མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པ།

རྩོམ་སྒྲིག་པ།

རྩོམ་སྒྲིག་པ། མཁན་རིན་པོ་ཆེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཐོག་མར་མཁན་པོ་མཆོག་གི་སྐུ་ཚེའི་ངོ་སྤྲོད་མདོར་བསྡུས་ཤིག་གསུང་རོགས།


མཁན་རིན་པོ་ཆེ། ད་ང་རང་གི་ངོ་སྤྲོད་མདོར་བསྡུས་ཤིག་བརྗོད་ན། རང་གི་ལྟེ་ཁྲག་རྡོལ་སའི་ཡུལ་ནི་གུ་རུའི་སྦས་གནས་བཞིའི་ཡ་གྱལ་བྱང་དུ་སྐྱིད་མོ་ལུང་ཞེས་པའི་ཉེ་འགྲམ་ཀློད་ཀྱི་ཡུལ་ལ་ས་མོ་ཁྱིའི་ལོ་བོད་ཟླ་ ༠༦ ཚེས་ ༤ ཉིན་སྐྱེས། དེ་ནས་རང་ལོ་བརྒྱད་བར་ཁྱིམ་ཚང་དུ་ལུས། རང་ལོ་དགུ་ཡས་མས་ནས་རྐྱེན་ཕྲན་བུ་ཞིག་འཕྲད་པ་ལ་བརྟེན་ནས་བོད་སྤྲུལ་ཐམས་ཅད་མཁྱེན་པའི་དངོས་སློབ་སློབ་དཔོན་ཚེ་དབང་ནོར་བུའི་ཞལ་མཇལ། མཆོག་གིས་རྗེས་སུ་བཟུང་ནས་རང་ལོ་བཅུ་དགུའི་བར་འབྲི་ཀློག་དང་ཀློང་སྙིང་དང་དཀོན་མཆོག་སྤྱི་འདུས་སོགས་ལ་སྔོན་འགྲོ་བསགས་སྦྱང་བསྐྱེད་རིམ་ནས་རྫོགས་རིམ་བར་ལ་ཉམས་ལེན་བྱེད་ཁུལ་ཙམ་བྱས། རང་ལོ་ཉི་ཤུ་ལ་ཚེ་རབས་གཏན་གྱི་བླ་མ་གྲུབ་དབང་ཡིད་བཞིན་ནོར་བུའི་ཞལ་མཇལ་གསུང་ཐོས་འོག་མཁན་ཆེན་དགེ་བའི་བཤེས་གཉེན་རྣམ་པ་གཉིས་ཀྱིས་གཙོས་ཕྱི་ནང་གི་བླ་ཆེན་རྣམས་ཀྱི་མདུན་ནས་བཀའ་གཏེར་དག་སྣང་གི་དབང་ལུང་མང་ཙམ་ཐོབ། ༸སྐྱབས་རྗེ་ཡིད་བཞིན་ནོར་བུའི་བདག་རྐྱེན་ལས་བསྐྲུན་པའི་མཐོ་སློབ་འདིར་ལོ་ངོ་དགུའི་རིང་ལ་དབང་པོ་རྟུལ་བའི་དབང་གིས་བརྩོན་འགྲུས་དྲག་པོ་བྱས་ཀྱང་སྦྱངས་འབྲས་ལེགས་པོར་མ་སོན། འོན་ཀྱང་ལོ་རིམ་དགུའི་རིང་ལ་དགེ་སྐོས་ཕྱག་ནས་ཉེས་ཆད་སྣུམ་པའོ་གང་ཙམ་ཡང་མ་ཕོག་པ་དེ་རང་གིས་རང་ལ་ངོ་མཚར་སྐྱེས། གང་ལགས་ཤེ་ན་ངའི་མཆེད་གྲོགས་ཀུན་ལ་ཆད་པ་མ་ཕོག་པ་གཅིག་ཀྱང་མེད། ལོ་རིམ་དགུའི་རིང་ལ་སོས་དལ་བསྡད་པ་གཅིག་ཀྱང་མེད། ཕྱགས་མ་འཕྱག་པ་ནས་བཟུང་མཆོད་དཔོན། དབུ་གཡོག རྒྱ་དཔོན། མ་བྱན། དགེ་སྐོས། ཟ་ཁང་གི་ལས་བྱེད། སྐྱོར་དཔོན་བཅས་བྱས་མྱོང་། ལོ་ཪིམ་ཐོན་ནས་ཀྱང་དངུལ་གཉེར་དང་ཚོགས་གཞོན། ཚོགས་གཙོ་སོགས་རྒྱུན་ལས་བྱས་མྱོང་ལགས། རང་དགོན་ལ་དཔེ་ཁྲིད་མང་ཙམ་ཁྲིད་པའི་རྗེས་སུ་ད་ལྟའི་བར་བྱ་བ་ལས་ཀྱི་འཁོར་ལོ་ཡིན་ཁུལ་བྱས་ནས་དཔལ་ཡུལ་བའི་ཆོས་བརྒྱུད་འཛིན་པའི་དགོན་ཆུང་ནང་དགེ་འདུན་བརྒྱ་ཕྲག་གཅིག་དང་། སྔ་འགྱུར་རྗེས་དྲན་གྱི་སློབ་གྲྭར་སློབ་ཕྲུག་བརྒྱ་ཕྲག་ལྔ་དང་སུམ་ཅུ་བཅས་ལ་ཞབས་ཏོག་ཞུ་བཞིན་ཡོད་ལགས།


