སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་སྐོར། (མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ལ་བཅར་འདྲི་ཞུས་པ།)


རྩོམ་སྒྲིག་པ།


རྩོམ་སྒྲིག་པ། མཁན་ཆེན་མཆོག་གིས་༸སྐྱབས་རྗེ་རིན་པོ་ཆེ་ཐོག་མར་གང་དུ་མཇལ་བ་དང་། མཁན་ཆེན་དང་༸སྐྱབས་རྗེ་རིན་པོ་ཆེའི་བར་གྱི་ཐོག་མའི་འབྲེལ་ལམ་སྐོར་ལྷུག་པོར་གླེང་རོགས།
མཁན་ཆེན། སྤྱི་ལོ་ ༡༩༦༠ ལོར་བོད་ནས་བྲོས་བྱོལ་གྱིས་རྒྱ་གར་གྱི་ས་ཆ་བྷ་ལིང་པུར་ཞེས་པར་འབྱོར་སྐབས་གུས་པའི་ཕ་མས་ཐོས་གསལ་ལ་ཁམས་པའི་བླ་མ་རྩ་ཆེན་ཞིག་བཞུགས་ཡོད་ཟེར་བ་དང་། ངེད་རྣམས་ལྷན་དུ་མཇལ་ཁ་ཞུས། ༸སྐྱབས་རྗེ་རིན་པོ་ཆེ་ཐོག་མར་མཇལ་ནས་ཕྱག་དབང་གནང་སྟེ། ཡ། གཟབ་གཟབ་བྱེད། རྗེས་སུ་ཐུག་ཡོང་ཞེས་གསུངས་བྱུང་། དེ་ནས་སྤྱི་ལོ་ ༡༩༧༡ ལོར་ཕྲན་རང་ཝཱ་རཱ་ཎ་སཱི་མཐོ་རིམ་སློབ་གྲྭ་ནས་དབྱར་ཁའི་གུང་སེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་རང་གི་མ་རྒན་འཕྲད་པར་ཡོང་དུས་གྲོང་སྡེ་བཞི་པའི་མངའ་ཁོངས་རྣམ་གླིང་དགོན་དུ་རིན་པོ་ཆེ་བཞུགས་འདུག་པར་མཇལ་བཅར་ཞུས། དེ་ནས་བཟུང་གུང་སེང་སྐབས་གུས་རང་དང་མཆེད་གྲོགས་རིག་འཛིན་རྡོ་རྗེ་ངེད་གཉིས་ལོ་ལྟར་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་མཇལ་ཁ་ཞུ་བཞིན་ཡོད། རིན་པོ་ཆེ་མཆོག་ནས་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གལ་ཆེན་པོ་རེད། མཐོ་རིམ་སློབ་གྲྭ་བ་ཡིན་བསམས་ནས་ང་རྒྱལ་བྱས་ན་ཕན་པ་གང་ཡང་མེད་ཅེས་གསུངས་མྱོང་། དེ་སྐབས་དགོན་པའང་ཕྱེད་ལྷག་ཙམ་ལས་བཞེངས་ཚར་མི་འདུག སྐབས་ཤིག་ལ་མཇལ་ཁར་བཅར་དུས་རིན་པོ་ཆེ་རཱ་ནཱི་གེཊ་ (Rani Gate) ཞིང་སར་གྲྭ་པ་རྣམས་དང་ལྷན་དུ་ཨ་ཤོམ་གྱི་ཕྱག་ལས་གཟིགས་ཞིབ་གནང་བཞིན་འདུག
