སློབ་སྤྲུལ་འཆི་མེད་ཚེ་དབང་། རྣམ་གྲོལ་གླིང་།
སྟོན་པ་མཉམ་མེད་རྫོགས་སངས་རྒྱས། །བསྟན་པ་འཆོས་སྐྱོབ་དམ་པའི་ཆོས།།
བསྟན་འཛིན་སྡེ་གཉིས་དགེ་འདུན་བཅས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
༡༽ གནས་ཆེན་ཤེལ་གྱི་རི་བོ་འབྲུག་སྒྲ་གང་དུ་ཆགས་པའི་ས་གནས་ཀྱི་སྐོར།
དོལ་པོ་ཤེལ་གྱི་རི་བོ་འབྲུག་སྒྲ་འདི་ཉིད་ས་ཚིགས་ཀྱི་དབང་དུ་བྱས་ན། གངས་རི་ཆེན་པོ་ཏི་སེ་དང་མཚོ་མ་ཕམ་གཡུ་མཚོའི་ལྷོ་ཕྱོགས་དང་། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ནུབ་ཕྱོགས། མངའ་རིས་དོལ་ཕྱོགས་གྲུ་བཞི་ཞེས་ཡོངས་སུ་གྲགས་པའི་ནང་གསེས་ནང་ཁོངས་ཚོ་གསུམ་ལས་ས་ལྡང་ཡུལ་དགོན་གསུམ་གྱི་ཡ་གྱལ་ཤེལ་ན་ཡོད་ཅིང་། དེང་སང་ལྟར་ན་བལ་ཡུལ་ནུབ་བརྒྱུད་ཀརྣ་ལི་མངའ་སྡེ། ཌོལ་པ་རྫོང་། ཤེལ་ཕུ་སུམ་མདོ་གྲོང་སྡེའི་ཡུལ་ཚོ་གསུམ་པ་ས་ལྡང་གི་ཁོངས་སུ་གཏོགས། མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༤༢༠༠ ཡི་གོང་དུ་ཆགས་ཡོད།
༢༽ གནས་ཆེན་ཤེལ་རིའི་གནས་སྒོ་འབྱེད་མཁན་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱི་ངོ་སྤྲོད།
དེ་ཡང་དཔལ་ཤ་བ་རིའི་རྣམ་འཕྲུལ་གྲུབ་ཐོབ་སེངྒེ་ཡེ་ཤེས་དེ་ཉིད་ནི། བོད་ཡུལ་དབུས་ཀྱི་ཆར་གཏོགས་ཡར་འབྲོག་གསེར་རྒྱུད་ཀྱི་གྲོང་གསར་དུ། གདུང་ལོ་ཞེས་པའི་རུས་ལས་ཆད་པའི་ཡབ་ཐོག་པོ་དང་། ཡུམ་དར་མ་རྒྱན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གསུམ་པའི་ལྕགས་གླང་། ཕྱི་ལོ་ ༡༡༨༡ ལོར་སྐུ་འཁྲུངས། ཆུང་དུས་ནས་བླ་མ་ཞང་གཡུ་བྲག་རིན་པོ་ཆེ་སོགས་ལས་ཆོས་འབྲེལ་ཞུས། དགུང་ལོ་བཅུ་བཞིའི་ཐོག་མཁན་པོ་སངས་རྒྱས་ཡེ་ཤེས་དང་། སློབ་དཔོན་ཉང་རོ་བ་ཤཱཀྱ་ཡེ་ཤེས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་སེངྒེ་ཡེ་ཤེས་སུ་གསོལ། དེ་ནས་འབྲི་གུང་དུ་ཕེབས་ནས་སྐྱོབ་པ་འཇིག་རྟེན་གསུམ་མགོན་ཚེ་རབས་ལས་ཀྱི་བླ་མར་བསྟེན་ནས་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས་ཤིང་། སྐྱོབ་པ་རིན་པོ་ཆེས་དབུས་བླ་མ་མང་པོ་ལས་ཟབ་ཆོས་མང་དུ་ཞུས། གནས་མཆོག་ཙ་རི་དང་། ཇོ་མོ་ཁ་རག་ཀུ་ཐང་སོགས་སུ་སྒྲུབ་པ་མཛད་ཅིང་། རྫུ་འཕྲུལ་ལ་མངའ་བརྙེས། ཕྱིས་སུ་སྐྱོབ་པ་རིན་པོ་ཆེའི་ཉེ་གནས་ལོ་དྲུག་མཛད་དེ་ཉེ་གནས་སྤྱན་སྔ་པ་སེངྒེ་ཡེ་ཤེས་ཀྱི་དུས་ཞེས་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་ཅིང་། སྐྱོབ་པ་རིན་པོ་ཆེ་ཞིང་ལ་གཤེགས་པའི་ཤུལ་དུ་འདས་མཆོད་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་རྗེས། སྔོན་བླ་མས་ལུང་བསྟན་པ་ཐུགས་ལ་བཞག་ནས་དགུང་གྲངས་སོ་བདུན་ཐོག་མངའ་རིས་ལ་ཕེབས་ཏེ། ཏི་སེ་ཤེལ་འདྲ་རུ་ལོ་གསུམ་བཞུགས། དགུང་གྲངས་བཞི་བཅུ་ལ་ཕེབས་པ་འབྲུག་ལོའི་སྟོན་ཁ་དོལ་པོ་ལ་བྱོན་ནས་ཤེལ་གྱི་རི་བོ་འབྲུག་སྒྲའི་གནས་སྒོ་ཕྱེ། རྡོ་རྗེ་ཕུག་ཏུ་ལོ་གསུམ་དང་། རོང་ཆུང་ངམ་ཆུ་མོ་ཧཱུྃ་སྒྲ་ཅན་དུ་དབྱར་ཐོག་ཅིག་བཞུགས། དེ་ནས་དོན་མོ་རི་བརྒྱུད་ནས་འབྲི་གུང་ལ་ཕེབས་ཏེ། མཁན་པོ་གཞོན་ནུ་ཤེས་རབ་དང་། སློབ་དཔོན་གཞོན་ནུ་འབར། གསང་སྟོན་གནུབས་ཡོན་ཏན་གྲགས་པ་སོགས་དགེ་འདུན་གྲངས་ཚང་གི་དབུས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དབྱར་ལ་ཕྱི་རུ་བཞུགས་ཤིང་སྟོན་དོལ་པོ་ལ་ཕེབས་ཏེ། རྡོ་རྗེ་ཕུག་ཏུ་ལོ་བཞི་བཞུགས། དེ་ནས་ཀུ་ཐང་བཙུམ་གྱི་དགོན་པ་དང་། ར་གྱམ། དཔལ་བྱང་ཆུབ་གླིང་། ངམ་པ་ལུང་། གླེ་མིའི་སྒོམ་ཕུག་དཔལ་གྱི་འབྱུང་གནས། ཀརྨ་རོང་གི་གནས་ཆེན་དབྱིབས་ལང་སོགས་སུ་སྒྲུབ་པ་ཉམས་ལེན་མཛད། དེ་ནས་དོལ་པོ་རུ་ཕེབས་ཏེ་ཞིང་ལ་གཤེགས་པའི་སྔ་ལོའི་དགུན་མཚམས་ཀྱང་གློད་དེ་ཆོས་ཟབ་མོ་མང་དུ་གསུངས། མཐར་རབ་བྱུང་བཞི་པའི་ཤིང་ཡོས་ལོའི་ཆོ་འཕྲུལ་ཆུང་ངུའི་ཟླ་བའི་ཡར་ཚེས་བཅོ་ལྔ། ཕྱི་ལོ་ ༡༢༥༥ ལོར་རྩྭ་མཆོག་གྲོང་དང་ཆོས་མཚུངས་པ་དོལ་པོ་ཤེལ་རྡོ་རྗེ་ཕུག་གི་གཙུག་ལག་ཁང་དུ་སྐུ་གཤེགས་སོ།།
༣༽གནས་ཆེན་ཤེལ་གྱི་རི་བོའི་གནས་སྒོ་ཇི་ལྟར་ཕྱེ་བའི་སྐོར།
གནས་ཆེན་འདི་ཉིད་འདུལ་བ་དང་། སངས་རྒྱས་ཕལ་པོ་ཆེ། རྨ་བྱ་ཆེན་མོའི་མདོ་སོགས་ན་ལུང་གིས་ཟིན་པར་གྲགས་ཤིང་། སྟོད་གངས་རིན་པོ་ཆེའི་སྐུ་མཆེད་དམ་བྱིན་རླབས་གཅིག་མཚུངས་ཡིན་པར་གསུང་སྲོལ་ཡོད་པ་དང་། བསྟན་པ་སྔ་དར་སྐབས་གུ་རུ་རིན་པོ་ཆེས་བོད་ཡུལ་སྤྱི་ཡོངས་ལྟར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད། བསྟན་པ་ཕྱི་དར་སྐབས་ཆོས་བརྒྱུད་གྲུབ་མཐའ་མང་དུ་འཕེལ་ཞིང་། དྭགས་པོ་རིན་པོ་ཆེའི་ཆོས་བརྒྱུད་ཁོ་ན་ལའང་ནང་གསེས་སྡེ་ཚན་མང་དུ་གྱེས་པ་ལས། དྭགས་པོའི་དངོས་སློབ་ཕག་མོ་གྲུབ་པའི་སློབ་ཆེན་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་མཆོག་ལ་སློབ་མའི་འདུ་བ་དབྱར་མཚོ་བཞིན་རྒྱས་ཏེ།
སྟོད་ཀྱི་གངས་རིན་པོ་ཆེ་དང་། བར་གྱི་ལ་ཕྱི། སྨད་ཀྱི་ཙ་རི་ལ་སོགས་པའི་གནས་ཆེན་ཁག་ལ་རྡོར་འཛིན་དང་རི་པ་མང་དུ་རྫོང་བར་མཛད་ཅིང་། ལྷག་པར་དུ་ཉེ་གནས་ཀྱི་མཆོག་གྱུར་གྲུབ་ཐོབ་སེངྒེ་ཡེ་ཤེས་དེ་ཉིད་ལ། སྐྱོབ་པ་རིན་པོ་ཆེས། འཁོར་ཚོགས་དབུས་ན་གྲུབ་པ་ཐོབ། །སེངྒེའི་དབུས་ན་གཡུ་རལ་རྒྱས། །འབག་བརྒྱའི་ནང་ནས་སེང་ཞལ་གཅིག །དམག་རྒྱའི་དབུས་ན་དར་མདུང་ཐོགས། །བུ་སེངྒེ་ཡེ་ཤེས་མ་ལགས་སམ། །བུ་སེངྒེ་ཡེ་ཤེས་གདུལ་བྱའི་ཞིང༌། །མངའ་རིས་སྟོད་ཀྱི་ལྷོ་མོན་མཚམས། །ལུང་པའི་ཁ་ནི་ལྷོ་ནུབ་བསྟན། །རྩི་ཤིང་ནགས་ཚལ་ཐོར་རེ་བ། །ཕོ་མོ་འདོད་ཆགས་དུག་ལྔ་རགས། །གསང་སྔགས་སྟོན་པའི་སྣོད་དུ་གྱུར། །དེ་ན་ཁྱོད་ཀྱི་གདུལ་བྱ་མཆིས། །ཞེས་ལུང་བསྟན་གནང་བ་ཐུགས་ལ་བཞག་ནས་སྟོད་ཕྱོགས་ལ་ཕེབས་འགོ་བཙུགས་པ་དང་། གངས་ཏི་སེའི་གནས་བདག་ལྷ་བཙན་རྡོ་རྗེ་འབར་བ་དང་། དོལ་པོ་ཤེལ་གྱི་ལྷ་བཙན་གཉིས་ཀྱིས་གཙོས་མངའ་རིས་ཕྱོགས་ཀྱི་ལྷ་འདྲེ་མི་མ་ཡིན་རྣམས་ཀྱིས་འབྲི་གུང་གདན་ས་ནས་བསུ་བ་དང་བཅས། ཕྱི་ལོ་ ༡༢༢༠ ལོར་ཐོག་མར་ཉི་གསལ་ཞེས་པའི་ལུང་པ་ན་ཡོད་པའི་གཙང་པོ་ཆེན་པོ་རྡོ་ར་ཟམ་ཆེན་དུ་གྲགས་པ་དེར་བྱོན་ནས། སྐལ་ལྡན་དད་པ་ཅན་རྣམས་ཀྱིས་ལྷ་ཁང་ཆོས་གཞིས་ནོར་རྫས་མང་དུ་ཕུལ་ཀྱང་མ་བཞེས་ནས། ནོར་རྫས་བཟང་པོའི་རྟེན་འབྲེལ་ལ། །འཁོར་གསུམ་དག་པའི་བསྔོ་སྨོན་གྱིས། །འགྲོ་ཀུན་བྱང་ཆུབ་བྱོན་ལམ་ལ། །ནམ་གནས་ཟམ་ཁྲལ་མེད་པར་མཛོད། །ཅེས་གསུངས་པས་ད་ལྟའི་བར་དུ་ཟམ་ཁྲལ་མེད་པ་འདི་གྲུབ་ཐོབ་ཆེན་པོའི་ཐུགས་རྗེ་བཀའ་དྲིན་གྱིས་ཡིན་པར་གྲགས། དེ་ནས་སྐྱིད་སྟེང་དོལ་གྱི་དགོན་གཅིག་1ཞུ་བ་དེ་རུ་བྱོན2།