རྩོམ་སྒྲིག་པ། སྤྱིར་བཏང་དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་ཧི་མཱ་ལ་ཡའི་རི་རྒྱུད་དུ་ནང་བསྟན་འཛིན་པའི་སྐྱེས་བུ་ཚད་ལྡན་དུ་མ་ཞིག་བྱུང་བ་མངོན་གསལ་ལགས་ཀྱང་། དེང་གི་དུས་སུ་རྟེན་གསུམ་བཞེངས་པ་སོགས་ཕྱི་ཡི་ཡོ་ལང་ལ་གཙོ་ཆེར་འབད་པ་ལས། ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་པ་མཐོང་རྒྱུ་དཀོན་པོར་གྱུར་འདུག་ན། དེའི་རྐྱེན་གང་ལ་ཐུག་ཡོད་དམ་དགོངས་ཚུལ་གསུང་རོགས།


མཁན་རིན་པོ་ཆེ། དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་སྒོམ་སྒྲུབ་ཉམས་ལེན་གནང་མཁན་དང་བསྟན་པ་འཛིན་པའི་སྐྱེས་བུ་ཚད་ལྡན་དུ་མ་བྱོན་པ་བདེན་པ་རེད་ལགས། འོན་ཀྱང་ད་ལྟ་ཡང་སྦས་པའི་རྣལ་འབྱོར་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་བཞུགས་ཡོད། གངས་རི་གཡའ་རི་རྫ་རི་གནས་ཀྱི་སྒྲུབ་ཕུག་རྣམས་སུ་མི་ཉུང་བ་ཞིག་མཇལ་རྒྱུ་འདུག སྔར་རྟེན་གསུམ་བཞེངས་འདོད་ཀྱང་ཕྱིའི་དངོས་པོ་ཡར་རྒྱས་མེད་པའི་རྐྱེན་གྱིས་མ་བྱུང་བ་འདྲ། ད་ལྟའི་ཕྱི་ཡི་དངོས་པོ་ཡར་རྒྱས་ཤིན་ཏུ་ནས་ཀྱང་ནུས་སྟོབས་ཆེ་བའི་དབང་གིས་རྟེན་གསུམ་བཞེངས་པ་ནི་ཤིན་ཏུ་དགོས་གལ་ཆེ་སྙམ། ཚོགས་གཉིས་ལས་དམིགས་བཅས་དང་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་ཡིན་པས་སངས་རྒྱས་ཀྱི་གསུང་དང་མི་འགལ་ལོ། །འོན་ཀྱང་ཕྱིའི་ཡོ་ལང་ལ་རྩི་མཐོང་ཆེར་བྱས་པ་ལ་བརྟེན་ནས་ནང་སྒོམ་སྒྲུབ་ལ་འཐུས་ཤོར་བྱུང་ངམ་སྙམ།