སྤྱི་ལོ་ ༡༩༧༨ ལོར་ཕྲན་རང་ཝརྞ་མཐོ་སློབ་ནས་བསླབ་པ་མཐར་སོན་མཚམས་རང་གི་མ་རྒན་སར་འོང་བ་དང་ཆབས་ཅིག་རྣམ་གླིང་དགོན་དུ་ཕྲན་གྱི་གྲོགས་མཁན་པོ་རིག་འཛིན་དང་ལྷན་དུ་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་དུ་མཇལ་བཅར་ཞུས། དེ་དུས་ཕྲན་རང་ཊི་བྷི་ (TB) སྨན་ལོག་རྐྱེན་པས་མགོ་ཀླད་ན་ཚ་ངན་པ་ཞིག་གིས་མནར་སྐབས་རིན་པོ་ཆེ་མཆོག་ནས་ཀུ་ཤལ་ན་གར་གྱི་སྨན་པ་ཞིག་བསྟེན་དུ་བཅུག་ནས་རིམ་པས་དྲག་སྐྱེད་བྱུང་། བླ་མ་བྱང་ཆུབ་སེམས་དཔའ་ཞེས་པ་སུ་ལའང་ཐུགས་བརྩེ་བ་བྱམས་སྙིང་རྗེ་དང་ལྡན་པ་ཞིག་རེད་འདུག་བསམས་ནས་སེམས་ལ་དད་པ་དང་དགའ་སྣང་ཆེན་པོ་བྱུང་། སྤྱི་ལོ་ ༡༩༧༩ ལོར་༸སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་བཞིན་དགོན་པའི་ལས་ཁུངས་ནང་གི་ལས་འགན་གཙོ་བོ་དང་། དེ་བཞིན་སློབ་གྲྭའི་ནང་ལའང་དགེ་རྒན་གྱི་ལས་འགན་ཐོག་ཞབས་ཕྱི་སྒྲུབ་མུས་སུ་བྱིས་པ་དག་ཡིག ཡི་གེ་བྲིས་གཟུགས། དབྱིན་ཡིག་བཅས་སློབ་སྟོན་བྱས་ཏེ། རིམ་པས་ཡིག་རྒྱུགས་ཐོག་འཛིན་རིམ་གོང་འོག་སོགས་ཀྱི་སྒྲིག་འཛུགས་གཏན་འབེབས་རྣམས་རིན་པོ་ཆེའི་ཐུགས་བཞེད་ལྟར་ཞབས་ཞུ་བསྒྲུབས། སྐབས་དེ་དུས་བོད་ཡིག་འབྲུ་འདེད་དང་སྡོམ་འདེད་གནང་མཁན་དགེ་རྒན་བཀྲ་ཤིས་ཆོས་འཕེལ་ལགས་གཅིག་པུ་རེད་འདུག ཕྱིས་དགེ་པདྨ་ཚེ་དབང་ལགས་ནས་དགེ་རྒན་གནང་། དེ་དུས་གྲྭ་ཆུང་གྲངས་ལྔ་བཅུ་ལྷག་ཙམ་འདུག མདོར་ན་དེ་དུས་ནས་རིན་པོ་ཆེས་གང་ཟག་བཟང་ངན་འབྲིང་གསུམ་སུ་ལའང་བྱམས་བརྩེས་སྐྱོང་ཞིང་ཚང་མའི་རེ་ལྟོས་ཞུ་ས་ལྟ་བུ་སྟེ། ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པའི་སེམས་ཅན་གྱི་འདོད་དོན་བསྒྲུབས་པར་མཛད་དོ།།
རྩོམ་སྒྲིག་པ། མཁན་ཆེན་གྱི་གཟིགས་སྣང་ཁྲོད་༸སྐྱབས་རྗེ་རིན་པོ་ཆེ་ནི་སྐྱེས་བུ་ཇི་འདྲ་ཞིག་ཡིན་ནམ། ༸སྐྱབས་རྗེ་རིན་པོ་ཆེའི་ཐུན་མིན་གྱི་མི་གཤིས་དང་། ཉིན་རེའི་ཐུན་མིན་གྱི་ཕྱག་ལས་གནང་ཕྱོགས་སྐོར་གསུང་རོགས།
