད་ཅིང། ཡོད་ཚད་ལྷིང་ཞིང་འཇགས། ཁ་བའི་མདངས་ཀྱིས་མཚན་མོའི་མུན་ནག་དེར་འོད་མདངས་ཅུང་ཟད་ཅིག་འཕྲོ་བཞིན་འདུག་ལ། སྣུམ་སྒྲོན་གྱི་འོད་མདངས་འོག་གླེང་མི་ཚར་བའི་རྫི་བོ་གནའ་སའི་གཏམ་རྒྱུད་སྐྱུར་མོ་དེ་བསྐྱར་སློག་བྱེད་བཞིན་འདུག

གཏམ་ངན་རླུང་གི་གཤོག་པ་ཟེར་བ་བཞིན་ཉིན་ཤས་རྗེས་རུད་གྲོང་ཚོའི་སྟོད་སྨད་གང་སར་ཡ་མཚན་པའི་གཏམ་རྒྱུད་དེའི་སྐོར་གླེང་སློང་བྱེད། བཤད་ཚོད་ལ་རུད་གྲོང་ཚོའི་ཚོན་ཀྲང་གཉིས་པོ་གྲོངས་རྐྱེན་ཡང་མ་གི་རྫི་བོ་གནའ་སའི་ཀླུ་འཁྲུགས་ནས་གནོད་པས་ཁྲིད་འགྲོ་བ་དང་། ད་དུང་ཡུལ་གྱི་མི་ཁ་ཤས་ཤིག་འཁྲིད་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སོགས་སྐད་ཆ་དེ་གྲོང་ཚོ་སྟོད་སྨད་བར་གསུམ་དུ་ཁྱབ། མ་གཞི་ནས་དེ་སྔོན་ཐོག་མར་གློག་ཁང་གསར་བཟོ་སྐབས་སུ་ས་སློང་བྱས་པའི་སའི་ཚད་དང་ཡོངས་སུ་བརྒལ་འདུག་ཟེར། ཁ་དཔེར། ཟས་ཁམ་གང་ལ། སྐྱུག་པ་འདོམ་གང་། ཞེས་པའི་དཔེ་ལྟར་ད་ནི་ཡུལ་དེར་གོད་ཆག་གི་མུན་པ་འཁྲིགས།

ལྔ་པ།

ནམ་མཁའ་སྔོ་ཞིང་དྭངས་ལ། རི་ཀླུང་ཡོངས་རྫོགས་དབེན་ཞིང་འཇགས། ཉི་འོད་སེར་པོ་རུད་གྲོང་ཚོའི་ཕུམ་ཐིང་9གི་བྲག་མགོ་ནས་མར་མར་འཕྲོ་འོང་བ་དང་། གྲོང་ཚོའི་ཁྱིམ་གྱི་དུ་ཁུང་ལས་བསང་དུད་སྔོ་འཕྱུར་འཕྱུར་ཞིག་ཡུལ་དེའི་བར་སྣང་གི་དབྱིངས་སུ་རྒྱུ་བཞིན་འདུག དཔྱིད་ཀ་ཚེས་ཟིན་པས་རི་འདབས་ཀྱི་ཁ་བ་ཡང་ཕལ་ཆེ་བ་བཞུར་ཟིན། རི་ལུང་ཡོངས་རྫོགས་ལ་རྩི་ཤིང་སྐྱེ་འགོ་ཚུགས་ཤིང་། མྱུ་གུ་སྔོན་མོ་རྣམས་གནམ་མཐོང་ཙམ་གྱི་ས་ནས་ཡར་འབུས། སྐྱེས་སྔ་བའི་གྲ་མའི་མེ་ཏོག་དང་། ཨུག་ཆུའི་མེ་ཏོག་ཡང་རེ་གཉིས་ཤིག་མཐོང་རྒྱུ་ཡོད། གྲོང་ཚོའི་སྨད་ཀྱི་རྫི་བོ་གནའ་སའི་རྩི་ཤིང་རྣམས་ཀྱང་མྱུ་གུ་སྔོན་མོ་ཞིག་འབུས། བཞུར་རྒྱུན་དྲག་པའི་མར་གཙང་གི་ཆུ་བོ་དེ་ཡང་ད་ལྟ་ཤེད་ཤུགས་ཅི་ཡང་མེད་ཅིང་། དྭངས་གཙང་གིས་རླབས་རིས་ཆུང་ཆུང་ཞིག་དང་འགྲོགས་ནས་སྨད་ཕྱོགས་སུ་རྒྱུག་འགྲོ། ཞིག་ཟིན་པའི་གློག་ཁང་གི་རྩིག་པ་དང་། སྐམ་ཟིན་པའི་གློག་ཆུའི་ཡུར་བ་དེ་དག་ད་ལྟ་མི་རྣམས་ཀྱི་སེམས་ནང་ཅི་ཡང་རིན་ཐང་མེད་ཅིང་ལོ་ངོ་ཧྲིལ་པོ་གཉིས་མ་ཟིན་ཙམ་ཡུལ་དེར་གློག་འོད་གཅིག་འཕྲོ་མྱོང་ཡང་། ད་ལྟ་ཡུལ་དེར་བཀྲ་མི་ཤིས་པའི་གོད་ཆག་གི་མུན་པ་སྔར་ལས་སྨག་ནག་དུ་གྱུར།