རྩོམ་སྒྲིག་པ། ད་ལྟའི་དུས་སུ་ནང་ཆོས་ཤེས་ཡོན་གྱི་ཆུ་ཚད་མཐོན་པོར་སོན་ཡོད་ན་ཡང་ད་དུང་སྐྱ་སར་བབས་འགྲོ་མཁན་མི་ཉུང་བ་ཞིག་འབྱུང་གིན་འདུག་པས། ནང་ཆོས་སློབ་སྦྱོང་གིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད་པས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་གིས་ཡིན་དགོངས་འཆར་གསུངས་ན་འགྲིག་གམ།


མཁན་རིན་པོ་ཆེ། དུས་རབས་བཅུ་དགུའི་ནང་གི་གྲྭ་བཙུན་དང་དུས་རབས་ཉི་ཤུ་པའི་གྲྭ་བཙུན་གཉིས་ཀྱི་བསམ་ཚུལ་མི་འདྲ་བ་ལ་བརྟེན་ནས་བྱུང་བ་རེད་སྙམ། སྔོན་གྲྭ་བཙུན་རྣམས་ནི་བླ་སྤྲུལ་མཁན་པོའི་ཕྱག་ཁྱེར་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་། རང་ཉིད་ཀྱི་འཚོ་བ་ངན་ངོན་ཙམ་གྱི་སྒོ་ནས་མི་ཚེ་སྐྱེལ་བ་མང་བས་སྐྱ་སར་བབས་པ་ཉུང་། དུས་རབས་ཉི་ཤུ་པའི་གྲྭ་བཙུན་རྣམས་ནི་དེ་ལས་ལྡོག་ནས་དགོན་དུ་ཡུན་རིང་ཇི་ཙམ་བསྡད་ཀྱང་བླ་སྤྲུལ་མཁན་པོའི་གོ་གནས་ཐོབ་པའི་ངེས་པ་མེད། དེ་ལས་གཞན་པའི་ལག་ཁྱེར་ནི་བླ་སྤྲུལ་མཁན་པོ་རྣམས་ལ་གནང་མི་ཐུབ། གནང་ནའང་དེ་རྒྱལ་ཁབ་གཞུང་ནས་ངོས་ལེན་མི་གནང་བསམས་ནས་ཉིན་རེ་བཞིན་དུ་སྐྱ་སར་བབས་པ་ནི་ཇེ་མང་རེད་འདུག འོ་ན་དེ་ལ་ཐབས་ཅི་ཞིག་ཡོད་སྙམ་ན། རང་རེ་དགོན་ཁག་རྣམས་ནས་དུས་དང་གནས་སྐབས་ཐམས་ཅད་དུ་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་ལམ་སྲོལ་ཐོག དགོན་པའི་བཅའ་ཁྲིམས་གར་ཐིག་དབྱངས་གསུམ་སོགས་དང་མི་འགལ་བར་རྒྱལ་ཁབ་གཞུང་གིས་ངོས་ལེན་ཡོད་པའི་ལག་ཁྱེར་ཞིག་ངེས་པར་དུ་གནང་ཐུབ་ན་ལེགས་སྙམ།


རྩོམ་སྒྲིག་པ། དེང་གི་དུས་སུ་གྲྭ་རྒྱུན་བསྡུ་རྒྱུའི་ཐོག་ཆོས་བརྒྱུད་གཞན་དག་གིས་དམིགས་བསལ་ཤུགས་སྣོན་རྒྱག་གི་ཡོད་ན། རང་དགོན་གྱི་ངོས་ནས་དེའི་ཐད་འཐུས་ཤོར་འགྲོ་བ་འདྲ་གཟིགས་ཀྱི་འདུག་གམ་དགོངས་འཆར་གསུང་རོགས།


མཁན་རིན་པོ་ཆེ། གྲྭ་རྒྱུན་བསྡུ་རྒྱུའི་ཐོག་ལ་ཞུས་ན། སྤྱིར་གྲྭ་བཙུན་ཟེར་བ་རྣམ་དཔྱོད་ལྡན་པའི་མི་ཡིན་དུས་དེ་ལ་བསྡུས་དང་མི་སྡུད་ཁྱད་པར་ཆེན་པོ་མི་འདུག་བསམས། འོན་ཀྱང་ད་ལྟ་ཡོད་པའི་གྲྭ་བཙུན་རྣམས་ལ་སློབ་སྦྱོང་དེང་དུས་དང་འཚམས་པ། དེ་བཞིན་དགོན་པའི་ཐོག་ནས་གནང་བའི་ཕྱག་ཁྱེར་རྒྱལ་ཁབ་གཞུང་གིས་ངོས་ལེན་ཡོད་ན་གྲྭ་བཙུན་རང་བཞིན་དུ་འདུས་ཡོང་གི་རེད་བསམ་གྱི་འདུག