མཁན་ཆེན། སྤྱིར་བཏང་གཞུང་ནས་གསུངས་པ་ལྟར། གོང་མས་འོག་མ་ཤེས་ཀྱང་འོག་མས་གོང་མ་ཤེས་རྟོགས་ཡོང་བ་ཧ་ཅང་ཁག་པོ་རེད། ཁྱད་པར་༸སྐྱབས་རྗེ་རིན་པོ་ཆེ་ལྟ་བུའི་བླ་མ་ཐུགས་དགོངས་རྟོགས་པ་ལྡན་པ། སྐྱེས་བུ་དམ་པ། བླ་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་ང་ལྟ་བུའི་གང་ཟག་ཐ་མལ་པ་ཞིག་གིས་གོང་མའི་ཐུགས་དགོངས་སོགས་ཇི་ལྟར་ཤེས་ནུས་ཏེ། ཞུ་བའི་སྤོབས་པ་ཡང་མ་མཆིས།
འོན་ཀྱང་ཆོས་ཐམས་ཅད་རང་སྣང་སེམས་ཀྱི་ཆོ་འཕྲུལ་ལྟ་བུར་གཞུང་ནས་གསུངས་པ་ལྟར། རང་སེམས་ཀྱི་སྣང་ཚུལ་ལྟར་ཤེས་རྟོགས་བྱུང་བ་ཁྱེད་རྣམ་པའི་དྲི་བ་དང་མཐུན་པར་ལན་མདོ་ཙམ་ཞིག་ཞུས་ན། ༸སྐྱབས་རྗེ་རིན་པོ་ཆེའི་མི་གཤིས་ནི། ནང་གི་ཐུགས་རང་བཞིན་བཟང་པོ་བརྩེ་སེམས་དང་ལྡན་པ་ཞིག་རེད། ཁྱད་པར་དུ་ཐུགས་གཤིས་ཧ་ཅང་སྒམ་པོ་མི་དཔའ་བོའི་གཤིས་ཀའི་སྟེང་། ད་དུང་ནུས་ཤུགས་དང་ལྡན་པ། དེ་བཞིན་སྣང་ཚུལ་ལ་སྐུ་དྲག་པོ་གཟི་བརྗིད་ཅན། དཔེར་ན། རང་གཞན་ཆེ་ཆུང་སུ་ཡིན་ཀྱང་བླ་མ་ལ་སེམས་ནང་དགའ་དད་ཡོད་ནའང་། སྐུ་མདུན་དུ་སླེབ་ཚེ་སུ་ཡིན་ནའང་སྐྲག་སྣང་ཅུང་ཟད་རེ་མི་སྐྱེ་མཁན་མེད། ལྷག་པར་དུ་ཐུགས་དགོངས་འཚོམས་ན་ཧ་ཅང་གིས་ཁྲོ་བོའི་ཉམས་ཅན་གཟི་བརྗིད་མི་བཟོད་པ་འདྲ་ཡང་འཆར།
སྤྱི་ལོ་ ༡༩༧༠ ནང་རིན་པོ་ཆེ་ཐོག་མར་མཇལ་སྐབས། ཝརྞ་མཐོ་རིམ་སློབ་གྲྭའི་གནས་སྟངས་སྐོར་ཞུ་སྐབས། རིན་པོ་ཆེས། འོ་ཡ། ཡ་ཡ། ཞེས་གསུང་བ་མ་གཏོགས་གཞན་གསུང་གླེང་ཞེ་དྲག་མི་མཛད། དེ་སྐབས་ཕྲན་རང་གི་བསམ་པར་བླ་མ་རྟོགས་ལྡན་ཟེར་བ་ཐུགས་ལ་རྣམ་རྟོག་གི་སྤྲོས་པ་མེད་པ་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས་པ་བྱུང་། དེ་ལ་བརྟེན་ནས་སེམས་ལ་དད་པའང་སྐྱེས་སོང་།
དེ་ནས་༸སྐྱབས་རྗེ་རིན་པོ་ཆེའི་ཕྱག་ལས་གནང་ཕྱོགས་ཐད་ནས་ཞུས་ན། བླ་མ་དང་དཔོན་པོ་གཞན་ནང་བཞིན་སྔོན་ནས་འཆར་འགོད་དང་གོ་སྒྲིག་གི་སྐད་ཆ་མང་པོ་བཤད་རྒྱུ་སོགས་མི་གནང་བར། སྐབས་ཐོག་ཐད་ཀར་བཀའ་བཀོད་གནང་བ་དང་། གཞན་ལས་ཀ་ཆེ་ཆུང་གང་ཡིན་ཡང་སྐབས་དེར་སློབ་སྟོན་གནང་སྟེ་སྒྲུབ་དགོས་པ་ལྟ་བུ་ཕལ་ཆེར་མཛད་པ་ནི་ཐུན་མིན་ཕྱག་བཞེས་ཤིག་རེད་འདུག