རྟོག་སྣང་ཕྲ་མོ།

ལྷུན་གྲུབ། འཛིན་རིམ་དྲུག་པ།

ཐོན་མིས་རྒྱ་གར་ཡུལ་ནས་བརྐུས་གོ་ཆོད།།
མེས་པོ་གོང་མའི་ལག་ནས་ཤོར་གོ་ཆོད།།
ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི།།
བུ་ཆུང་རོག་པོའི་མིང་ལ་ཅི་ཟེར་རམ།།


སྙན་ངག་མཁན་གྱིས་བདག་ཏུ་བཟུང་ན་ཡང་།།
ཉི་མས་བརྡུངས་པའི་གླང་ཆེན་རྣམས་ཀྱིས་བཏིང་།།
ས་ལ་གནས་ཀྱང་ཟླ་བའི་བྱེད་ལས་ཅན།།
བེ་ཏའི་རི་ལ་མོད་པའི་བུ་མོ་གང་།།


རང་ཉིད་གང་ཡང་མི་ཤེས་བེམ་པོ་རེད།།
གཞན་ལ་སློབ་གསོ་མཁས་པའི་མཁས་དབང་རེད།།
ཐོབ་དང་གོ་ས་མི་དགོས་གང་སར་བཞུགས།།
དགེ་ཕྲུག་ཤིན་ཏུ་མང་བའི་དགེ་རྒན་སུ།།


ཤིན་ཏུ་ཚ་བའི་ཉི་ཟེར་དང་འགྲོགས་ནས།།
སིབ་སིབ་ཁ་བའི་ལད་ཟློས་བྱེད་མཁས་ཅན།།
མཐོང་བ་ཙམ་གྱིས་ཡི་དྭགས་དགའ་བའི་རྒྱུ།།
རླན་གཤེར་མིན་པའི་ཆུ་དེ་གང་རེད་དམ།།


གཟུགས་པོ་ཆེ་ཆུང་སྣ་ཁ་མི་འདྲ་ཞིང་།།
དབྱིབས་ལ་འགྱུར་བ་མེད་པའི་ཁ་ཟས་རིགས།།
མི་རྣམས་ངུ་ཡིན་ངུ་ཡིན་དུམ་བུར་གཏུབ།།
ལུས་ལ་དྲི་ངན་ཁྱབ་དེ་ཅི་ཡིན་ཤོད།།


ཨ་ཕའི་ལུས་སྟོབས་དམན་རྒྱུ་མེད་ན་ཡང་།།
ཀུན་ཀྱིས་སྙིང་པོ་མེད་པའི་དཔེ་རུ་དྲངས།།
སྤུན་མཆེད་མང་པོ་ག་ཚོད་ཡོད་ཀྱང་རུང་།།
འཆི་ལ་ཉེ་དུས་དམར་རྗེན་བུད་དེ་ཅི།།


རྡོ་རེད་ཟེར་ན་ཆུ་ལས་མ་འདས་ཤིང་།།
ཆུ་རེད་ལབ་ན་མཁྲེགས་ལ་མཁྲེགས་ཚོད་མེད།།
རང་ལ་རང་གི་མཚན་ཉིད་མི་ལྡན་པའི།།
མཚན་མཚོན་ཁྲིམས་ལས་འགལ་བའི་ཡ་མེད་གང་།།

             གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་གྱི་མཚན་ ༢༠༡༨ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༡༨ བོད་ཟླ་ ༠༨ ཚེས་ ༡༥ ལས་མ་འགྱངས་པར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོད་པར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།