དེ་རིང་རུད་གྲོང་ཚོའི་ཡུལ་མི་རྣམས་ལག་ཏུ་ཁ་བཏགས་དང་། འོ་མ། བསང་རྫས་སོགས་ཁྱེར་ཏེ་རྫི་བོ་གནའ་སའི་མདུན་ཐང་གི་སྤང་ཁར་འཛོམས། སྔགས་རྒན་རྣམས་ཀྱིས་གནས་དེར་མཆོད་པ་བཤམས་ཏེ། རྔ་དང་རོལ་མོའི་སྐད་སྒྲ་གསེང་ནས་ཀླུ་བསང་གི་ཆོ་ག་གསུངས་ཤིང་ཀླུ་གསོས། དེ་སྔོན་རྩི་ཤིང་གཅོད་འབྲེག་བྱེད་ས་དང་། ཕ་བོང་གས་གཏོར་གཏོང་སའི་མཚམས་དེར་མཆོད་རྟེན་ཆུང་ཆུང་ཞིག་བཞེངས་ཏེ། ནང་རྟེན་དུ་བྱུ་རུ་དང་། གཡུ། མུ་ཏིག དངུལ་སོགས་ཡུལ་མི་རྣམས་རང་རང་གི་ཐོན་ཁུངས་ལ་གཞིགས་ནས་ཀླུ་ནོར་དུ་ཕུལ་ཞིང་དར་དཀར་པོའི་ཁ་བཏགས་རེ་ཡང་མཆོད་རྟེན་དེར་གཡོག་བཞིན། གནོང་འགྱོད་དང་། བཤགས་པ་ཡིན་ཚུལ་ཁ་མཆུ་ལྷེབ་ལྷེབ་ཀྱིས་ཅི་ཞིག་སྐྱོར་བཞིན་འདུག  ད་དུང་དེ་སྔོན་ཆུ་ཡུར་འདྲུ་སྐབས་ཟོ་རོང་ལ་མེ་སྒྲོན་མཁན་གྱི་ཕོ་གཞོན་ཞིག་གིས་གནོང་འགྱོད་ཆེན་པོས། “ང་ཚོ་མ་ཤེས་པའི་དབང་གིས་ཁྱེད་ཚོར་ཕོག་ཐུག་ཚབས་ཆེན་ཤོར་སོང་བས། དེར་བརྟེན་དེ་རིང་ངས་ཕ་མེས་ནས་བརྒྱུད་དེ་ཉར་བའི་གཡུ་དེ་ཀླུ་ནོར་དུ་ཕུལ་བ་ཡིན། དེ་རིང་ཕྱིན་ཆད་རུད་ཡུལ་ཚོ་སྤྱི་དང་ལྷག་པར་དུ་ངེད་ཀྱི་ནང་མིར་བཀྲ་མི་ཤིས་པའི་གོད་ཆག་ཅི་ཡང་མ་གཏོང་རོགས།”  ཞེས་དེ་དང་དེ་ལ་སོགས་པ་རང་རང་གི་སེམས་ནང་གི་རེ་བ་ཞུ་སྟངས་ལ་བལྟས་ན་ཉེས་ཅན་པ་ཞིག་གིས་ཁྲིམས་དཔོན་མདུན་སར་ཞུ་བ་འཐེན་པ་དང་ཧ་ཅང་འདྲ། བསང་དུད་སྔོན་མོ་མཁའ་ལ་འཕྱུར་ཞིང་། བསང་རྫས་ཀྱི་དྲི་བསུང་གཡས་གཡོན་གང་སར་འཐུལ། ལས་དོན་ཆེན་པོ་ཞིག་གྲུབ་པ་ལྟ་བུའི་དེ་རིང་ཡུལ་མི་རྣམས་ཀྱི་བཞིན་རས་ངོས་སུ་གསོན་ཤུགས་གསར་པ་ཞིག་རྒྱས་འདུག་ལ། སེམས་ནང་གུ་ཡངས་ཆེན་མོ་ཞིག་ཐོབ་པ་ལྟ་བུའི་སྤྲོ་སྣང་ཞིག་ཀྱང་མཆིས། དར་དཀར་གྱི་ཁ་བཏགས་གཡོགས་པའི་རྫི་བོ་གནའ་ས་དེ་ད་ཆ་རྔམ་ཞིང་བརྗིད་ལ། ལྷིང་ཞིང་འཇགས། རྒྱང་ནས་བལྟས་ཚེ་དཔའ་བོ་ཞིག་གིས་གཡུལ་ལས་རྒྱལ་ཏེ་མི་དམངས་རྣམས་ཀྱི་དཔའ་དར་བསྟོད་དེ་དགའ་སྟོན་གྱིས་ཁ་བཏགས་གཡོགས་པ་དང་ཧ་ཅང་མཚུངས་ལ། དལ་ལ་རླབས་སྒྲ་ཆུང་བའི་མར་གཙང་གི་ཆུ་བོ་དེ་ཡང་རླབས་རིས་ཤིག་ཤིག་གིས་སྨད་ཕྱོགས་སུ་བཞུད་འགྲོ་བས་ཁོག་གླུ་ཆུང་ཆུང་ཞིག་ལེན་པ་དང་མཚུངས།