རྩོམ་སྒྲིག་པ། མཁན་པོ་མཆོག་རྒྱུན་རིང་པོ་ཞིག་ལ་རང་དགོན་གྱི་ཕྱི་ལོགས་སུ་བཞུགས་པ་ཡིན་དུས། རྣམ་གྲོལ་གླིང་ལ་ཕྱི་ལོགས་ནས་ཆོས་བརྒྱུད་དང་སྤྱི་ཚོགས་གཞན་གྱིས་ཚུར་ལྟ་སྟངས་གང་འདྲ་ཞིག་འཛིན་གྱི་ཡོད་པ་གཟིགས་ཀྱི་འདུག་གམ།


མཁན་རིན་པོ་ཆེ། ༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་རྗེ་བླ་མེད་ཀྱི་མཐུ་ལས་ཆོས་བརྒྱུད་གཞན་གྱིས་བསྔགས་བརྗོད་དང་ལྷག་པར་དུ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་ཞལ་སྔ་ནས་མཻ་སོར་རྣམ་གྲོལ་གླིང་ནི་ཕྱིའི་བཀོད་པ་རྫིག་ལ་ནང་གི་བསླབ་པ་སློབ་གཉེར་རྫིག་པ་ཕྱི་རྫིག་ནང་རྫིག་རེད་གསུངས་པ་ལོས་ཡིན། འོན་ཀྱང་མཁྱེན་ལྡན་ལྷག་བསམ་ཅན་མང་པོ་ཞིག་གིས་སྔོན་གྲུབ་དབང་རིན་པོ་ཆེ་སྐུ་དངོས་བཞུགས་སྐབས་ཕྱི་ནས་བླ་ཆེན་གདན་འདྲེན་ཞུས་ཏེ། དབང་ཆེན་བཙུགས་གནང་བ་དང་མཁས་པའི་དབང་པོ་རྣམས་གདན་འདྲེན་གནང་ནས། སྔ་འགྱུར་བའི་གྲུབ་མཐའ་རང་རྐང་ཚུགས་པ་ལྟར་རང་རེ་རྣམས་སྔ་འགྱུར་བའི་རྗེས་འཇུག་རྣམས་དང་མགོན་པོ་གང་གི་ཞལ་སློབ་ཡིན་སྟབས། དགོན་པ་གྲྭ་ཚང་རྣམས་ནི་སྔ་འགྱུར་བའི་ཕྱག་བཞེས་ལྟར་གར་ཐིག་དབྱངས་གསུམ་ལ་མཐོང་ཚུལ་ཆེར་ལྟ་དགོས་པ་དང་། བཤད་གྲྭ་བ་རྣམས་ནི་མཁས་པའི་དབང་པོར་གསོལ་འདེབས་ཞུས་ནས་སྤྱིར་གཞུང་སྤྱི་ཡི་དཀའ་གནད་དང་། ཡང་སྒོས་སུ་ཀུན་མཁྱེན་ཀློང་ཆེན་པའི་གཞུང་རྣམས་མཆོད་གཤོམ་སྟེང་དུ་བརྩིགས་པ་ཙམ་མ་ཡིན་པར། མཁས་པའི་དབང་པོ་རྣམས་ཀྱི་མདུན་དུ་བཅར་ནས་སྔ་འགྱུར་རྫོགས་ཆེན་རང་རྐང་ཚུགས་ཐུབ་པའི་ཆེད་སྦྱང་བརྩོན་བྱེད་དགོས་པ་ནི། ལས་སྣེ་ཆེ་ཕྲ་ཡོངས་ནས་དཔུང་པ་མཉམ་རུབ་བྱེད་དགོས་པའི་དུས་ལ་བབས་འདུག་སྙམ།