ཡུལ་མི་རྣམས་ཚོགས་ནས་འདི་རུ་བཞུགས་རོགས་གནང་ཞུས་ཀྱང་། ང་སྡོད་ལོང་མེད། བླ་མའི་བཀའ་སྒྲུབ་ཕྱིར་ཤེལ་གྱི་རི་བོ་འབྲུག་སྒྲའི་གནས་སྒོ་འབྱེད་དུ་འགྲོ་རྒྱུ་ཡིན་གསུངས་ཏེ། གཉན་ལ་བརྒྱུད་ནས་བྱི་གཅེར་ལ་བྱོན། ད་ལྟའི་གནས་གསར་དགོན་པ་ཡོད་ས་དེ་རུ་གནས་ཚང་གཡར་ཏེ་བཞུགས་པས་གནས་གསར་ཞེས་པའི་མཚན་ཐོགས། གནས་གསར་བླ་མས་དགོན་པ་མཆོད་གཞིས་དང་བཅས་པ་ཕུལ་བས་མ་བཞེས་ཏེ། བླ་མའི་ལུང་བསྟན་འབྲུག་སྒྲའི་རིར། །སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་སྤེལ། །གནས་དང་བརྒྱུད་པ་འཛིན་པ་ཡི། །འཚོ་བ་འདྲེན་པའི་ཡོན་བདག་གྱིས།།
གསུངས་ནས་ཐུན་མོང་མ་ཡིན་པའི་སྦྱིན་བདག་ཏུ་གྱུར། དེ་ནས་སྤྲད་ལུང་པ་རུ་བྱོན་ཏེ་ཡོན་བདག་བཟང་མགོན་ཟེར་བ་ཞིག་གིས་ཞིང་ཁ་ཕུལ་བ་མ་བཞེས་ཏེ། དད་ལྡན་ཡོན་བདག་བཟང་མགོན་ཁྱོད། །ཆོས་སྦྱིན་བསོད་ནམས་ཡར་རྒྱས་ནས། །རིན་ཆེན་བདུན་གྱི་གྲངས་སུ་གྱུར། །སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག །ཅེས་མ་འོངས་ལུང་བསྟན་དང་ཐུགས་སྨོན་གནང་བ་ལ་བརྟེན་ནས་ཕྱིས་སུ་ཁྱིམ་ཚང་བདུན་ལ་འཕེལ་བར་གྲགས། དེ་ནས་འགྲན་ཞེས་པའི་ས་ལྡང་ཡུལ་གྱི་དབྱར་ས་དེ་རུ་ཕེབས། རྫི་བོ་བྱིས་པ་གསུམ་དང་འཕྲད་པས། འདི་ནས་ཕར་ལ་མི་དང་རྫི་བོ་འདྲ་ཐུག་རྒྱུ་ཡོད་དམ་གསུངས་པས། བྱིས་པ་རྣམས་ཀྱིས་མེད་ཞུས་པ་དང་། འོ་ན་གནས་འདི་དང་ཉེ་ཤོས་བདག་པོ་ལྟ་བུ་དེ་ཁྱེད་གསུམ་ཡིན་འདུག་པས། གནས་འདི་ང་ལ་སྟེར་དགོས་གསུངས་པས། བྱིས་པ་གསུམ་པོ་ན་རེ། གནས་འདི་ཡང་ཁྱེད་ལ་འབུལ། ངེད་གསུམ་ཡང་རབ་ཏུ་བྱུང་བ་རེ་བྱེད་དགོས་ཞུས་པས། འོ་ན་ལེགས་སོ་སྐལ་བར་ལྡན། །སངས་རྒྱས་བསྟན་ལ་རབ་ཏུ་བྱུང༌། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་མཐའ་མ་བྱེད་པར་འགྱུར། །གསུངས་ནས་བྱིས་པ་གསུམ་ལ་སྡོམ་པ་གནང་།3 དེ་ནས་ཤེལ་དང་འགྲན་4གཉིས་ཀྱི་ས་མཚམས་རི་ཞིག་5གི་སྒང་ནས་རི་བོ་འབྲུག་སྒྲ་ལ་ལེགས་པར་གཟིགས་ཏེ་བརྟག་དཔྱད་གནང་དུས། ང་ལ་བླ་མས་ལུང་བསྟན་པའི་གནས་དེ་འདི་ཡིན་འདུག་གསུངས་ནས། ན་བཟས་གཤོག་པ་མཛད་དེ་འཕུར། ཤེལ་གྱི་རི་བོའི་དབུ་རྩེར་ཟང་ཐལ་གྱིས་ཕུག་སྟེ་སྐུ་རྗེས་བཞག་པ་ད་ལྟ་རི་བོའི་རྩེ་ན་ཡོད་པའི་སྐར་ཁུང་རང་བྱོན་ཞུ་བ་དེ་ཡིན་གསུང་མཁན་ཡང་ཡོད། རི་བོའི་དབུ་རྩེ་ནས་གངས་དཀར་ཏི་སེ་ཙེལ་པོ་ཁ་བུབ་པ་ཙམ་ཞིག་མཇལ་བ་དང་། གཞན་ཡང་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང༌།
ལྷག་པར་དུ་གངས་རིན་པོ་ཆེ་མཇལ་བས་ཐུགས་སྤྲོ་བའི་ཉམས་འུར་ནས། ཨེ་མ་ཧོ། བླ་མའི་ལུང་བསྟན་གནས་སུ་སླེབས། །དམ་ཚིག་ཆེན་པོའི་རི་བོ་འདི། །མེ་ལོང་ཡེ་ཤེས་སྐུ་ཡི་གནས། །གཡུ་འབྲུག་སྔོན་མོའི་དབྱངས་དང་ལྡན། །སོར་རྟོགས་ཡེ་ཤེས་གསུང་གི་གནས། །དྲི་མེད་ཤེལ་གྱི་མཆོད་རྟེན་བརྩིགས། །ཆོས་དབྱིངས་ཡེ་ཤེས་ཐུགས་ཀྱི་གནས། །རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བསམ་མི་ཁྱབ། །ཕྲིན་ལས་འགྲོ་བ་འདྲེན་པའི་གནས། །ཤེལ་གྱི་རི་བོ་མཐོ་མི་མཐོ། །ཤེལ་གྱི་རི་བོ་མི་མཐོ་ན། །གངས་དཀར་ཏི་སེ་ཅི་ལ་མཐོང་། །གངས་དཀར་ཏི་སེ་མ་མཐོང་ན། །སེངྒེས་ལམ་སྣ་ཅི་ལ་འདྲེན། །སེངྒེས་ལམ་སྣ་མ་དྲངས་ན། །སེངྒེ་ཡེ་ཤེས་ཅི་ལ་ཟེར། །ཞེས་པའི་མགུར་མ་གསུངས། སྐབས་དེ་དུས་ཤེལ་ལུང་པ་འདིར་ལྷ་ཀླུ་གཞི་བདག་མི་མ་ཡིན་གདུག་པ་ཅན་མང་ཞིང་། ཉིན་མོ་ཡང་སྐད་ཐོས་པ་དང་། འཆོ་འཕྲུལ་འདྲ་མི་འདྲ་སྣ་ཚོགས་སྟོན་པ་སོགས་ཤིན་ཏུ་བཀའ་གཉན་པོ་ཡོད་པའི་དུས་ཚོད་ཅིག་ཡིན་ཞིང་། དེ་དག་གི་ས་གནད་དེ་ཤེལ་སྟོད་མི་ཤ་བྲང་གི་རྩ་བ་ན་གནམ་གྲུ་གསུམ། ས་གྲུ་གསུམ། ཆུ་གྲུ་གསུམ་སྟེ། གནམ་ས་ཆོས་འབྱུང་གི་དབུས་ན་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་ཡིན་པར་མཁྱེན་ནས་ཐོག་མར་དེ་རུ་ཕེབས་ཏེ། སེངྒེ་རྣམ་པར་འགྱིངས་པའི་ཏིང་ངེ་འཛིན་གྱི་ངང་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སེངྒེ་གསུམ་དང་། དེ་ལས་འཕྲོས་པའི་སེང་ཕྲུག་བརྒྱ་རྩ་བརྒྱད་དུ་སྤྲུལ་ནས་ཕ་བོང་དེའི་སྟེང་དུ་བྲོ་འཁྲབས་པས་ཕ་བོང་འདམ་ལྟར་བརྫིས། ལྷ་སྲིན་སྡེ་བརྒྱད་ཀུན་གྱི་སྲོག་སྙིང་བླངས་ཏེ་དམ་ལ་བཏགས། དགེ་བསྙེན་དུ་ཁས་བླངས་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མར་མངའ་གསོལ། མི་འགྱུར་བའི་རྟགས་སུ་སེང་གེའི་རྗེས་བརྒྱ་རྩ་བརྒྱད་བཞག་ནས་ཕ་བོང་སེང་རྗེས་ཟེར། འདི་ལ་སྐོར་བ་བརྒྱ་རྩ་བརྒྱད་བརྒྱབ་ན་གདོན་བགེགས་ཀྱི་གནོད་པ་མི་ཡོང་བར་གསུངས་སོ།།
རི་བོ་འབྲུག་སྒྲའི་སྔོན་དུ་འདི་གནས་སྒོ་ཕྱེ་བ་ཡིན་པས་འདི་བསྐོར་ནས་རི་བོ་ལ་གནས་སྐོར་འགྲོ་བའི་ལུགས་སྲོལ་ཡོད་ཅིང་། ཕ་མེས་ཀྱི་གཏམ་དཔེ་ལས་ཀྱང་། གནས་པྲེ་ཏ་པུ་རི་མ་བསྐོར་ན། །གངས་ཏི་སེ་བསྐོར་དང་མ་བསྐོར་མེད། །གནས་ཕ་བོང་སེང་རྗེས་མ་བསྐོར་ན། །ཤེལ་རི་འབྲུག་སྒྲ་བསྐོར་དང་མ་བསྐོར་མེད། །གནས་གུར་རྒྱལ་མཚོ་མོ་མ་བསྐོར་ན། །མ་ཕམ་གཡུ་མཚོ་བསྐོར་དང་མ་བསྐོར་མེད། །གཞོན་པས་རྒན་རྒོན་མ་བསྐྱངས་ན། །ཉིན་སྐོར་ཐེབས་ཀྱང་དོན་མེད་ཡིན། །ཟེར་སྲོལ་ཡོད། དེ་ནས་མར་ལ་ཕེབས་དུས་སྒང་ཟུར་ཞིག་ནས་བཙག་ཁང་གི་བྲག་རྣམས་གྲུབ་ཐོབ་བརྒྱད་ཅུའི་རང་བྱོན་གཟིགས་མཐར། དེ་རྣམས་དཔལ་ས་ར་ཧཱ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཉིས་ལ་ཐིམ་སོང་བས། རྗེ་ས་ར་ཧཱ་དང་ཀླུ་སྒྲུབ་གཉིས། །ཕ་གྲུབ་ཐོབ་རྣམས་ཀྱིས་བྱིན་རླབས་པའི། །ངའི་བླ་མ་གཉིས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་ཕྱག་བཙལ་མ་ཐག་ས་ར་ཧཱ་དང་ཀླུ་སྒྲུབ་གཉིས་ཀྱང་འཇའ་ལྟར་ཡལ། སྒང་ཟུར་དེ་ལ་ཕྱག་འཚལ་སྒང་ཞེས་ཐོགས་ཤིང་། དེང་སང་ཡང་འགྲུལ་པ་རྣམས་དེ་རུ་སླེབས་པ་དང་བཙག་ཁང་དང་སུམ་མདོ་དགོན་གཉིས་ལ་གུས་ཞབས་མཚོན་བྱེད་དུ་རྟ་ལས་བབས། ཞྭ་འབུད་བྱེད་སྲོལ་ཡོད།