འོན་ཀྱང་ཡ་མཚན་ཆེ་བ་ཞིག་ལ་སྐབས་དེར་རང་གིས་མ་ཤེས་པས་ཛ་དྲག་འདི་འདྲ་ལ་བསམས་པ་བྱུང་ཡང་། ཕྱིས་སུ་བསམ་གཞིག་བྱེད་སྐབས་ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་འདྲ་རེད་འདུག དེ་ནི་ཕལ་ཆེར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་གཤིས་སམ་རང་བཞིན་ཏེ། རྟོགས་པ་གང་ཤར་ལས་བཅས་བཅོས་མང་པོ་མི་དགོས་པ་འདྲ་བསམས་བྱུང་།
རྩོམ་སྒྲིག་པ། སྤྱི་ལོ་ ༡༩༦༣ ཙམ་ནས་རྣམ་གྲོལ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཀྱི་རྨང་བཏིང་བ་ཡིན་ཞིང་། སྐབས་དེ་དུས་༸སྐྱབས་རྗེ་རིན་པོ་ཆེར་འགྲོ་གྲོན་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་པོ་ཕྲད་པའི་ལོ་རྒྱུས་འདུག་ན། མཁན་ཆེན་གྱིས་༸སྐྱབས་རྗེ་རིན་པོ་ཆེས་ཆོས་སྡེ་འདིའི་དོན་དུ་སྐུ་ངལ་འཛེམས་མེད་གནང་བའི་ལོ་རྒྱུས་གནད་ཆེ་ས་རེ་གཉིས་གླེང་རོགས།
མཁན་ཆེན། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཁོ་ནར་ཐུགས་བཞེད་གནང་སྟེ། འགྲོ་བའི་བསོད་ནམས་ཀྱི་ཞིང་ས་ཐེག་མཆོག་རྣམ་གྲོལ་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེང་རྒྱུ་ཐུགས་ལ་དགོངས་བཞིན་ཡོད་ནའང་། དུས་དེར་རང་ཅག་ཐམས་ཅད་བཙན་བྱོལ་བར་སོང་བས་དགོན་པ་བཞེང་རྒྱུའི་དཔལ་འབྱོར་མཐུན་རྐྱེན་གང་ཡང་མེད་སྟབས། ཐོག་མར་རང་གཞུང་དྷ་ས་ཆོས་དོན་ལྷན་ཁང་དུ་ཞལ་འདེབས་བསྡུ་རུབ་ཆེད་བཀའ་འཁྲོལ་ཕྱག་བྲིས་ཞུས་ཐོག ས་གནས་མི་མང་དང་། དེ་བཞིན་མཻ་སོར་རྒྱལ་ས་སོགས་རྒྱ་གར་མི་རིགས་ལས་ཀྱང་ཞལ་འདེབས་ཞུ་རྒྱུ་སོགས་ཐབས་ཤེས་མཛད་ཀྱང་དོན་འབྲས་ཆེར་མ་བྱུང་། དེ་ནས་ས་ཞིང་འདེབས་ལས་དང་། ཕྱུགས་གསོ་ཁང་། དེ་བཞིན་གྲུམ་གདན་བཟོ་གྲྭ། ཙག་ཙིག་ཉེར་མཁོའི་ཚོང་ཁང་སོགས་རིམ་པས་ཐབས་ཤེས་སྣ་ཚོགས་ཀྱིས་འཛུགས་སྐྲུན་གནང་བ་མ་ཟད། དགོན་པ་བཞེང་རྒྱུའི་ས་ལས་རྡོ་ལས། ས་ཕག་བསྒྲུབ་རྒྱུ། ཐ་ན་འདག་ཞལ་སོགས་གྲྭ་པ་རྒན་གཞོན་རྣམས་དང་ལྷན་ཅིག་ཏུ་ཚ་གྲང་དཀའ་ཚེགས་སོགས་ལ་འཛེམས་མེད་ཀྱིས་ཕྱག་ལས་ལོ་དང་ཟླ་བ་མང་པོར་འོ་བརྒྱལ་དཔག་མེད་གནང་བ་ནི། གྲུབ་ཆེན་མི་ལ་རས་པའི་རྣམ་ཐར་ལ་འགྲན་ནུས་པ་ལྟ་བུ་དཀའ་སྤྱད་མཛད་ནས། མཐར་རྒྱལ་བ་དགྱེས་པའི་མཆོད་སྡོང་གཙུག་ལག་ཁང་ཆེ་ཆུང་བསྡོམས་པས་དྲུག་ཙམ་བཞེངས་གྲུབ་ཟིན་པ་ལྟར། སྔ་འགྱུར་བཀའ་གཏེར་དག་སྣང་སྒྲུབ་སྡེ་བཀའ་བརྒྱད་སོགས་ཀྱི་ཆོས་ཁག་སྒྲུབ་ཆེན་སྒྲུབ་མཆོད་བཅས་ད་བར་འཚོགས་སྒྲུབ་ཀྱིས་རྒྱུན་བསྐྱངས་ཤིང་། བསྟན་པའི་མེ་རོ་འཕགས་ཡུལ་དུ་སླར་གསོ་བར་མཛད་དོ།།
རྩོམ་སྒྲིག་པ། བཤད་གྲྭ་དངོས་སུ་འགོ་འཛུགས་ཐུབ་པ་ནི་སྤྱི་ལོ་ ༡༩༧༨ ལོར་ཡིན་ནའང་། ༸སྐྱབས་རྗེ་རིན་པོ་ཆེ་གཞིས་གྲོང་དང་པོའི་སྨྱུག་མའི་སྤྱིལ་བུའི་ནང་བཞུགས་དུས་ནས་བཤད་པའི་སྡེ་ལ་ཐུགས་སྣང་ཆེན་པོ་གནང་བའི་ལོ་རྒྱུས་ཡོད་ཅིང་། ༸སྐྱབས་རྗེ་རིན་པོ་ཆེ་རང་ཉིད་ཀྱི་བཀའ་སློབ་ནང་དུའང་བཤད་གྲྭ་འདི་སྐུ་ཚེ་གང་གི་དམིགས་ཡུལ་གཙོ་བོ་ཡིན་པར་གསུངས་འདུག ༸སྐྱབས་རྗེ་རིན་པོ་ཆེས་ཅིའི་ཕྱིར་བཤད་པའི་སྡེ་ལ་འདི་འདྲའི་ཐུགས་ཁུར་རྒྱ་ཆེན་པོ་གནང་བ་ཡིན་ནམ། མཁན་ཆེན་གྱིས་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་གཞི་དང་ཉེ་བའི་གསལ་བཤད་གནང་རོགས།
མཁན་ཆེན། འཛམ་གླིང་སྤྱི་དང་བྱེ་བྲག ཁྱད་པར་ཕ་ཡུལ་གངས་ལྗོངས་ཆོས་ལྡན་ཞིང་ཕྱི་ནང་སྣོད་བཅུད་དང་བཅས་པར་འཕོ་འགྱུར་ཆེན་པོ་སོང་བ་ནི། འདུས་བྱས་རང་བཞིན་གྱི་མཚན་ཉིད་ལས་མ་འདས་ཤིང་། འོན་ཀྱང་བསིལ་ལྡན་ཁ་བའི་ལྗོངས་འདིར་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་ཉི་མ་ཤར་བ་ལྟར་བོད་ལྗོངས་མཐའ་དབུས་ཡོངས་ལ་དར་ཁྱབ་ཏུ་གནས་པ་ལས། དུས་སྐབས་ཀྱི་ཆར་སྤྲིན་རླུང་ནག་དྲག་ཏུ་འཚུབས་རྐྱེན་གྱིས་ཀུན་གསལ་བུདྡྷའི་བསྟན་པའི་འོད་སྣང་ཆེས་ཆེར་བསྒྲིབས་ཏེ། འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