རྩོམ་སྒྲིག་པ། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་ལོ་ལྟར་རྒྱ་བལ་འབྲུག་གསུམ་གཙོས་ཡུལ་གྲུ་དུ་མར་མཁན་སློབ་ལྔ་བརྒྱ་ཙམ་དགེ་རྒན་དུ་ཕེབས་བཞིན་པ་ལགས་ན། ཁོང་རྣམ་པས་ཧི་མཱ་ལ་ཡའི་རི་རྒྱུད་གཙོས་སྤྱི་ཚོགས་ནང་ཤུགས་རྐྱེན་ཅི་འདྲ་ཐེབས་ཀྱི་ཡོད་དམ།


མཁན་རིན་པོ་ཆེ། ཤུགས་རྐྱེན་ཅི་འདྲ་ཐེབས་ཀྱི་ཡོད་ཟེར་བ་དེ་ལ་ཆོས་ཁོ་ནའི་ཕྱོགས་སུ་བསམ་བློ་བཏང་ནས་བཤད་ན་ཤུགས་རྐྱེན་འགྲོ་དང་འགྲོ་བཞིན་པ་རེད། གང་ཡིན་ཟེར་ན་སྔོན་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ལ་གནས་པའི་མི་རྣམས་ནི་ཕལ་མོ་ཆེའི་རྒྱུད་ལ་ལྷན་སྐྱེས་སུ་ཤེས་རིག་བཀྲ་བ་ཡོད་ཀྱང་། འགོ་ཁྲིད་ཀྱི་ལམ་སྟོན་བཟང་པོ་ཞིག་མེད་པས་ད་བར་རྗེས་ལུས་སུ་གྱུར་ཀྱང་ད་ཆ་རིས་སུ་མ་མཆིས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས། ཁུངས་སོ་སོའི་ངོས་འཛིན་ལེགས་པར་ཕྱེ་ཐུབ་པ་དེའང་ཤུགས་རྐྱེན་དང་འཕོ་འགྱུར་ཆེན་པོ་ཕྱིན་ཡོད་ཅིང་། ལྷན་སྐྱེས་ཀྱི་ཤེས་རིག་དང་ལམ་སྟོན་གྱི་གྲོགས་གཉིས་བསྡོམས་པས་འཁྲུག་ཆ་དོད་པོ་ཡང་འབྱུང་ས་རེད་སྙམ།


རྩོམ་སྒྲིག་པ། རྣམ་གྲོལ་གླིང་ནས་བསླབ་པ་མཐར་སོན་པའི་མཁན་སློབ་གྲངས་འབོར་གྱི་ཐད་ནས་མང་ན་ཡང་། དེ་དང་མཐུན་པར་སྤྱི་ཚོགས་རྒྱ་ཆེ་ས་ནས་བལྟས་ན་འབུར་དུ་ཐོན་པའི་གྲངས་ཚད་ཅུང་ཟད་ཉུང་བས། དེའི་ཐད་ད་དུང་མི་འདང་ས་དང་ཆུ་ཚད་གོང་མཐོར་གཏོང་དགོས་ངེས་དེ་འདྲ་གཟིགས་ཀྱི་འདུག་གམ།


མཁན་རིན་པོ་ཆེ། འབུར་དུ་ཐོན་པའི་གྲངས་ཚད་གོང་མཐོར་གཏོང་བའི་ཐབས་ལ་བསླབ་པ་མཐར་སོན་རྣམས་དཔུང་པ་མཉམ་རུབ་བྱས་ནས། ཀློང་ཆེན་ཞབས་ཀྱིས་མཛད་པའི་སྔགས་གཞུང་དང་ལྷག་པར་སྙིང་ཐིག་ཡ་བཞིའི་ནང་ནས་རྫོགས་ཆེན་གྱི་སྐོར་ལ། གྲུབ་མཐའ་རང་རྐང་ཚུགས་ཐུབ་པའི་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་ཞིག་གཏོད་ཐུབ་ན་འབུར་དུ་ཐོན་པའི་གྲངས་ཚད་མཐོན་པོར་འགྱུར་ཡོང་སྙམ།


རྩོམ་སྒྲིག་པ། མཐའ་དོན་དུ་མཁན་རིན་པོ་ཆེ་མཆོག་ནས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སྐུ་ཉིད་ཀྱི་བསྟན་འགྲོར་དགོངས་པའི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།