དེ་ནས་བཙག་ཁང་གི་བྲག་རི་རྣམས་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་སྐུར་གྱུར་ནས་ཞལ་ནས་ཧ་ཧ་དང་ཧི་ཧི་སོགས་བཞད་པའི་གད་མོ་བཅུ་གཉིས་ཀྱིས་གནམ་ས་ཡོམ་ཡོམ་དུ་འགུལ་བ་བྱུང་བས། གྲུབ་ཐོབ་ཆེན་པོ་ཐུགས་ཉམས་འུར་ནས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྐུར་བཞེངས་ཏེ་ཡུམ་གྱི་གསང་བའི་བྷ་ག་ནས་ཞུགས་ཏེ། ཐུགས་ཀ་རུ་ཕེབས་པ་དང་བདེ་སྟོང་དགའ་བཞིའི་ཏིང་ངེ་འཛིན་གྱི་གསལ་སྣང་བརྟན་པོ་ཞག་བཅུ་གཉིས་ཀྱི་བར་དུ་བྱུང་ནས། ཤེས་སྒྲིབ་ཐམས་ཅད་དག ཡོན་ཏན་ཐམས་ཅད་རྒྱས། གང་ལའང་ཉམས་ང་མེད་པ་རི་དྭགས་རྒྱལ་པོ་སེངྒེ་ལྟར་གྱུར་པས། དེ་ནས་བཟུང་སེངྒེ་ཡེ་ཤེས་ཞེས་མིང་དོན་མཚུངས་པ་བྱུང་ནས། གྲུབ་ཐོབ་སེང་གེ་ཡེ་ཤེས་ང༌། །འཁོར་ལོ་སྡོམ་པའི་སྐུ་རུ་གྱུར། །རྡོ་རྗེ་ཕག་མོའི་བྷ་གར་བཞུགས། །བདེ་སྟོང་དགའ་བཞིའི་ཏིང་འཛིན་གྱི། །གསལ་སྟོང་ཡེ་ཤེས་ཆེན་པོར་ཤར། །སྒྲིབ་གཉིས་བག་ཆགས་དྲུང་ནས་འབྱིན། །ཚོགས་གཉིས་ས་ལམ་ཡོན་ཏན་རྫོགས། །སེང་གེ་དཀར་མོའི་ཉམས་ཤིག་ཤར། །མཚན་ལྡན་རྣལ་འབྱོར་དེ་དུས་བྱུང༌། །ཞེས་གསུངས་ཤིང་། ཕག་མོའི་གསང་གནས་ནས་ཀ་ཏོ་ར་འབྲུ་ཡིས་གང་བ་དང་། ཕུར་པ་བཅས་གཏེར་དུ་བཞེས། དེ་ནས་ཤེལ་གྱི་རི་བོའི་གནས་སྒོ་སྐོར་ལམ་གཏན་འབེབས་གནང་བའི་ཆེད་དུ་སེངྒེ་ལ་བཅིབས་ཏེ་ཞབས་སྐོར་ལ་ཕེབས་པས་ལྷ་ལུང་ཟེར་བའི་གྱེན་ལམ་དེར་སྐུ་ཐང་བསྙེལ་བའི་ཚུལ་བསྟན་ནས། ཚ་ཕོག་ཅིག་བྱེད་དགོས་དགོངས་ཏེ་སྒྱེད་རྡོ་བཙལ་བས་ཡིག་འབྲུ་དང་། ཕྱག་མཚན། ལྷ་སྐུ་མ་གཏོགས་པ། རྡོ་ཕལ་པ་ར་མགོ་ཙམ་ཡང་མ་རྙེད་པར་ཞབས་པུས་གཉིས་ཀྱི་བར་དུ་གསོལ་ཇ་བསྐོལ་ཏེ། བདག་རྫུ་འཕྲུལ་ལུས་ཀྱི་བཀོད་པ་ཡིས། །སེང་གེར་བཞོན་ནས་ནམ་མཁར་ཕྱིན། །ནམ་མཁར་ཕྱིན་ནས་རྫུ་འཕྲུལ་བསྟན། །རྫུ་འཕྲུལ་ཐོགས་མེད་བསྟན་ལགས་ཀྱང༌། །ཡི་དམ་དབྱེར་མེད་གནས་ཆེན་འདི། །རྐང་པས་མ་སྐོར་ང་རེ་འགྱོད། །གསུངས་ནས་རིམ་གྱིས་ཕེབས་སྐབས། སྤྱང་ཀི་ཉི་ཤུ་རྩ་གཅིག་གྲུབ་ཐོབ་ཀྱི་སྔོན་སྔོན་ཙམ་ལ་སོང་ནས་ཚེ་ཆུ་གོང་མ་ནས་ཡར་ཐོན་པ་དང་རི་ཞིག་ལ་ཐིམ་པའི་གཟིགས་སྣང་བྱུང་བས། ཏིང་ངེ་འཛིན་གྱི་ངང་ནས་གཟིགས་དུས་རྗེ་བཙུན་སྒྲོལ་མས་ལམ་སྣ་མཛད་པར་མཁྱེན་ཏེ། རི་དེ་ལ་སྒྲོལ་མ་ཕོ་བྲང་དང་། ལ་མགོ་དེ་ལ་སྒྲོལ་མ་ལ་ཞེས་ཐོགས། སྔོན་མ་ལ་མགོ་དེར་རྗེ་བཙུན་སྒྲོལ་མའི་སྐུ་རང་བྱོན་ཞིག་ཡོད་ཀྱང་དེང་སང་སེམས་ཅན་བསོད་ནམས་དམན་པའི་དབང་གིས་རང་བྱོན་ཡོད་སའི་བྲག་དེ་ཞིག་ནས་མཇལ་རྒྱུ་མེད། དེ་ནས་རིམ་བཞིན་བུ་ཆུང་བླ་མཚོ་ཞེས་པའི་མཚོ་ཆུང་ངུ་དེའི་གཡས་གཡོན་ཙམ་ལ་ཕེབས་དུས་གང་ནས་འགྲོ་དགོས་པ་ཡིན་ནམ་དགོངས་ཏེ་ཐུགས་བསམ་བཞེས་སྐབས། ནམ་མཁའ་ནས་དུང་སྐད་སྦྲང་མའི་སྒྲ་ཙམ་ཞིག་གསན་པ་དེའི་རྗེས་དེད་ནས་ཡས་མན་ཞེས་པ་རི་བོའི་གཡོན་ཟུར་རི་འབུར་ཞིག་གི་སྒང་དུ་འབྱོར་བ་དང་། ནམ་མཁའ་ནས་མཁའ་འགྲོ་མ་རྣམས་དངོས་སུ་བབས། དུང་དཀར་ཕྱག་ཏུ་ཕུལ་བ་ད་ལྟའང་དགོན་མོ་ཆེའི་ནང་རྟེན་གྲས་སུ་ཡོད།
མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་བྲོ་གར་སྣ་ཚོགས་པའི་མཆོད་པ་ཕུལ་བས་མཁའ་འགྲོའི་བྲོ་ར་ཞེས་པའི་མཚན་ཐོགས། དེང་སང་ཡང་གནས་སྐོར་བ་རྣམས་དེར་སླེབས་པ་དང་གླུ་དང་ཞབས་བྲོའི་མཆོད་པ་འབུལ་བའི་ལུགས་སྲོལ་ཡོད། དེ་ནས་མཁའ་འགྲོའི་བྲོ་ར་ནས་ཐུར་ལ་བབས་ཏེ་རྡོ་རྗེ་ཕུག་ཏུ་ཕེབས། དེ་རུ་ཐོག་མར་ལོ་ལྔ་བཞུགས། གྲུབ་ཐོབ་ཆེན་པོས་བཙག་ཁང་ཕག་མོའི་ནང་ནས་གཏེར་དུ་བཞེས་པའི་འབྲུ་ཀ་ཏོ་ར་གང་པོ་དེས་མ་རྩ་མཛད་དེ་རྡོ་རྗེ་རྫོང་ཞེས་པའི་དགོན་པ་ཞིག་བཞེངས་པ་དེ་ལ་དེང་སང་དགོན་མོ་ཆེ་ཞུ། དེ་ག་ནང་བཞིན་སྦྱིན་བདག་ཅིག་གིས་གཡུ་ཡི་ཕྲེང་བ་ཞིག་ཕུལ་བ་དེའི་གྲངས་བཞིན་གྲྭ་ཤག་བརྒྱ་རྩ་བརྒྱད་བཞེངས། གྲྭ་ཁང་རེའི་ཉེ་འགྲམ་དུ་གཡུ་རེ་སྦས་པ་ལུ་མ་རེ་བྱུང་། གཡུ་ཡག་ཤོས་དེ་ལ་ཉེ་གནས་ཤིག་སེམས་ཆགས་ནས་ཨམ་ཕྲག་ཏུ་ཉར་ནས་ཕྱིས་ལྟ་དུས་གཡུ་མེད་པར། སྦྲུལ་ཆེན་པོ་ཞིག་ཐོན་ཏེ་ལུང་པའི་གཏིང་ལ་མཆོངས་པའི་སྣང་བ་བྱུང་། དེ་ཡི་རྟེན་འབྲེལ་ལས་ལུ་མ་ཆེ་ཤོས་དེ་ཏོག་ཙམ་ཁ་ཐག་རིང་བའི་དགོན་པའི་འོག་ལ་ཆགས་ཡོད་ཙང་། དགུན་ཁ་ཆུ་མིག་གཞན་རྣམས་སྐམ་སྟེ་ཐུང་ཆུ་འགྱངས་པོ་འབྱུང་བའི་རྒྱུ་མཚན་དེ་ཡིན་པར་གྲགས། དགོན་པའི་ནང་རྟེན་གཙོ་བོ་སྒྲོལ་མ་གསུང་འབྱོན་དང༌། མགོན་པོ་ཕྱག་བཞི་ཐུགས་འབྱོན་དང༌། སྐུ་འབུམ་མཐོང་བ་རང་འབྱོན་བཅས་དེ་གསུམ་ལ་འབྱོན་པ་རྣམ་གསུམ་ཞུ། གཞན་ཡང་སྐྱོབ་པ་རིན་པོ་ཆེ་དང་། གྲུབ་ཐོབ་སེངྒེ་ཡེ་ཤེས་ཉིད་ཀྱི་སྐུ་འདྲ་སོགས་མང་དུ་བཞུགས་ཡོད་དོ།།
༤༽ གནས་ཆེན་ཤེལ་རིའི་ཕྱི་ནང་གསང་གསུམ་གྱི་བཀོད་པའི་སྐོར།
སྤྱིར་གངས་རིའི་ལྗོངས་འདིར་སྟོད་གངས་རིན་པོ་ཆེ་དང་། བར་གྱི་ལ་ཕྱི། སྨད་ཀྱི་ཙ་རི། གཞན་ཡང་ལ་སྟོད་རྩིབས་རི་དང་། དོལ་པོ་ཤེལ་རི་འབྲུག་སྒྲ་བཅས་གདོད་ནས་གྲུབ་པའི་དཔལ་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ཀྱི་གནས་ཆེན་ལྔ་ཡོད་པ་ལས། ཤེལ་གྱི་རི་བོ་འབྲུག་སྒྲ་འདི་དམ་པ་གོང་མ་རྣམས་ཀྱིས་ཕྲིན་ལས་ཀྱི་གནས་སུ་བཞེད་ཅིང་། གྲུབ་ཐོབ་སེང་གེ་ཡེ་ཤེས་ཉིད་ལ་གནས་ཀྱི་གཟིགས་སྣང་ཇི་ལྟར་བྱུང་ཚུལ་མགུར་དབྱངས་གསུངས་པ། ཨེ་མ་རྒྱལ་བས་བསྔགས་པའི་གནས། །ཤེལ་གྱི་རི་བོ་འབྲུག་སྒྲ་འདི། །རྣམ་རྒྱལ་མཆོད་རྟེན་དགུང་ལ་རེག །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །རྒྱ་བོད་གྲུབ་ཐོབ་རྒྱ་མཚོས་བསྐོར། །འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ། །བརྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཉན་རང་དགྲ་བཅོམ་ཚོགས་ཀྱིས་བསྐོར། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །བསྟན་སྲུང་དམ་ཅན་རྒྱ་མཚོས་བསྐོར། །དཀར་ཕྱོགས་ལྷ་ཀླུ་གཞི་བདག་རྣམས། །སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས། །གནས་ཆེན་ངོ་མཚར་བྱིན་རེ་ཆེ། །ཞེས་གསུངས་ཤིང་། གཞན་ཡང་། ཤར་རི་རྒྱལ་པོ་གུས་བཏུད་འདྲ། །ལྷོ་རི་འབངས་རྣམས་སྐྱོབ་པ་འདྲ། །ནུབ་རི་བཙུན་མོ་བསྒྲིགས་པ་འདྲ། །བྱང་རི་དམག་དཔོན་འཛོམས་པ་འདྲ། །རི་ཕྲན་འབངས་མིས་བསྐོར་བ་འདྲ། །ནགས་ཚལ་རྣམས་ནི་གཡོ་ཞིང་ལྡེམ། །རི་འབུར་ལྷ་བཤོས་ཕུལ་བ་འདྲ། །འགྲོ་བ་མི་རྣམས་སྐོར་བ་བྱེད། །ཆུ་ཕྲན་རྣམས་ནི་གླུ་དབྱངས་ལེན། །མཛེས་པའི་རི་དྭགས་གར་སྟབས་བྱེད། །དེ་འདྲའི་གནས་ཚན་དེ་ཉིད་ཀྱི། །ཤར་ན་དར་ཟབ་གཏེར་ཁ་ཡོད། །ཤར་ལྷོར་ལྕགས་ཀྱི་གཏེར་ཁ་ཡོད། །ལྷོ་ནུབ་ཞ་ནེའི་གཏེར་ཁ་ཡོད། །ནུབ་བྱང་བབ་ལའི་གཏེར་ཁ་ཡོད། །བྱང་ཤར་ཚྭ་ཡི་གཏེར་ཁ་ཡོད། །ཅེས་གསུངས་པ་དང་། མངའ་རིས་པཎ་ཆེན་གྱི་རང་རྣམ་ལུས་ཅན་སྐྱེ་བོའི་གཏམ་རིན་ཆེན་ཕྲེང་བ་ལས། དབེན་ཞིང་ཉམས་དགའ་རིག་པ་ཕྱོགས་མེད་དྭངས། །འཁོར་ལོ་སྡོམ་པ་དྲུག་བཅུ་རྩ་གཉིས་ཀྱི། །རྣམ་པར་གནས་ཤིང་དཔལ་གྱི་རི་བོ་དང༌། །བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་ཡུམ་གཉིས་ཀྱི་མཚོན་པའི་དབེན་གནས་སོགས། །ལེགས་པར་མཇལ་བས་སྙིང་ནས་སྤྲོ་བ་ནི། །སྔོན་གྱི་སྐྱེ་བ་ལས་དང་སྡུག་བསྔལ་ཀུན། །ཡིད་ལ་དྲན་པས་འགྲོ་ལ་སྙིང་རྗེ་སྐྱེས། །གདུང་བའི་སེམས་ཀྱི་མཆི་མ་ཡང་ཡང་ཤོར། །ད་ནི་ཐུབ་པའི་བསྟན་པ་ལུང་གི་ཚོགས། །ཐམས་ཅད་ཉན་ནས་རྟོགས་པའི་དམ་ཆོས་ཤིག།།ས་ཕྱོགས་འདིར་ནི་ཡང་དག་སྤེལ་ལོ་སྙམ། །ཕྱོགས་དེར་རྟེན་འབྲེལ་གནས་བསྟོད་དུ་མ་སྦྱར། །ཞེས་གསུངས་པ་ལྟར། གནས་ཆེན་རི་བོ་འབྲུག་སྒྲ་འདི་ཉིད་ཕྱི་གནམ་རྒྱལ་ཤེལ་གྱི་མཆོད་རྟེན་དཔག་ཚད་ལྔ་བརྒྱ་ཙམ་ལ། ནང་སངས་རྒྱས་སྟོང་རྩས་གང་བའི་གཞལ་ཡས་ཁང་། ཕྱི་ཡི་བང་རིམ་ལ་དགྲ་བཅོམ་ལྔ་བརྒྱ་དང་། ཉེ་བའི་སྲས་བརྒྱད། གནས་བརྟན་བཅུ་དྲུག གྲུབ་ཐོབ་བརྒྱད་ཅུ་སོགས་ཉན་རང་བྱང་སེམས་མང་པོས་བསྐོར་བའི་ཕྱོགས་བཞི་ནས་མེ་ཤེལ་གྱི་ཐེམ་པ་སྐས་ཁུང་ཉེར་གཅིག་ཅན་རེ་ནས་སངས་རྒྱས་རྣམས་ལྷ་ཡུལ་དུ་ཕེབས་པའི་གཟིགས་སྣང་བྱུང་བར་གསུངས་པ་དང་། གཅིག་ད་ལྟ་མཐོ་རིས་སྐྲས་པ་6ཟེར་བ་དེ་ཡིན་པར་གྲགས།
ལྷག་པར་དུ་རི་བོ་མཆེད་གསུམ་འདི་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། བཙག་ཁང་བྲག་འདི་རྡོ་རྗེ་ཕག་མོ་ལྷ་ལྔ་རི་བོ་ལ་ཞལ་བསྟན་པའི་ཚུལ་དུ་བཞུགས་པས་བདེ་མཆོག་ཡབ་ཡུམ་གྱི་གནས་སུ་གྲུབ་ཅིང་། གཞན་ཡང་ཟངས་མདོག་དཔལ་གྱི་རི་བོ་དང་། བདག་མེད་ལྷ་མོ་བཅོ་ལྔ་མཚོན་པའི་དབེན་གནས་སོགས་སུ་གཟིགས་པར་གསུངས་པ་དང་། ལས་སྒྲིབ་ཅུང་ཟད་དག་པའི་འབྲས་བུར་ཐུན་མོང་གནས་སྐོར་བ་རྣམས་ཀྱི་སྣང་ངོ་ལ་འོལ་སྤྱི་ཙམ་མཇལ་ཐུབ་པའི་རང་བྱོན་ཡང་། རི་བོའི་དབུ་རྩེ་ན་བདུད་རྩིའི་མཚོ་ཆུང་ཆུང་གསེར་སྣོད་འོ་མས་གང་བ་འདྲ་བ་ཞིག་ཡོད་པ་དེ་འདུལ་བ་ནས་ཀྱང་ལུང་གིས་ཟིན་པར་གྲགས་ཤིང་། རི་བོ་ལ་སྐོར་བ་བཅུ་གསུམ་བརྒྱབ་རྗེས་དབུ་རྩེ་འདིར་འགྲོ་ཆོག་པ་ཡིན།
མཚོ་དེའི་ཆུ་ལག་བཞི་རུ་གྱེས་ཏེ་མདུན་ན་ཆུ་མོ་ཡན་ལག་བརྒྱད་ལྡན་དང་། རི་བོའི་སྐུ་རྒྱབ་མེ་ཏོག་སྡིངས་ཀྱི་ཆུ། བུ་ཆུང་བླ་མཚོའི་ཆུ། བཙག་ཁང་གི་ཆུ་བཅས་ཕྱོགས་བཞིའི་ཆུ་མོ་བཞི་དང་འགྲོགས་ནས་འབབ། དེ་ལ་ཁྲུས་བྱེད་པ་དང་། ཁ་ལ་བཏུངས་ན་ནད་གདོན་སྒྲིབ་དང་མི་གཙང་བ་སོགས་དག་ཅིང་། དབང་བཞི་ཐོབ་པས་གནས་སྐོར་བ་རྣམས་ཐོག་མར་ཆུ་མོ་ཡན་ལག་བརྒྱད་ལྡན་ལ་ཁྲུས་བྱས། དེའི་འགྲམ་གངྒ་ཆུ་མིག་གི་ཆུ་ཁ་ལ་བཏུངས་ཏེ། ལྷ་ལུང་ནང་གི་རྩ་བ་ཕྱག་འཚལ་སྒང་དུ་ཕྱག་གསུམ་བཙལ་ནས་འགྲོ། ལྷ་ལུང་འདིར་གྲུབ་ཐོབ་ཉིད་ཀྱིས་རྡོ་ཕལ་པ་ར་མགོ་ཙམ་ཡང་མ་རྙེད་པར་གསུངས་ལ། ཐུན་མོང་སྣང་ངོར་ཡང་རྗེ་བཙུན་མི་ལ་དང་། གངས་རིན་པོ་ཆེ། ཐུགས་རྗེ་ཆེན་པོའི་ཐུགས་སྲོག་ཧྲཱིཿཡིག་སོགས་མཇལ་རྒྱུ་ཡོད་ཅིང་། དེ་བཞིན་ཚེ་ཆུ་འོག་མའི་ཉེ་འགྲམ་ཞིག་ལ་དགེ་སྡིག་ལ་དྲན་གསོ་ཐེབས་པའི་རྟེན་དམྱལ་བའི་ལམ་དཀར་ནག་དང་། ཟངས་རོལ་མོ། ཤལ་མ་ལིའི་སྡོང་པོ་རང་བྱོན་དང་། ཚེ་ཆུ་གོང་མ་ན་དུས་མིན་འཆི་བ་ལས་སྐྱོབ་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་ཚེ་བུམ་ནས་ཚེ་ཆུ་བབས་ཏེ། བྲག་ཤུར་དུང་གི་རྗེས་ལྟ་བུ་ཞིག་ནས་བཟེད་ནས་འཐུང་རྒྱུ་ཡོད། དེ་ནས་ཡར་ཐོན་པ་དང་རྗེ་གྲུབ་ཐོབ་ཀྱི་ལམ་སྣ་འདྲེན་མཁན་སྤྱང་ཀི་ཉེར་གཅིག་ཐིམ་པར་གཟིགས་པའི་གནས་སྒྲོལ་མའི་ཕོ་བྲང་གཡའ་རི་སྔོན་པོའི་རྣམ་པ་ཅན་ཞིག་དང་། ལག་གཡས་ཕྱོགས་ཀྱི་བྲག་ལྡེབས་རྣམས་གྲུབ་ཐོབ་བརྒྱད་ཅུ་རང་བྱོན་ཡིན་པར་གསུངས། སྒྲོལ་མ་ལའི་སྐེད་ན་དུར་ཁྲོད་བསིལ་བ་ཚལ་ཟེར་བ་མི་རྣམས་ཀྱིས་སྐྲ་དང་གོས་རྙིང་སོགས་དོར་ན་གསོན་པོའི་བར་ཆད་སེལ་ཞིང་། གཤིན་པོ་ངན་སོང་ལས་གྲོལ་བར་གྲགས་པ་ཞིག་དང་། སྒྲོལ་མ་ལ་མགོ་ན་སྔོན་སྒྲོལ་མ་རང་བྱོན་ཞིག་ཡོད་ཀྱང་ད་ལྟ་བྲག་དེ་ཞིག་ནས་མཇལ་རྒྱུ་མེད།
ལ་རྩེ་རུ་རླུང་རྟ་བཙུགས་ཤིང་བསང་གསོལ་བཏང་ནས་ཐུར་ལ་བབས་པ་དང་། འབྲུག་རང་བྱོན་དུ་གྲགས་པ་ཆག་དུམ་ཞིག་ཡོད་ཅིང་། དེ་ནས་མེ་ཏོག་སྡིངས་ནས་མར་ཡོང་བའི་ལག་གཡོན་ཕྱོགས་ལ་བྲག་རི་བུ་ཁུར་བའི་དབྱིབས་ཅན་ཞིག་ཡོད་པ་དེ་ལ་བུ་ཞུ་ས་ཟེར། དེ་ལ་གསོལ་བ་བཏབ་པས་ཕྲུ་གུ་མེད་པའི་ཁྱིམ་ཚང་མང་པོར་ཕྲུ་གུ་སྐྱེས་པའི་ལོ་རྒྱུས་མང་། མུ་ཁུམ་དང་ཀརྨ་རོང་སོགས་ན་ཤེལ་གནང་ཟེར་བའི་མིང་ཅན་མང་པོ་ཡོད་པ་དེ་ཚོ་འདི་ནས་བུ་ཞུས་ནས་སྐྱེས་པ་རྣམས་ཡིན་སྐད་འདུག བྲག་རི་དེ་སྐོར་ལམ་གྱི་ཕྱི་ལོགས་སུ་ཡོད་ཀྱང་དོན་ལ་རི་བོའི་ཡན་ལག་གནས་རི་ཞིག་ཡིན་པ་ལ་དོགས་པ་མེད། བུ་ཞུ་སྟངས་ཀྱང་ཤེལ་དགོན་པའི་དགེ་འདུན་པ་ཞིག་གདན་དྲངས་ཏེ་གནས་ལ་གསོལ་བ་བཏབ། དགེ་འདུན་པ་དེས་རྡོ་ཁར་གོང་དབྱིབས་ལེགས་ཤིག་དར་གྱིས་དྲིལ་ཏེ་ཨ་མ་དེའི་རྒྱབ་ལ་བསྐུར། ཁྱིམ་ཚང་དེས་རྡོ་དེ་གཅེས་ཉར་བྱེད་པ་དང་། ཕྲུ་གུ་ལ་མིང་དང་རིམ་འགྲོ་གང་དགོས་ཤེལ་རིའི་བླ་མ་ལ་བརྟག་པ་ཞུ་སྲོལ་ཡོད།
