སེམས་ཁོང་གི་ཉི་མ་བཞུད་པའི་སྐྱོ་དབྱངས།

ཚེ་དགའ་དབང་རྒྱལ། འཛིན་རིམ་དགུ་པ།


དུས་ཀྱི་རྒུད་པས་འབྱུང་བཞི་སྟོང་ལ་ཉེ།།
སེམས་ཀྱི་ཆག་སྒོས་སྡང་ཟུག་མེ་རུ་སྦར།།
ལུས་སེམས་སྡུག་གིས་ཟིན་པའི་སྐྱོ་མཚམས་ནས།།
ཁྱེད་སྐུ་མཚན་དཔེ་ཟུམ་པ་སུ་ཡི་ཆེད།།


སྙིགས་དུས་རླུང་འཚུབ་རྒྱལ་ཁམས་གྲོང་ལ་ལྡང་།།
རྣམ་རྟོག་རྒོད་པོས་ཚེ་སྲོག་ཐལ་བར་བརླགས།།
རྐྱེན་ངན་ཐོག་ཏུ་འབབ་པའི་སོ་མཚམས་ནས།།
ཁྱེད་ཐུགས་དབྱིངས་སུ་ནུབ་པ་སུ་ཡི་ཆེད།།


རྩོད་ལྡན་བསྐལ་པ་ཤར་ཕྱོགས་རི་ནས་སླེབས།།
རྫོགས་ལྡན་ཉི་མ་ནུབ་ཕྱོགས་ལ་རྒྱབ་ཡིབས།།
ས་འཛིན་གྲིབ་མས་གཡོགས་པའི་ས་སྲོད་ནས།།
ཁྱེད་གསུང་སྒྲ་དབྱངས་འགགས་པ་སུ་ཡི་ཆེད།།


ཆོས་ཀྱི་བྱིན་རླབས་ཆོས་གཟུགས་སྡོང་པོས་བསྣུབས།།
ཆོས་མིན་ཀླ་ཀློས་དམ་ཆོས་ཟོང་ལ་བརྗེས།།
ཆོས་མགོ་ཆོས་པས་སྣོག་པའི་དུས་ཚིགས་ནས།།
ཁྱེད་སྐུ་ཞིང་གཞན་གཤེགས་པ་གང་ལ་དགོངས།།


ཚན་རྩལ་རྒད་པོས་ས་གཞི་གཏོར་ལ་ཉེ།།
དུས་ཀྱི་མགྲོན་པོས་ཞི་བའི་ཏིང་འཛིན་དཀྲུགས།།
མི་ཡི་ཁོག་ལ་གཟུགས་མེད་འདྲེ་ཞུགས་དུས།།
བདག་གི་སྐྱབས་མཆོག་དམ་པ་གང་དུ་བཞུགས།།


སྟོང་བཤད་མཁན་པོས་ཚིག་མཚོན་ཁ་ལ་འཁྱེར།།
ཉམས་རྟོགས་རིག་པ་རི་བོང་རྭ་དང་མཚུངས།།
ཐོས་བསམ་ཡ་བྲལ་སོང་བའི་སྙིགས་དུས་འདིར།།
བདག་གི་འདྲེན་མཆོག་བླ་མ་གང་དུ་ཡོད།།


ལུང་རྟོགས་སྒྲོན་མེ་ཐལ་རླུང་དྲག་པོས་བསད།།
ངུར་སྨྲིག་དྲི་བསུང་ཚུལ་འཆོས་ཤམ་བུས་བཏུམས།།
ལྟ་ལོག་སེར་བ་འབབ་པའི་ནམ་དུས་འདིར།།
བསྟན་འགྲོའི་དོན་གྱི་བདག་པོ་གང་དུ་བཞུགས།།


ཆོས་འཛིན་རྒད་པོ་ཕྱོགས་ཞེན་ཞགས་པས་བསྡམས།།
ཆོས་རྨོངས་བླུན་རྒན་ཆོས་རྫས་ནོར་ལ་བརྗེ།།
དམ་ཆོས་མཆོག་དམན་གཡུལ་དུ་གཟིམ་ཉེ་སྐབས།།
ངེས་དོན་ཆོས་ཀྱི་བདག་པོ་གང་དུ་བཞུགས།།


ཞི་བའི་འོད་དཀར་དགྲ་གཅན་གཟའ་ཡིས་ཟིན།།
བདེ་བའི་བག་ཡངས་ཐོ་རངས་སྒོ་ཁྱིས་དཀྲོགས།།
སྐྱིད་ཀྱི་སྣང་བ་ནུབ་པའི་ནམ་ཟླ་ལ།།
འཇམ་མཉེན་སྐྱོབ་པའི་བླ་མ་གང་དུ་བཞུགས།།


སེམས་ཀྱི་ཉི་མ་སྤྲིན་རུམ་ནག་པོས་བཏུམས།།
དད་འདུན་གཙང་ཆབ་ལོག་རྨོངས་འཁྱག་གིས་བསྡམས།།
བདེན་རྫུན་དཀར་ནག་བསྒྲིབས་པའི་བདག་ཅག་ལ།།
ལམ་སྟོན་གསལ་བའི་སྒྲོན་མེ་གང་དུ་བཞུགས།།


བསླུ་མེད་བྱང་ཆུབ་སེམས་དཔའི་དམ་བཅའ་འདི།།
ཇི་སྲིད་འགྲོ་རྣམས་བདེ་ལ་མ་བཀོད་བར།།
དེ་སྲིད་འགྲོ་བའི་གཞན་དོན་བསྒྲུབ་དགོངས་ན།།
ཆོས་ཉིད་དབྱིངས་སུ་གཟིམས་པ་སུ་ཡི་ཆེད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།