འོ། ལས་གཞི་དེ་ནི་གྲོང་ཚོའི་སྔགས་པ་དང་ཡུལ་མི་རྒན་པ་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་གྲོས་སྡུར་འོག་དུས་ཚོད་ཚེས་གྲངས་དང་སྟབས་བསྟུན་ཏེ། དེ་སྔོན་གློག་ཁང་བཟོ་སྐབས་རྫི་བོ་གནའ་སར་ས་རྐོ་རྡོ་སློག་དབང་གིས་ཀླུ་འཁྲུགས་ནས་ཡུལ་དེར་བཀྲ་མི་ཤིས་པའི་མཚན་ལྟས་རིམ་པར་བྱུང་བར་བརྟེན། དེ་རིང་མང་ཚོགས་བསྐོངས་ཏེ་རྫི་བོ་གནའ་སར་ཀླུ་བསང་དང་། ཀླུ་གསོ་གནང་རྒྱུའི་དུས་ཚོད་གཏན་ཁེལ་བཟོས་པ་བཞིན་ལས་གཞི་དེ་ཉིད་ཡོངས་སུ་གྲུབ།

རྟ་བདུན་དབང་པོ་ནུབ་ཕྱོགས་རི་བོའི་ཕག་ཏུ་དལ་གྱིས་ཆས་དུས་གྲིབ་མ་ནག་ཡོར་ཡོར་དེ་གྲོང་ཚོའི་སྨད་ཕྱོགས་ནས་ག་ལེར་ཡར་ཡར་ཕྱོགས་འོང་། རུད་གྲོང་ཚོའི་སྟོད་སྨད་བར་གསུམ་གྱི་ཁང་ཁྱིམ་གྱི་དུ་ཁུང་ལས་སྔོ་ལོང་ལོང་གི་དུ་བ་འཕྱུར་བཞིན་རིམ་པས་སྲ་སྲོད་ཀྱི་རབ་རིབ་ནས་མུན་པའི་ཀློང་དུ་ཐིམ་ཞིང་། ཁྱིམ་གྱི་གོ་ཁའི་སྦུག་ཏུ་གསལ་ལ་མི་གསལ་བའི་སྣུམ་ཞུན་གྱི་སྒྲོན་མེ་དེ་ད་ཆ་སྔར་བཞིན་འོད་མདངས་མག་མོག་ཅིག་འཚེར་བཞིན་འདུག