དེ་ནས་མར་ཡོང་དུས་སྐོར་ལམ་ལ་ཁ་བ་བབས་ཏེ་སྲིབས་ལམ་འགགས་ཡོད་ན་སྔོ་གཤོངས་བརྒྱུད། སྟག་པའི་ངོས་ནས་ཡས་མན་མཁའ་འགྲོའི་བྲོ་ར་ལ་ཐོན། དེ་ནས་སྦྲུལ་རང་བྱོན་གྱི་ཉིན་འདེབས་ནས་ཤར་རྒྱག་གཏིང་ལ་བབས་ཏེ་གཙང་པོ་བརྒྱུད་དེ་ཕུག་སྒོ་ནས་སུམ་མདོ་དགོན་ལ་ཕེབས་སྟངས་ཤིག་དང་། དེ་མིན་རྒྱུན་ལྡན་ལྟར་ན་བུ་ཆུང་བླ་མཚོ་ཞེས་མཚོ་ཆུང་ཡོན་ཆབ་ཕུལ་བ་འདྲ་བ་གཉིས་ཡོད་པ་དེའི་ཕུ་ན་རྔ་དང་རོལ་མོ། རྒྱ་གླིང་། མཆོད་རྟེན་ཆ་བརྒྱད། དར་ཐག་སོགས་རང་བྱོན་མང་དུ་ཡོད་པ་རྣམས་ལ་རྒྱང་མཇལ་ཞུས། སྐོར་ལམ་ལའང་སེང་གེ་ཡེ་ཤེས་ཀྱིས་སྤྲུལ་པའི་སེང་རྗེས་དང་། ཤེལ་རྡོ་དབྱིབས་ལེགས་མང་པོ་འཐུ་རྒྱུ་ཡང་ཡོད། བྲག་ཅིག་གི་སྟེང་ན་གནས་སྐོར་བས་རྡོ་ཡི་རྩེད་ཁང་དང་ཐོ་པོ་མང་དུ་བརྩིགས་ཡོད་པ་དེ་ལ་ཚེ་དཔལ་གསང་ལམ་དང་ཡོངས་གྲགས་སུ་རྩེད་ར་མང་པོ་ཟེར། དེ་ལ་ཆོས་དང་མཐུན་པའི་གནས་བཤད་ནི་མ་ཐོས། དེ་ནས་ཐོ་རིས་ཐེམ་སྐས་ཟེར་བའི་བྲག་ལ་ཐེམ་པ་བཅུ་གྲངས་ཙམ་ཞིག་ཡོད་པ་དེར་དབུགས་མ་ཤོར་བར་རྒྱུག་ཐེངས་གཅིག་ལ་ཐོན་ཐུབ་ན་སྡིག་སྒྲིབ་སྲབ་པའི་གྲས་སུ་བརྩི། དེ་ནས་ཡས་མན་མཁའ་འགྲོའི་བྲོ་ར་རུ་མ་སླེབས་ཙམ་ལ་རི་དྭགས་ཀྱི་རྨིག་རྗེས་ཤིག་ཡོད་པ་དེ། གནས་རི་འདི་ལ་ཡོད་པའི་རྩྭ་ཀླུ་བདུད་རྡོ་རྗེ་དང་ཆུ་འགྲོ་བ་འདྲེན་པ་གཉིས་ཁ་ལ་རེག་པའི་རི་དྭགས་ཤིག་གི་རྐང་རྗེས་ཡིན་པར་གྲགས། རི་དྭགས་དེའི་རྐང་རུས་དགོན་མོ་ཆེའི་ནང་རྟེན་གྲས་སུ་བཞུགས་ཡོད། དེ་ནས་ཡས་མན་མཁའ་འགྲོའི་བྲོ་ར་ནས་རི་བོ་མཆེད་གསུམ་གྱི་གཡོན་རིའི་དབུ་རྩེ་ན་ཡོད་པའི་སྐར་ཁུང་རང་བྱོན་དེ་གསལ་པོར་མཇལ་ཐུབ། གནས་སྐོར་བ་སྡིག་སྒྲིབ་ཆེ་བའི་རིགས་ལ་སྨུག་པས་བསྒྲིབས་ནས་མཇལ་ཁ་མི་རག་པའི་བཤད་སྲོལ་ཡང་ཡོད། དེ་ནས་ཚུར་དགོན་མགོ་དང་བརྩེགས་རིམ་བརྒྱུད་ནས་སུམ་མདོ་དགོན་ལ་ཤར་རྒྱག་ལོག་ཆོག་ཀྱང་། དགོན་མོ་ཆེ་ན་ཡོད་པའི་གནས་ཀྱི་ལྟེ་བ་རྡོ་རྗེ་ཕུག་པ་མ་མཇལ་ན་སྐོར་བ་ཕྱེད་སྐོར་ཡིན་པའི་གསུང་རྒྱུན་ལྟར། མར་ལ་ཡོང་དུས་སྦྲུལ་རང་བྱོན་ཞེས་པ་ཞིག་མཇལ། དེ་ནས་གནས་ཀྱི་ལྟེ་བ་དང་རྗེ་གྲུབ་ཐོབ་ཆེན་པོའི་གདན་ས་དགོན་མོ་ཆེ་ན་རྡོ་རྗེ་ཕུག་དང་། རྟེན་གསུམ་མང་པོ་མཇལ་རྒྱུ་ཡོད་ཅིང་། དགོན་པའི་དཀོན་གཉེར་ནས་གསོལ་ཇ་ཡང་གནང་སྲོལ་ཡོད།
དེའི་ཉེ་འགྲམ་བྲག་དབང་ཕྱུག་ཆེན་པོའི་ལིངྒ་ལྟ་བུ་ཞིག་ལ་རྗེ་གྲུབ་ཐོབ་ཆེན་པོའི་དབུ་རྗེས་མཇལ་རྒྱུ་ཡོད་པ་དེ་དཔལ་ཧེ་རུ་ཀཿ ཡི་རྡོ་རྗེ་དང་། དེའི་ཐད་ཀར་ཉིན་ཕྱོགས་ཤེལ་ཆུང་གི་རྩ་བ་ན་ཕུག་པ་ཞིག་ཡོད་པ་དེ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་པདྨའི་མཚོན་བྱེད་ཡིན་པས་ཐབས་ཤེས་མོས་གུས་ཀྱི་རྟེན་བླ་ན་མེད་པ་ཡིན་པར་གྲགས། དེ་ནས་ཚུར་རྟ་སྒ་སྟོང་ཟེར་ས་དེ་ན་ལམ་གོང་འོག་གཉིས་ཡོད་པ་ལས་གོང་མ་ནས་ཕྱིན་ན་བཙག་ཁང་དགོན་དུ་སླེབས། བཙག་ཁང་འདི་འཁོར་ལོ་སྡོམ་པའི་ཡུམ་རྡོ་རྗེ་ཕག་མོའི་གནས་ཡིན་པས། ཕག་མོའི་ནང་ཞེས་པའི་ཕུག་པ་དེར་བྱང་སེམས་དཀར་དམར་མཚོན་ཕྱིར་ཡར་ངོ་མར་ངོ་ལ་འོ་ཆུ་དཀར་པོ་དང་བཙག་ཆུ་དམར་པོ་རེ་མོས་ཀྱིས་འབབ་པ་མཇལ་རྒྱུ་ཡོད་ཅིང་། ཡབ་ཀྱི་གནས་རི་བོ་མཆེད་གསུམ་རྐྱང་པ་བསྐོར་ཏེ་དགོན་མགོ་ནས་ཐད་ཀར་སུམ་མདོ་ལ་ལོག་ན་སྐོར་བ་ཕྱེད་སྐོར་ཡིན་པའི་རྒྱུ་མཚན་གཅིག་འདི་མིན་པའི་ངེས་པ་ཡང་མི་འདུག འདི་ན་བཙག་མང་པོ་འདོན་རྒྱུ་ཡོད་སྟབས་བཙག་ཁང་ཞེས་པའི་མཚན་ཐོགས་པ་ཡིན། དགོན་པ་འདི་ཤེལ་རི་མཆོག་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་དང་། དོལ་ཕྱོགས་ན་རིན་ཆེན་གཏེར་མཛོད་ཆེན་མོའི་ཐོག་མ་དེ་ཡང་འདི་ན་བཞུགས། གཞན་ཡང་བསྟན་འཛིན་རས་པའི་ཞབས་རྗེས་དང་། བོན་གྱི་བླ་མ་རྟའུ་ཉི་མ་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་ཡང་མཇལ་རྒྱུ་ཡོད་པར་གསུངས།
དེ་ནས་རིགས་གསུམ་མགོན་པོ་ཞེས་པའི་ལ་ཉག་གཅིག་ན་ཨ་ལ་སྐམ་པོ་ཟེར་བའི་འདམ་སྔོན་ས་ཞག་གི་རིགས་ཤིག་ཡོད་པ་དེ་གནས་སྐོར་བ་རྣམས་ཀྱིས་བྲོ་བ་མྱོང་སྲོལ་ཡང་འདུག དེ་ནས་ཐུར་ལ་འབབ་དུས་རྡོ་ཕ་བོང་ཞིག་གི་སྟེང་ན་རྟ་ཕོའི་རྨིག་རྗེས་ཤིག་ཡོད་པ་དེ་ཤེལ་རི་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རབ་རྒྱས་ཀྱི་ཆིབས་རྟ་འདོ་ཆེན་ཁྱུང་སྨུག་མཐོང་མཛེས་ཀྱི་ཞབས་རྗེས་ཡིན་པའི་བཤད་རྒྱུན་ཡང་ཡོད། དེ་ནས་ཚུར་ལ་འོངས་ན་ཞབས་རྗེས་ངོས་ཟེར་བ་དེ་ནའང་རྟ་ཡི་རྨིག་རྗེས་ཤིག་མཇལ་རྒྱུ་ཡོད་པ་དང་། ཆུ་འབྱུང་ཐང་ན་ཞབས་རྗེས་ཤིག་ཡོད་པ་དེ་སྤྲུལ་སྐུ་ཚེ་དབྱངས་དམ་པའི་ཞབས་རྗེས་ཡིན་པའི་གསུང་རྒྱུན་ཞིག་ཀྱང་ཡོད་དོ།།
༥༽ གནས་ཀྱི་ལྟེ་བ་དགོན་མོ་ཆེའི་རྟེན་གཙོ་དང་ནང་རྟེན་གྱི་སྐོར།
རྟེན་གཙོ་འབྱོན་པ་རྣམ་གསུམ་གྱི་ནང་ནས་སྒྲོལ་མ་གསུང་འབྱོན་དེ་ནི། སྐྱིད་རོང་ཇོ་བོའི་ལྕམ་མོ་ཡིན་པས། སྐྱིད་རོང་ནས་གདན་དྲངས་པ་རེད་གསུང་མཁན་ཡང་ཡོད་ལ། ཡང་སྒྲོལ་མ་འདིའི་སྲུང་མ་ལ་ཨ་མ་ཁྱུང་ལུང་རྡོ་རྗེ་སྤྱན་གཅིག་མ་ཞུ་བ་ཞིག་ཡོད་པས། ཕལ་ཆེར་གུ་གེ་ཁྱུང་ལུང་ཕྱོགས་དང་འབྲེལ་བ་ཞིག་ཡོད་པ་འདྲ་གསུང་མཁན་ཡང་ཡོད། གང་ལྟར་སྐྱིད་གྲོང་ཇོ་བོ་དང་བྱིན་རླབས་ཁྱད་མེད་ཡིན་པ་དང་། བཞེངས་སྟབས་སུ་བཞུགས་ཡོད་པར་ཐོས། སྔོན་དཀོན་གཉེར་ཞིག་གིས་མཆོད་མེ་མ་ཕུལ་བར། ཤིང་གཅིག་ལ་མེ་སྦར་ནས། སྐུ་ཆེ་བ་རྣམས་རང་མགོ་ཐོན་ལ་གཟིམས། སྐུ་ཆུང་བ་རྣམས་མིག་མེ་འདི་ལ་མཛོད་ཞུས་པས། སྒྲོལ་མའི་ཞལ་ནས། སྐྱིད་རོང་ཇོ་བོ་མར་གྱི་ཕོ་མེ་འདེ། །སྒྲོལ་མ་ང་ལ་ཉལ་བའི་མིག་མེ་མེད། །གསུངས་ནས་ཤེལ་ཆུང་ཞེས་པའི་བར་དུ་འཕུར་ཏེ། རྡོ་ཞིག་གི་སྟེང་དུ་བབས་པས་ཞབས་རྗེས་བྱུང་། ཡིན་ནའང་འགྲོ་དོན་མ་རྫོགས་པའི་དབང་གིས་དེ་རུ་བཞུགས་ནས། དཀོན་གཉེར་གྱིས་སླར་ཡང་དགོན་མོ་ཆེ་རུ་གདན་འདྲེན་ཞུ་དུས། སྒོ་ཐེམ་སྟེང་དུ་དཀོན་གཉེར་ཁོང་རང་གི་རྐང་རྗེས་ཤིག་ཀྱང་བྱུང་བ་ད་ལྟ་དགོན་པའི་ནང་ན་ཡོད་པ་དེ་ཡིན་ཟེར་སྲོལ་ཡོད།