་དགེ་བཅུའི་ཁྲིམས་ཀྱི་ས་བོན། གཞན་ཕན་བྱང་ཆུབ་སེམས་ཀྱི་མྱུ་གུ། རྒྱལ་བསྟན་ལུང་རྟོགས་ཀྱི་འབྲས་བུ་བཅས་ཕལ་ཆེར་ཟད་ལ་ཁད་དུ་སོང་ཞིང་། མ་ཟད་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཞིག་ཀྱང་ཞིང་ཁམས་སུ་གཤེགས། ཡིན་ནའང་སྐྱེ་འགྲོའི་བསོད་ནམས་ཀྱི་མཐའ་མ་ཟད་ཙམ་ལ་བརྟེན་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་སྡེ་ཁག་གི་བླ་ཆེན་གང་འཚམས་ཤིག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནའང་། དུས་དབང་གིས་རྒྱལ་བསྟན་རིན་པོ་ཆེ་ཤིན་ཏུ་ནས་ཉག་ཕྲ་བར་གྱུར་པར་མ་བཟོད་ནས། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་གསུང་བཤད་བཀའ་སློབ་ཁག་དང་། གསུང་གླེང་དུ་མར། “ངོས་རང་ལ་དཔལ་ཡུལ་བའི་ཁྲི་འཛིན་ཞིག་གི་ལས་འགན་ཡོད། ལས་འགན་དེའི་གཙོ་བོ་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་སྤེལ་ཆེད་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་ཞིག་ཚུགས་ཐུབ་ན་བསམས་ཏེ་”ཞེས་དང་། བསྟན་པའི་ཐུགས་ཁུར་སྙིང་ལ་བཅངས་ཤིང་། ལུང་གི་ཆོས་འཆད་ཉན་གྱི་སྒོ་ནས་ཐོས་བསམ་བྱ་རྒྱུ་དང་། རྟོགས་པའི་ཆོས་དངོས་གཞི་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་རང་རྒྱུད་ལ་འདྲེས་ཕྱིར་སྒོམ་དགོས་པས། དེའི་ཕྱིར་བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་གཞི་རྩ་ཞིག་མ་ཚུགས་ཐབས་མེད་པར་དགོངས་ནས་ཐོག་མར་རྣམ་གྲོལ་གླིང་གཙུག་ལག་ཁང་གི་རྨང་གཞི་འདིང་བའི་སྐབས་ནས་དགོངས་གཞི་འདི་རང་གཙོ་བོ་ཐུགས་ལ་བཅངས་ཏེ་སྐུ་ངལ་ཚད་མེད་གནང་བ་རེད། དེས་ན་ཐོག་མར་རྫོགས་ཆེན་མཁན་པོ་བརྩོན་འགྲུས་མཆོག་གདན་ཞུས་ཀྱིས་ཆོས་འཆད་ཉན་དབུ་ཚུགས་ཀྱང་གློ་བུར་རྐྱེན་དབང་གིས་ཆོས་བཤད་ཡུན་རིང་ཞིག་གི་སྐབས་ཞི་བར་གཤེགས། དེ་དུས་རིན་པོ་ཆེ་མཆོག་ཧ་ཅང་གིས་ཐུགས་ཕམ་ཆེན་པོ་གནང་སོང་། དེ་སྐབས་མཁན་པོ་མཁས་གྲུབ་མཆོག་ནས་ཀྱང་དཔེ་ཁྲིད་སྐབས་མཚམས་གནང་། དེ་རྗེས་ས་སྐྱའི་མཁན་པོ་རིན་ཆེན་མཆོག་སྤྱི་ལོ་ ༡༩༧༨ ལོ་མཇུག་ཙམ་ལ་གདན་ཞུས་མཛད་དེ་བཤད་གྲྭའི་སློབ་ཚན་དང་འབྲེལ་བའི་དཔེ་ཁྲིད་དངོས་གཞི་དབུ་ཚུགས་ནས་ལོ་འཁོར་ཡིག་རྒྱུགས། བཤད་རྒྱུགས། རྩོད་པ་སོགས་འཆད་ཁྲིད་ཀྱི་རྒྱུན་ལེགས་པར་ཚུགས། དེ་རྗེས་བོད་ནས་མཁན་ཆེན་སྡེ་སྣོད་འཛིན་པ་ཟླ་ཟེར་མཆོག་གདན་ཞུས་ཀྱིས་སྔ་འགྱུར་རང་ལུགས་ཐུན་མིན་གྱི་གཞུང་ལུགས་རོང་ཀློང་རྣམ་གཉིས་དང་། བླ་མ་མི་ཕམ་རིན་པོ་ཆེའི་དགོངས་དོན་བཞིན་དཔེ་ཁྲིད་དོགས་གཅོད་དང་བཅས་ཏེ་འཆད་ཉན་གྱི་རྒྱུན་ལེགས་པར་འཛུགས་ཐུབ་པ་ལ་བརྟེན་ནས་ད་ལྟའི་བར་མཁན་ཐོག་རིམ་བྱོན་བཞིན། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ཞེས་པའི་མཚན་སྙན་གྱི་བ་དན་ཕྱོགས་མཐར་ཁྱབ་ཅིང་། རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་བར་གྱི་མདོ་སྔགས་གཞུང་ལུགས་སྤྱི་དང་། བསྟན་བཅོས་དགོངས་འགྲེལ་ཐུན་མོང་རིག་གནས་དང་བཅས་པར་ཐོས་བསམ་སློབ་གཉེར་གྱི་བསྟི་གནས་ཆེན་པོ། དཔལ་ནཱ་ལནྡཱ་གཉིས་པ་ལྟ་བུ་བསྟན་པའི་ཞབས་འདེགས་ཆེན་པོར་གྱུར།
རྩོམ་སྒྲིག་པ། ༸སྐྱབས་རྗེ་རིན་པོ་ཆེ་ནི་སྐུ་ན་གཞོན་དུས་རྐང་འཁོར་དང་རླངས་འཁོར་རང་ཉིད་ཀྱིས་གཏོང་གནང་བ། གྲྭ་ཆུང་ཚོའི་ཆེད་དུ་རྩེད་ཐང་དང་བརྙན་འཕྲིན་ལྟད་མོའི་(TV)ཆ་རྐྱེན་རིགས་སྐུ་དངོས་ཀྱིས་བསྐྲུན་གནང་བའི་ལོ་རྒྱུས་འདུག་ན། དེ་མཚུངས་ཡོངས་གྲགས་མ་ཡིན་པའི་༸སྐྱབས་རྗེ་རིན་པོ་ཆེའི་མཛད་ཕྱོགས་དཀྱུས་མ་རྣམས་དང་། ༸སྐྱབས་རྗེ་རིན་པོ་ཆེའི་དགའ་ཕྱོགས་སྐོར་མཚན་གཞི་རེ་གཉིས་འཇོག་རོགས།
མཁན་ཆེན། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་བསྟན་འགྲོའི་དགེ་ཕན་ཁོ་ནའི་སླད་དུ་བསམ་བཞིན་སྲིད་པར་བཟུང་བ་ནི། བླ་མ་གོང་མའི་གསུང་རྒྱུན་དང་། སྐུ་ཉིད་ཀྱི་མཛད་པའི་རྣམ་ཐར་ལས་ཀྱང་གསལ་པོར་རྟོགས་ནུས་ལ། ཁྱད་པར་དུ་དུས་རབས་ཉེར་གཅིག་པའི་དུས་ཀྱི་འགྱུར་ལྡོག