ཀློག་པ་པོ་ལགས། དུས་རབས་ཀྱི་འཚུབ་མ་དྲག་ཏུ་འཕྱུར་བའི་ཁ་སང་དེ་རིང་གི་དུས་འདིར་དེ་འདྲ་ཞིག་གླེང་ན་ཁོང་དགོད་ཤོར་བ་ཙམ་ལས་ཡིད་ཆེས་བྱེད་མི་སྲིད་ཀྱང་། གྲོང་ཚོ་དེ་ནས་འཚར་ལོང་བྱུང་བའི་མི་ཞིག་ཡིན་ཚེ་སེམས་ནང་གསལ་གསལ་རྗེན་རྗེན་ཡིན་པས།  ཐོས་པ་བརྒྱ་ལས་མཐོང་བ་གཅིག་བདེན་ཞེས་པའི་དཔེ་ལྟར་ཁྱེད་ཅག་ཡུལ་དངོས་དེར་ཕེབས་ཚེ་ད་གཟོད་ཆེས་ཟབ་པའི་གནད་དོན་མང་པོ་ཞིག་ལྐོག་གྱུར་ཡིན་པ་ཤེས་འོང་། དེས་ན་ཁྱེད་ཀྱི་ཡོད་དང་མེད་ཅེས་ཐག་བཅད་པའི་སྡོམ་ཚིག་མང་པོ་ཞིག་ཀྱང་ལྷོད་ཀྱིས་ཞིག་འགྲོ་ངེས།


  1. ཡུལ་སྐད་དུ་ཚེར་མ་ཞེས་འབོད། ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཆུང་དུས་དམར་སྨུག་དང་། རྒས་དུས་སྐྱ་བོར་འགྱུར་བ། ཡལ་ག་དང་སྡོང་པོར་ལེབ་མོ་ཟུར་གསུམ་ཅན་དང་། བོད་ཟླ་བཞི་པའི་ནང་མེ་ཏོག་དཀར་པོ་དང་ཟེའུ་འབྲུ་སེར་ཅན་བཞད་ཅིང་། བོད་ཟླ་བརྒྱད་པ་ནང་ཙམ་ལ་བསེ་འབྲས་དམར་པོ་བྱུ་རུའི་མདོག་དབྱིབས་འདྲ་བ་འདོགས།
  2. སྟོན་ཀ་བཙས་མ་རྔ་རན་དུས་བསེ་བའི་འབྲས་བུ་དམར་སྨུག་ཏུ་གྱུར་ཅིང་། གྲོང་ཚོའི་བྱིས་པ་རྣམས་ལམ་ཟུར་གྱི་བསེ་བའི་འབྲས་བུ་བསྒྲུགས་ཏེ་ཕྲེང་བ་ལྟར་བརྒྱུས་ནས་སྐེ་ལ་བཏགས་པ་སོགས་རྩེད་ཆས་དང་བཟའ་རྒྱུ་གཉིས་ཀར་གོ་ཆོད་ཀྱིན་ཡོད། འོན་ཀྱང་རྫི་བོ་གནའ་སའི་བསེ་འབྲས་སམ་བསེ་ཏོག་དེ་མིག་གི་ལོངས་སྤྱོད་ཙམ་ཡིན།
  3. རྒྱལ་ཁབ་གཞུང་ལ་གོ
  4. ཡུལ་སྐད། ནུས་པའམ་འདང་བའི་དོན།
  5. རྒྱ་སྐད། བོད་སྐད་དུ་གྲོང་ཚོའི་འགོ་ཁྲིད་ལ་གོ
  6. ལྕགས་དང་ཤིང་སོགས་ལས་བཟོས་པའི་ཆུ་འགྲོ་སའི་མིང་།
  7. མཚམས་རེར་གོང་རིམ་ནས་གྲོང་ཚོའི་གཡས་གཡོན་གྱི་གཞུང་ལམ་བཟོ་རྒྱུའི་རོགས་སྐྱོར་ཆེད་མ་དངུལ་དང་བྲག་དང་རྡོ་སོགས་གཏོར་བྱེད་འབར་རྫས་སོགས་གནང་གི་ཡོད།
  8. ཡུལ་སྐད། རྡོ་དང་བྲག་སོགས་གཏོར་རྒྱུའི་འབར་རྫས། 
  9. རུད་གྲོང་ཚོའི་ལྟག་རྒྱབ་དུ་འགྱིངས་བའི་རི་བོའི་མིང་།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།