དེ་ནས་སླར་ཡང་འཕུར་ཕེབས་དོགས་ཀྱིས་ཞབས་ལ་ལྕགས་ཐག་ཕུལ་བ་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད། ཡིན་ནའང་ལུང་པ་འདི་རུ་རེ་ཞིག་འགྲོ་དོན་རྫོགས་པའི་དབང་གིས་ལོ་ངོ་ལྔ་བཅུ་ཙམ་གྱི་སྔོན་ལ་སྐུ་དེ་འཛམ་གླིང་ས་ཕྱོགས་གཞན་ལ་ཕེབས་ཏེ། ད་ལྟ་བདེ་ཆེན་བླ་བྲང་སྤྲུལ་སྐུ་པདྨ་མཁྱེན་བརྩེ་རྡོ་རྗེ་མཆོག་གིས་ཤུག་སྡོང་ལས་བཞེངས་པའི་སྐུ་ཚབ་རྣམ་པ་གཉིས་བཞུགས་ཡོད། མགོན་པོ་ཐུགས་འབྱོན་ཕྱག་བཞི་པ་དེ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དུར་ཁྲོད་བསིལ་བ་ཚལ་ནས་གདན་དྲངས་པའི་མགོན་པོ་ཕྱག་བཞི་པ་རྡོ་སྐུ་རང་བྱོན་ལ་དཔེ་བྱས་ཏེ། ཀླུ་སྒྲུབ་རང་གི་ཕྱག་བཟོས་བ་སོའི་མགོན་པོ་ཆུང་ཆུང་ཞིག་ཐུགས་ཀར་གཟུངས་གཞུག་ཏུ་ཕུལ་བའི་མགོན་པོ་བརྒྱ་རྩ་བརྒྱད་ཡོད་པ་ལས། གསུམ་བོད་དུ་ཕེབས་ནས་འབྲི་གུང་ན་བཞུགས་ཡོད་སྟབས། སྐྱོབ་པ་རིན་པོ་ཆེས་གནས་གསུམ་ལ་རི་པ་རྫོང་དུས་བཀའ་སྲུང་དུ་མགོན་པོའི་སྐུ་རེ་རེ་གནང་སྟེ། དེ་ཡང་གཅིག་ཐུགས་ཀྱི་གནས་ཙ་རི་དོམ་གདོང་ནག་མོས་གཙོས་པའི་སྨད་ཕྱོགས་ཀྱི་རི་པ་རྣམས་ཀྱི་རྟེན་སྐལ་དུ་གདན་འདྲེན་ཞུས་ཤིང་། གཅིག་གསུང་གི་གནས་ལ་ཕྱི་སྟག་གདོང་དམར་མོ་གཙོ་བོར་གྱུར་པའི་བར་གྱི་རི་པ་རྣམས་ཀྱི་རྟེན་སྐལ་དེ་ད་ལྟ་བྲག་དཀར་རྟ་སོ་ན་ཡོད། གཅིག་སྐུ་ཡི་གནས་གངས་རི་སེང་གདོང་དཀར་མོ་གཙོ་བོར་གྱུར་པའི་སྟོད་ཕྱོགས་ཀྱི་རི་པ་རྣམས་ཀྱི་རྟེན་སྐལ་དེ་ད་ལྟ་དོལ་པོ་ཤེལ་དགོན་མོ་ཆེ་ན་བཞུགས་པ་འདི་ཡིན། མགོན་པོ་འདི་གསུམ་གནས་གསུམ་གྱི་ཕྱོགས་ལ་གོམ་པ་བདུན་བདུན་ཕེབས་པས། མཚན་ལ་མགོན་པོ་གོམ་བདུན་མ་ཡང་ཞུ་ཡི་ཡོད། ཐུགས་ཀ་ན་དྲོད་བྱ་མོའི་སྒོ་ང་ཙམ་ཡོད་པས་ཡེ་ཤེས་མགོན་པོ་དངོས་ཡིན། བཀའ་གཉན་པས་དབང་མ་ཐོབ་པ་ལ་མཇལ་ཁ་མི་སྟོན་པར་གསུངས་སོ།།
སྐུ་འབུམ་རང་བྱོན་གྱི་ལོ་རྒྱུས་རྒྱས་པ་ཟུར་ན་ཡོད་པར་གྲགས་ཤིང་། འདིར་མདོར་བསྡུས་ཤིག་ཞུས་ན། གྲུབ་ཐོབ་སེངྒེ་ཡེ་ཤེས་དེ་ཉིད་མྱ་ངན་ལས་འདས་པའི་ཚུལ་བསྟན་མ་ཐག་རྒྱ་གར་ལྷོ་ཕྱོགས་དཔལ་རི་ནས་མཆོག་གི་གྲུབ་པ་ཐོབ་པའི་སློབ་མ་ཨ་ཙ་ར་བདུན་སླེབས་ཏེ་སྤུར་ལ་མེ་མཆོད་ཕུལ། གདུང་རྟེན་བཀྲ་ཤིས་འོད་འབར་འདི་ཉིད་ལྷ་མི་ཀུན་གྱི་མཆོད་རྟེན་རང་བྱུང་ལྟ་བུར་གྲུབ་རྗེས། ཨ་ཙ་ར་བདུན་བྱ་རྒོད་བདུན་དུ་སྤྲུལ་ནས་འཕུར་ཕེབས་པ་དེར་ཚོགས་མི་ཆ་ཚང་གིས་མཐོང་། འདིའི་རབ་གནས་དཔལ་ཤ་བ་རི་པས་མཛད་ཅིང་། གནས་ཆེན་འདི་ཉིད་དུ་རོལ་མོའི་སྒྲ་དང་དྲི་བཟང་གིས་གང་བ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་བ་དང་། གདུང་རྟེན་ནང་ནས་གྲུབ་ཐོབ་ཀྱིས་ཆོས་གསུང་བ་དང་། མཆོད་རྟེན་གྲུབ་ཐོབ་དངོས་སུ་མཇལ་མཁན་ཡང་བྱུང་ཞིང་། བདེ་གཤེགས་མཆོད་རྟེན་ཆ་བརྒྱད་ལས་མྱང་འདས་མཆོད་རྟེན་ཡིན།
གཞན་ཡང་འཇིག་རྟེན་གསུམ་དགོན་རྒྱལ་བ་འབྲི་གུང་པའི་འཇིམ་སྐུ་ཞིག་ཡོད་པ་དེ་གྲུབ་ཐོབ་རང་གི་ཕྱག་བཟོས་ཐུགས་དམ་གྱི་རྟེན་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ། གྲུབ་ཐོབ་ཀྱི་སྐུ་འདྲ་འདི་ཉིད་ལ་གཟིམ་མལ་སྐུ་འདྲ་མཐོང་བ་དོན་ལྡན་ཞུ། གཞན་ཡང་སྟོན་པའི་སྐུ་དང་། ཕག་མོ་གྲུབ་པའི་སྐུ་འདྲ། གྲུབ་ཐོབ་ཀྱི་དབུ་ཞྭ་དང་ཆོས་གོས་རྣམ་གསུམ། ཕྱག་དྲིལ། ནང་མཆོད་ཀ་པཱ་ལ། སྙན་ཕུར། གནམ་ལྕགས་རྡོ་རྗེ། ཕག་མོའི་དབུ་ཐོད། རྗེ་འབྲི་གུང་པའི་གསོལ་ཕུར། ཁ་ཆེ་པཎ་ཆེན་གྱི་ཕྱག་དྲིལ། རི་དྭགས་ཀྱི་རྐང་རིང་བསྲེལ་ཅན། དུང་དཀར། ཀ་ཏོ་ར། རྗེ་འབྲི་གུང་པའི་ཟབ་ཆོས་པོད་གསུམ་སོགས་བཞུགས་པར་གྲགས་ཀྱང་དུས་ཀྱི་དབང་གིས་ད་ལྟ་མང་པོ་ཞིག་མཇལ་རྒྱུ་མེད། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་ནང་རྟེན་ཟངས་སྣོད་གང་ཡོད་པ་ལས། གནམ་ལྕགས་རྡོ་རྗེ་དེ་ནི་གཟའ་བདུད་ར་ཧུ་ལས་ཕུལ་བར་གྲགས་ཤིང་། རྭ་རྐང་ཁ་ཤས་ཤིག་ཆག་ཡོད་པའི་རྒྱུ་མཚན་ནི་རྗེ་གྲུབ་ཐོབ་ཆེན་པོའི་མཚན་སྙན་གྲགས་མ་བཟོད་ནས་མཐུ་ཐེངས་གསུམ་བྱུང་བའི་དང་པོ་གཉིས་ལ་རྡོ་རྗེའི་རྭ་རེ་ཆག
ཐེངས་གསུམ་པ་དེས་དགོན་པ་ལའང་ཉམས་ཆག་ཅུང་ཟད་བཟོས་པར་གསུང་སྲོལ་ཡོད། གཏེར་ཕུར་རྩེ་ཅུང་ཟད་ཉམས་ཡོད་པ་དེ་ནི། རྒྱལ་པོ་གླང་དར་མའི་སྐབས་གཏོར་སྐྱོན་ཤོར་བའི་གླང་རྟགས་ཞེས་ཅ་དངོས་རྙིང་པ་ཡིན་པའི་བདེན་དཔང་ལྟ་བུར་བརྩི། གཏེར་ཕུར་འདི་དང་ཀ་ཏོ་ར་གཉིས་ཀ་གྲུབ་ཐོབ་ཆེན་མོས་བཙག་ཁང་རྡོ་རྗེ་ཕག་མོའི་བྷ་གའི་ནང་ནས་གཏེར་དུ་བཞེས་པ་ཡིན། རི་དྭགས་ཀྱི་རྐང་རིང་བསྲེལ་ཅན་ནི། གནས་འདི་ལ་ཡོད་པའི་གྲོལ་བ་བཞི་ལྡན་གྱི་རྩྭ་ཀླུ་བདུད་རྡོ་རྗེ་དང་། ཆུ་འགྲོ་བ་འདྲེན་པ་ཁ་ལ་རག་མྱོང་བའི་རི་དྭགས་ཤིག་གི་ཡིན་པར་གསུངས། དུང་དཀར་ནང་ལ་ཨོྃ་ཨཱཿཧཱུྂ་དང་། ཕྱི་ལ་རྒྱ་ཡིག་བོད་ཡིག་སྣ་ཚོགས་ཅན་དེ་བུ་ཆུང་བླ་མཚོ་ནས་གྲུབ་ཐོབ་ཆེན་པོའི་ལམ་སྣ་འདྲེན་མཁན་གྱི་དུང་དཀར་མཁའ་འགྲོ་མས་ཕུལ་བ་དེ་ཡིན། དབུ་ཐོད་དེ་ནི་མཁའ་འགྲོ་མའི་དབུ་ཐོད་ཡིན་པར་གྲགས་ཤིང་། ནང་ལ་སྒྲོལ་མ་རང་བྱོན་ཡོད། རྡོར་དྲིལ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཞབས་ཀྱི་ཡིན། དབུ་ཞྭ་དེ་རྗེ་གྲུབ་ཐོབ་ཆེན་པོ་རང་གི་དབུ་ཞྭ་ཡིན་པར་གྲགས་ཤིང་། ཕག་མོ་གྲུབ་པའི་སྒོམ་ཞྭ་ཞུ་སྲོལ་ཡང་ཡོད།
༦༽ཤེལ་རི་འབྲུག་སྒྲའི་གནས་དུས་དང་སྐོར་ཚད་ཀྱི་སྐོར།
སྤྱིར་བཏང་གནས་དུས་ཟེར་བ་ནི་གནས་སྒོ་ཐོག་མར་འབྱེད་པའི་ལོ་ཟླ་ཚེས་གྲངས་དེའི་དུས་ཆེན་བརྩི་སྲུང་ངམ་དྲན་གསོ་བྱེད་སྟངས་ཤིག་ཡིན་པ་དང་། ཤེལ་གྱི་རི་བོ་འབྲུག་སྒྲ་འདི་ཉིད་གནས་སྒོ་ཕྱེ་ནས་བཟུང་། ད་ལོ་ཕྱི་ལོ་ ༢༠༢༤ བར་ལོ་ངོ་ ༨༠༥ ཙམ་ཕྱིན་ཞིང་། འབྲུག་ལོ་འཁོར་ཆེན་ཐེངས་རེ་བདུན་པ་དེ་ཡིན། སྤྱིར་བཏང་མི་སོ་སོའི་ལོང་ཁོམ་དང་བསྟུན་ནས་གནས་སྐོར་ཕེབས་པ་ལ་དགག་བྱ་ཅི་ཡང་མེད་ཅིང་། དམིགས་བསལ་ལོ་ལྟར་བཞིན་བོད་ཟླ་བདུན་པའི་ཚེས་པ་བཅུ་གསུམ་ལ་ཤེལ་དུ་འཛོམས། བཅུ་བཞི་དང་བཅོ་ལྔ་གཉིས་ལ་ཉིན་མོ་གནས་སྐོར་དང་མཚན་མོ་གཞས་ཞབས་བྲོ་ལ་རོལ། ཚེས་བཅུ་དྲུག་ཉིན་ཞག་གཅོག་ཅེས་ངལ་གསོས་ཏེ་གླུ་གཞས་ཞབས་བྲོ་འཁྲབ་ཅིང་སྡོད་པའི་ལུགས་སྲོལ་ཡོད། འདི་ནི་སྔོན་ཆད་དབྱར་གྱི་དུས་སྟོན་ཆེ་ཤོས་ཤིག་ཡིན། ལྷག་པར་དུ་ལོ་བཅུ་གཉིས་རེའི་མཚམས་འབྲུག་ལོ་ནམ་ཡིན་ལ་རི་བོ་འདིའི་གནས་དུས་ཡིན་ཙང་། ཤར་གློ་བོ་སྟོད་སྨད་དང་། ལྷོ་ཏི་སེ་རོང་། ནུབ་མུ་ཁུམ་དང་ཀརྨ་རོང་། བྱང་གྲོ་ཤོད་དང་། མངའ་རིས་སོགས་ནས་མི་མང་འབོར་ཆེན་འཛོམས་ནས་དུས་ཆེན་རྒྱས་པ་ཞུ་སྲོལ་ཡོད།
ཡིན་ནའང་ཕྱི་ལོ་ ༢༠༠༨ ནས་བཟུང་ས་མཚམས་ཀྱི་གནད་དོན་གྱིས་བྱང་ནས་གནས་སྐོར་ཡོང་མཁན་ཕལ་ཆེར་མཚམས་ཆད་པ་ལྟ་བུར་གྱུར། རི་བོའི་སྐོར་ཚད་ནི། ཡོངས་གྲགས་སུ་སྐོར་བ་བཅུ་གསུམ་ཡིན་ཞིང་། དེ་ཡང་སྔོན་མ་གངས་རིན་པོ་ཆེ་ལ་གནས་སྐོར་འགྲོ་མཁན་ཁམས་མོ་ཞིག་གིས་བུ་ཚ་རྒྱབ་ལ་ཁུར་བཞིན་པར་ལུས་པོ་བསྒུར་ནས་མཚོ་ཀ་པཱ་ལའི་ཆུ་འཐུང་དུས་ཕྲུ་གུ་མཚོ་ནང་དུ་ལྷུང་སྟེ་ཤི། དེའི་བཤགས་པ་ལ་གངས་སྐོར་བཅུ་གསུམ་འཁོར་བ་དང་སྡིག་སྒྲིབ་དག་པའི་རྟགས་བཟང་པོ་བྱུང་བ་ནས་གངས་རིའི་སྐོར་ཚད་བཅུ་གསུམ་དུ་ཡོངས་གྲགས་བྱུང་བ་དང་ཚུལ་མཐུན་པ་ཡིན། གཞན་ཡང་ས་ལྡང་དང་བྱི་གཅེར་སོགས་ཉེ་འཁོར་ཡུལ་མི་མང་པོ་ཞིག་ལོ་ལྟར་བཞིན་དགུན་ཟླ་བ་བཅུ་པའི་ནང་ཙམ། གང་ལྟར་དགུན་ཉི་མ་མ་ལོག་པའི་སྔོན་གྱི་ཚེས་བཟང་དུས་བཟང་ཞིག་ལ་སྐོར་གཞུག་ཟེར་བ་ལོ་དེའི་སྐོར་བ་མཐའ་མ་དང་། སོས་ཟླ་བ་དང་པོའི་ནང་ཙམ་ལ་སྐོར་ཕུད་ཟེར་བ་ལོ་དེའི་སྐོར་བའི་ཐོག་མ་དེ་བསྐོར་དུ་ཕེབས་སྲོལ་ཡོད། འདི་དུས་ལུང་ཁ་བས་གཡོགས་ཤིང་གངས་རུད་སོགས་ཀྱི་ཉེན་ཁ་ལ་སྲོག་བསྡོས་ཀྱིས་འགྲོ་དགོས་པས། སྐོར་ཕུད་ཐེངས་གཅིག་ལ་སྐོར་བ་བཅོ་ལྔའི་ཚད་དང་། སྐོར་གཞུག་ཐེངས་གཅིག་ལ་སྐོར་བ་བཅུ་གསུམ་བརྒྱབ་པ་དང་ཕན་ཡོན་འདྲ་འདྲ་ཡིན་པར་གསུངས་སོ།།
༧༽ གནས་ཆེན་ཤེལ་རི་དང་འབྲེལ་ཡོད་ཆོས་བརྒྱུད་དང་བླ་ཆེན་གྱི་སྐོར།
སྤྱིར་བཏང་ད་ཡོད་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་དུ་བྱས་ན་གནས་འདི་གྲུབ་ཐོབ་སེངྒེ་ཡེ་ཤེས་ནས་བཟུང་ཐོག་མར་འབྲི་གུང་བཀའ་བརྒྱུད་པས་བཟུང་ཞིང་། དགོན་མོ་ཆེ་དང་། གླིང་མགོ་དང་། བྲག་ཐོག་བཅས་ཆ་ཚང་ལ་འབྲི་གུང་པའི་རི་པ་རས་པ་མང་པོས་གང་ཡོད་པར་གསུངས། བར་སྐབས་ཤིག་ལ་འབྲི་བསྟན་ལ་ཉམས་ཆག་ཆེན་པོ་བྱུང་ནས་རི་པ་གཏོང་མི་ཐུབ་པར་གྱུར་རྗེས། གཙོ་བོ་སྔ་འགྱུར་རྙིང་མ་པས་རྒྱུན་འཛིན་གནང་ཞིང་། མངའ་རིས་པཎ་ཆེན་འདིར་ཕེབས་དུས་རི་བོ་འདི་ལ་དད་པ་དང་ཡིད་སྨོན་ཆེན་པོ་ཤོར་བའི་ཚུལ་མཛད་ནས། ཁོང་རང་ཉིད་ལུང་གི་བསྟན་པ་ལ་ཐོས་བསམ་རྒྱ་ཆེན་པོ་ཞིག་གནང་ཚར་བའི་རྗེས་ལ། གནས་འདི་རུ་སྒྲུབ་པ་ཉམས་ལེན་གནང་ནས་རྟོགས་པའི་བསྟན་པ་སྤེལ་བའི་ཐུགས་འདུན་ཆེན་པོ་ཡོད་ཀྱང་། དབུས་ལ་ཕེབས་ནས་བཟུང་བསམ་ཡས་དང་ཨེ་ཝྃ་ལྕོག་སྒར་སོགས་སུ་གདན་ཆགས་ནས་སྟོད་ཕྱོགས་ལ་ཕེབས་མ་ཐུབ།
ཕྱིས་དུས་རབས་བཅུ་བདུན་གྱི་སྨད་ཙམ་ལ་གློ་བོ་ཆུ་མིག་བརྒྱ་རྩ་ནས་འབྲུག་པ་བསྟན་འཛིན་རབ་རྒྱས་ཕེབས་ཏེ་ཤེལ་སུམ་མདོ་དང་། བཙག་ཁང་དགོན་པ་གཉིས་ཕྱག་བཏབ་ཅིང་། དོན་བརྒྱུད་དཔལ་ལྡན་འབྲུག་པའི་རིང་ལུགས་འཛིན་པ་མང་དུ་བྱུང་། དུས་རབས་བཅུ་བདུན་པའི་སྨད། བཅོ་བརྒྱད་པའི་འགོ་སྟོད་ཙམ་ལ་ཤེལ་རི་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རབ་རྒྱས་རིན་པོ་ཆེས་7རྒྱལ་དབང་ཀརྨ་པ་ཀུན་བཟང་མཁའ་ཁྱབ་རྡོ་རྗེ་རྩ་བའི་བླ་མར་བསྟེན། བཙག་ཁང་བདེ་ཆེན་བླ་བྲང་ཕྱག་བཏབ་པ་ནས་བཀའ་རྙིང་གི་བསྟན་པ་སྐྱོང་བར་མཛད་དོ།།
མདོར་ན་ཤེལ་གྱི་རི་བོ་འབྲུག་སྒྲ་འདིར་གྲུབ་ཐོབ་སེངྒེ་ཡེ་ཤེས་དང་། བླ་མ་ནག་པོ་འཛུམ་མེད། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། བྲག་དཀར་པ་རྔོག་ཀརྨ་བློ་བཟང་། རྟའུ་ཉི་མ་རྒྱལ་མཚན། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། འབྲུག་པ་བསྟན་འཛིན་རས་ཆེན། ཧྲབ་དཔལ་ལྡན་བློ་གྲོས། ཞེན་ལོག་ཕྲིན་ལས་རྒྱལ་མཚན། ཡབ་ཀརྨ་ཁམས་གསུམ་དབང་འདུས། ཤེལ་རི་མཆོག་སྤྲུལ་གོང་མ་སངས་རྒྱས་བསྟན་འཛིན། ཤེལ་རི་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རབ་རྒྱས། ཤེལ་རི་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད། སྒོམ་ཆེན་ཕྲིན་ལས་ཆོས་འཕེལ། ཕྱག་མཛོད་པདྨ་དབང་རྒྱལ། ཤངས་དགེ་སློང་བློ་བཟང་ཆོས་འཕེལ། མགོ་ལོག་གསེར་རྟ་རིན་པོ་ཆེ། ཉིན་ཆུང་གྲུབ་ཐོབ་ཨོ་རྒྱན་ཆོས་བཟང་། ཉིན་ཆུང་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན། ཚོགས་ཁང་སྤྲུལ་སྐུ་ཚེ་དབང་། བྱང་གྲོ་ཤོད་སྤྲུལ་སྐུ་ཚེ་གཡང་། ས་སྐྱ་ཁྲ་རིགས་རིན་པོ་ཆེ་འཇམ་དབྱངས་དམ་ཆོས་ཉི་མ། མེ་མེ་ལྷུན་གྲུབ་དམ་པ། སུ་ཤིང་བླ་མ་བསྟན་འཛིན། གཏེར་སྟོན་ཟིལ་གནོན་ནམ་མཁའི་རྡོ་རྗེ། བདེ་ཆེན་བླ་བྲང་སྤྲུལ་སྐུ། གློ་བོ་རྒྱལ་སྲས་ཞབས་དྲུང་། མུ་ཁུམ་ཀརྨ་རོང་ཀར་བསྟི་བླ་ཆུང་། སྐྱབས་རྗེ་ཞེ་ཆེན་རབ་འབྱམས་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་བུ་གྲངས་མེད་པ་ཞབས་ཀྱིས་བཅགས་ནས་སྒྲུབ་པ་ཉམས་ལེན་དང་། གནས་སྐོར། བྱིན་རླབས་བཅས་མཛད་དོ།།
༨༽ གནས་ཆེན་ཤེལ་གྱི་རི་བོའི་གནས་བདག་སྲུང་མའི་སྐོར།
གནས་ཆེན་འདིའི་སྲུང་མ་ནི་ཤེལ་རི་ལྷ་བཙན་ཞེས། གངས་རིའི་ལྷ་བཙན་རྡོ་རྗེ་འབར་པ་རང་ཡིན་པར་འདོད་མཁན་དང་། གངས་རི་ལྷ་བཙན་གྱི་རྣམ་འགྱུར་གཞན་ཞིག་ཡིན་པར་འདོད་པ་ཡང་ཡོད་ཅིང་། དེའི་རྟེན་མཁར་ནི་རི་བོ་བར་མའི་མདུན་ན་ཡོད་པའི་ལྷ་བཙན་ཕོ་བྲང་ཟེར་བ་དེ་ཡིན། རྒྱུན་དུ་ལྷ་གསོལ་བྱེད་པར་སྟབས་བདེ་བའི་ཕྱིར་དུ་རྟེན་མཁར་གཅིག་རྟ་ཆུ་མིག་ཟེར་བ་དེ་རུ་ཡང་བཞེངས་ཡོད། དེ་མིན་དགོན་མོ་ཆེའི་སྲུང་མ་ཨ་མ་ཁྱུང་ལུང་ནི། གུ་གེ་ཁྱུང་ལུང་དངུལ་མཁར་ནས་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱི་སྐུ་མདུན་དུ་ཆོས་ཞུ་རུ་འོངས་པས་གྲུབ་ཐོབ་ཀྱིས་དགོན་མོ་ཆེའི་བསྟན་སྲུང་དུ་བསྐོས་པར་གསུང་སྟངས་ཤིག་དང་། སྒྲོལ་མ་གསུང་འབྱོན་གྱི་སྐུ་དང་མཉམ་དུ་སྲུང་མའི་ཚུལ་དུ་འོངས་པར་གསུང་མཁན་ཡང་འདུག གང་ལྟར་རྒན་མོ་མིག་གཅིག་ཅན་བཀའ་གཉན་པོ་ཞིག་ཡོད་སྐད་འདུག་ཅིང་། རྟེན་མཁར་ནི་རྡོ་རྗེ་ཕུག་གི་གོང་ལྟག་བྲག་ཁྲོད་ན་ཡོད།
དགེ་བསྙེན་རོང་ཆུང་ནི་དགོན་མོ་ཆེའི་དཀོར་བདག་ཡིན་པ་དང་། དགོན་མོ་ཆེའི་རྒྱབ་ལོགས་རོང་ཆུང་ན་ཡོད་ཅིང་། གནས་མཆོག་ཙ་རི་རོང་དང་མཚུངས་པས་རོང་ཆུང་ཞེས་བཏགས་པར་གྲགས། བསྟན་སྲུང་ཇག་པ་མེ་ལེན་དང་ལས་བྱེད་ཤན་པ་མཆེད་གསུམ་ནི་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་སྲུང་དུ་ཡོངས་སུ་གྲགས་པ་ལྟར། འབྲུག་བསྟན་འཛིན་རས་པའི་སྐབས་སུམ་མདོ་དགོན་དང་བཙག་ཁང་བླ་བྲང་གི་སྲུང་མར་བསྟེན་པའི་སྲོལ་བྱུང་ཞིང་། ཕྱིས་སུ་དགོན་པའི་འདོན་ཆོག་རིགས་ལ་འགྱུར་བ་ཅུང་ཟད་བྱུང་ཡང་། ཇག་མེན་འདི་ད་ལྟ་བར་དུ་བསྟེན་པའི་སྲོལ་མ་ཉམས་པར་གནས་ཡོད།
༩༽ ཤེལ་རི་འབྲུག་སྒྲ་ཞེས་པའི་མཚན་ཐོགས་སྟངས་ཀྱི་སྐོར།
སྤྱིར་བཏང་ཤེལ་ཟེར་བའི་མིང་ཐོགས་དོན་ནི། དོལ་པོ་ས་ལྡང་དུ་ཐོག་མར་གཞིས་ཆགས་མཁན་ཀོ་ཕོ་ཞེས་པའི་རུས་ཚོ་དེ་ཉིད་འདིར་སླེབ་དུས། ཤེལ་རྡོ་མང་པོ་ཡོད་པར་མཐོང་ནས་ལུང་པའི་མིང་དེ་ལྟར་བཏགས་ཚུལ་རུས་ཡིག་ན་གསལ་ཡོད། ད་དུང་རི་བོ་འདི་ལས་དག་པ་རྣམས་ཀྱིས་ཤེལ་གྱི་མཆོད་རྟེན་རྒྱ་ཆེ་ཞིང་དཔངས་མཐོ་བ་ཞིག་མཇལ་གྱིན་ཡོད་པར་གསུངས་པ་དང་འབྲེལ་བ་ཡང་ཡོད་ངེས།
འབྲུག་སྒྲ་ཞེས་པའི་དོན་ནི། ལས་དག་པ་རྣམས་ཀྱིས་གནས་ཆེན་འདིའི་ནང་ན་དམ་པའི་ཆོས་སྒྲ་འབྲུག་སྐད་ནང་བཞིན་ལྡི་རི་ལྡི་རི་སྒྲོག་པར་ཐོས་པས་དེ་ལྟར་བཏགས་པ་ཡིན་ཞིང་། རྣམ་པ་གཅིག་ཏུ་ལོ་རྟགས་འབྲུག་ལོར་གནས་སྒོ་ཕྱེ་བ་དང་འབྲེལ་བ་ཡང་ཡོད་སྲིད་དོ།།
༡༠༽ གནས་ཤེལ་གྱི་རི་བོ་ལ་འབྲེལ་བ་ཞུས་པའི་ཕན་ཡོན་གྱི་སྐོར།
རྗེ་བཙུན་བསྟན་འཛིན་རས་ཆེན་གྱི་གསུང་ལས། ཙ་རིའི་གནས་ལ་འཁོར་ལོ་སྡོམ་པ་བཞུགས། །ཡེཤེས་མཁའ་འགྲོས་སྒྲུབ་པའི་མཚམས་གཡོག་བྱེད། །བཀའ་གཉན་ཟིལ་ཆེ་ཁ་ཆར་རྒྱུན་དུ་འབབ། །སྒོམ་ཉམས་བློས་བཏང་བརྟུལ་ཞུགས་འཕེལ་བ་ཡོད། །རོ་སྙོམས་གཏུམ་མོ་སྒོམ་པ་བོགས་སུ་ཆེ། །སྒོམ་རྟགས་དངོས་གྲུབ་སྣ་རེ་ངེས་པར་ཐོབ། །ལ་ཕྱིའི་གནས་ལ་ཡེ་ཤེས་མཁའ་འགྲོ་བཞུགས། །ཞིང་སྐྱོང་ཌཱ་ཀིས་སྒྲུབ་པའི་མཚམས་གཡོག་བྱེད། །བྲག་རོང་གངས་རི་ཁ་ཆར་ཆེ་བར་འབབ། །སྒོམ་ཉམས་ངེས་འབྱུང་སྐྱོ་ཤས་འཕེལ་བ་ཡོད། །བླ་སྒྲུབ་གཏུམ་མོ་སྒོམ་པ་བོགས་སུ་ཆེ། །སྒོམ་རྟགས་དད་པ་ངེས་ཤེས་ཐོབ་པ་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །ཆོས་བདག་མཁའ་འགྲོས་སྒྲུབ་པའི་མཚམས་གཡོག་བྱེད། །ཐང་ཡངས་ངར་ལྷགས་གྲང་ཤས་ཆེ་བར་ཡོད། །རིག་པ་དྭངས་ཤིང་གསལ་ལ་སྒོམ་ཉམས་འཕེལ། །རྟེན་འབྲེལ་གཏུམ་མོ་སྒོམ་པ་བོགས་སུ་ཆེ། །སྒོམ་རྟགས་རྟེན་འབྲེལ་སྣ་རེ་ངེས་པར་ཐོབ། །རྩིབས་རི་བྲག་ལ་བཀའ་བརྒྱུད་ཕོ་བྲང་དང༌། །འབྲུག་སྒྲའི་གནས་ལ་རྣམ་རྒྱལ་མཆོད་རྟེན་བཞུགས། །དར་རྒུད་ཆེ་ཡང་སྒོམ་ཉམས་འཕེལ་བར་ཡོད། །འཇིག་རྟེན་མཁའ་འགྲོས་སྒྲུབ་པའི་སྐུལ་མ་བྱེད། །རྨི་ལམ་སྒྱུ་ལུས་སྒོམ་པ་བོགས་སུ་ཆེ། །སྒོམ་རྟགས་མི་རྟག་ངེས་འབྱུང་འཕེལ་བ་ཡོད། །སྒྲུབ་གནས་དེ་རྣམས་སྒོམ་ཉམས་འཕེལ་ཞིང་སྤྲོ། །བར་ཆད་མི་ཡོང་སྒྲུབ་པའི་རྟེན་འབྲེལ་འགྲིགས། །སྒྲུབ་ཐག་གཞན་ལས་ཤིན་ཏུ་ཉེ་བ་ཡོད། །ཅེས་དང་། འདུལ་བ་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་བ། །འཛམ་བུ་ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་མ་ཡིན། །ཞེས་དང་།
རྗེ་རྒྱ་རས་པས། ཕོ་བྲང་ཆེན་པོ་ཏི་སེ་ལ། །སྐོར་བ་ལན་གཅིག་བསྐོར་གྱུར་ན། །སྐྱེ་བ་གཅིག་གི་སྒྲིབ་པ་འདག །དེ་བཞིན་རིམ་པ་བཅུ་བསྐོར་ན། །བསྐལ་པ་གཅིག་གི་སྒྲིབ་པ་འདག།།སྐོར་བ་བརྒྱ་རྩ་སོང་བ་ན། །རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། རི་བོ་འདི་ཉིད་ཕྱི་རྣམ་རྒྱལ་ཤེལ་གྱི་མཆོད་རྟེན་ལ། ནང་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསུངས་པ་དང་། གངས་རི་ཆེན་པོ་ཏི་སེ་དང་བྱིན་རླབས་མཉམ་པ་ཡིན་པར་ཡོངས་སུ་གྲགས་པས། མཆོད་རྟེན་སྐོར་བའི་ཕན་ཡོན་གྱི་མདོ་ནས་གསུངས་པ་དང་། གངས་རིན་པོ་ཆེ་མཇལ་བའི་ཕན་ཡོན་གཞན་རྣམས་ཀྱང་འདིར་རིགས་འདྲེ་རུང་བ་ཡིན་ནོ།།
ཤེལ་གྱི་རི་བོ་འབྲུག་སྒྲའི། །ཡོན་ཏན་ལྷུན་པོའི་སྤོ་ལས།།
རྡུལ་ཕྲན་ཙམ་ཞིག་བརྗོད་པས། །དགེ་བས་བདག་སོགས་འགྲོ་ཀུན།།
རང་སྣང་དག་པའི་ཞིང་ལ། །རྟག་ཏུ་སྤྱོད་པར་ཤོག་ཅིག།
སྔ་མོ་གནས་ཆེན་ཤེལ་གྱི་རི་བོ་འབྲུག་སྒྲ་འདི་ཉིད་ཀྱི་གནས་ཡིག་དཀར་ཆག་རྒྱས་པ་ལྡེབ་གྲངས་སུམ་ཅུ་ཙམ་ཞིག་ཡོད་ཀྱང་། གློ་བོ་ག་ག་ནུ་ནུས་གཡར་ཏེ་ཁྱེར་རྗེས། ཁོང་རང་རྒྱལ་བློན་འཁྲུགས་ནས་གློ་སྨད་ལ་ཐོན་དགོས་བྱུང་ནས་ཚུར་མ་རག་ཅེས་གནས་ཡིག་སྔོན་མ་རྣམས་སུ་གསུངས་ཤིང་། ནང་བསྟན་དཔེ་ཁང་ན་གནས་ཆེན་ཤེལ་གྱི་རི་བོ་འབྲུག་སྒྲའི་དཀར་ཆག་མཐོང་བ་དོན་ལྡན་ཞེས་པ་དབུ་མེད་ལག་བྲིས་མི་འདྲ་བ་གཉིས་འདུག་ཅིང་། ནང་ལོགས་ལ་ཞིབ་མཇལ་ཞུ་དུས་གཅིག་གི་མཚན་ལ་མཐོང་བས་ཡིད་འཕྲོག་ཅེས་བྲིས་འདུག དེ་བཞིན་«གནས་ཡིག་དད་པའི་གསལ་འདེབས་»ཞེས་པའི་ཡིག་རྙིང་ཞིག་ཕྱི་ལོ་ ༢༠༠༠ ལོར་སྲོང་བཙན་དཔེ་མཛོད་ཁང་ནས་དེབ་གཟུགས་ཐོག་སྤར་ཡོད་ཀྱང་ཡིག་རྙིང་དངོས་དེ་ནང་བསྟན་དཔེ་ཁང་ནང་ནས་མ་མཇལ། གཞན་ཡང་དོལ་པོ་མཁན་པོ་པདྨ་རྡོ་རྗེ་མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་གནས་ཡིག་«ཚངས་དབྱངས་འབྲུག་སྒྲ་»ཞེས་པ་ཞིག་ཕྱི་ལོ་ ༢༠༠༠ ལོར་འགྲེམས་སྤེལ་མཛད་ཡོད་པ་དེ་དག་གཞིར་བཟུང་སྟེ། སྐབས་བབས་འཕྲི་བསྣན་ཅི་རིགས་བྱས་ནས་བཀོད་པ་དང་། དེ་ག་ནང་བཞིན་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱི་རྣམ་ཐར་རྒྱས་པ་«རྡོ་རྗེ་རིན་པོ་ཆེ་མི་ཟད་པའི་གཏེར་»ཞེས་པ་ལ་སོགས་པ་རྒྱས་བསྡུས་ཅི་རིགས་ཡོད་པར་གྲགས་ཀྱང་མཇལ་ཡུལ་དུ་མ་གྱུར་ཅིང་། འདིར་གླེ་མི་ནས་ཐོན་པའི་«བཀའ་བརྒྱུད་ཀྱི་རྣམ་ཐར་ཆེན་མོ་རིན་པོ་ཆེའི་གཏེར་མཛོད་དགོས་འདོད་འབྱུང་གནས་»ཞེས་པ་ཞིག་དང་། མཁན་པོ་པདྨ་རྡོ་རྗེ་མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་«རྣམ་ཐར་མདོར་བསྡུས་དད་པའི་གསོས་སྨན་»ལ་ཁུངས་བཅོལ་ནས་བྲིས་པ་ཡིན་ནོ།།
- སྐྱིད་སྟེང་དགོན་ཞེས་པ་ནི་དོལ་པོའི་དགོན་པ་རྙིང་ཤོས་དེ་ཡིན་པས། དེ་ཡི་དུས་སུ་སྐྱིད་སྟེང་དོལ་གྱི་དགོན་གཅིག་ཅེས་གྲགས་པ་ཡིན། ད་ལྟའི་ཆར་ས་རྡོ་དང་མཆོད་རྟེན་ཞིག་པོ་འདྲ་མ་གཏོགས་ལྷག་མེད།
- རྣམ་ཐར་ཁ་ཤས་ནང་རྡོ་ར་རུ་ཕེབས་པ་དང་ཟམ་ཁྲལ་ཆེ་དྲགས་ནས་སླར་སྐྱིད་སྟེང་དུ་ཕེབས་ཞེས་གསལ།
- ངག་རྒྱུན་དུ་བྱིས་པ་གསུམ་ལ་སྡོམ་པ་གནང་ས་དེ་ཚོགས་ར་སྒང་ཞེས་པ་དེ་ཡིན་པར་བཤད་སྲོལ་ཡོད།
- དོལ་པོ་གསལ་ལྡང་ཡུལ་གྱི་གཡར་གྱི་འཚེར་ས་ཞིག་གི་མིང་ཡིན།
- དེང་སང་རི་དེའི་མིང་ལ་གཟིགས་པ་སྒང་ཟེར།
- མཐོ་རིས་ཐེམ་སྐས་ཞེས་པའི་དོན་ཡིན། ཡུལ་སྐད་དུ་མཐོ་རིས་སྐྲས་པ་ཞེས་ཟེར་སྲོལ་ཡོད་ཅིང་ཡིག་རྙིང་དུ་སྣང་།
- རྒྱལ་དབང་བཅོ་ལྔ་པའི་ཕྱག་ཡིག་ཁག་ཏུ་བསྟན་འཛིན་དར་རྒྱས་ཀྱང་འདུག