ཡུལ་དུས་ཀྱི་གནས་སྟངས། འཕྲུལ་ཆས་ཀྱི་ཡར་རྒྱས། མ་འོངས་དགེ་འདུན་པའི་ཞལ་གྲངས། བསྟན་པའི་གནས་ཚད་སོགས་འབྱུང་འགྱུར་ཇི་འོང་ཕལ་ཆེར་མངོན་སུམ་དུ་མཁྱེན་པའི་མངོན་རྟགས་ཚད་མ་ནི། ད་ལྟ་རང་རེ་ཚོས་མངོན་སུམ་ཉམས་སུ་མྱོང་བཞིན་པའི་འབྲས་རྟགས་ཡང་དག་གིས་རྟོགས་ནུས་ཤིང་། གཞན་དུས་སྐབས་དེ་དང་དེའི་ཚེ་རིན་པོ་ཆེ་རང་ཉིད་ཀྱིས་དཔལ་འབྱོར་དང་། ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་བསྟུན་ནས་ཐོག་མར་གནས་སྐབས་ཉེར་མཁོའི་རྐང་འཁོར་དང་། རྗེས་སུ་སྣུམ་འཁོར་སོགས་རིམ་པས་ཐུགས་བཞེས་གནང་བ་ནི་ཀུན་ཀྱི་མཐུན་སྣང་དུ་གྱུར། དེ་བཞིན་སྐབས་དེ་དུས་རང་གཞན་ཚང་མ་གློག་བརྙན་ལ་ཧ་ཅང་སྤྲོ་བ་ཆེ་བས་གྲྭ་བཙུན་ལོ་ན་ཆུང་བ་གཙོ་བོར་གྱུར་པའི་སློབ་ཕྲུག་རྣམས་ཀྱི་ཆེད། གཟུགས་མཐོང་བརྙན་ཕྲིན་དང་རྩེད་མོའི་རིགས་སོགས་གང་དགོས་ཐབས་ཤེས་གནང་སྟེ་ཐམས་ཅད་ཀྱི་རེ་དོན་བསྒྲུབས་པ་སོགས། ཕ་མ་ལས་ལྷག་པའི་བརྩེ་གདུང་ཆེན་པོས་བྱམས་བརྩེས་གཟིགས་ཞིབ་གནང་བ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་དངོས་གཞིའི་ཉམས་ལེན་དང་འབྲེལ་བ་ནི་སྨོས་མ་དགོས་ཤིང་། འཇིག་རྟེན་མཐུན་སྣང་དུ་བླ་མ་ཞིག་གི་མཚན་གནས་ལས་མི་མངོན་ནའང་། དོན་ལ་ནི། ལ་ལའི་ཕ་མ་ལ་ལའི་སློབ་དཔོན་དང་། །ལ་ལའི་སྨན་པ་ལ་ལའི་དགེ་རྒན་མཛད། །ལ་ལའི་གྲོགས་དང་ལ་ལའི་སློབ་སྟོན་པ། །ལ་ལའི་བཤེས་གཉེན་ལ་ལའི་དཔོན་ལྟ་བུ། །ཀུན་ཀྱི་བླ་མ་འདི་ཕྱིའི་རེ་ལྟོས་ཀུན། །གང་དགོས་སྣ་ཚོགས་ཐབས་ཀྱིས་བསྒྲུབས་པར་མཛད། །ཕྱི་ནང་བར་གསུམ་མཐོ་དམན་ལས་རིམ་རྣམས། །སྐུ་ཉིད་རང་ནས་ཇི་དགོས་ཡོངས་རྫོགས་བསྒྲུབས། །ཁྱད་པར་རྒྱ་བོད་དཔོན་དང་ལས་བྱེད་ཀུན། །མཐུན་ལམ་ཆེན་པོས་ཀུན་ཀྱི་གྲོགས་སུ་བསྟེན། །ཐུགས་བརྩེ་ཁྱད་མེད་ས་གནས་མི་མང་བཅས། །ཉེར་འཚོ་དགོས་མཁོ་རང་ནུས་ཐབས་ཀྱིས་བསྒྲུབས། །མ་འདྲིས་ཀུན་ཀྱི་མཛའ་བཤེས་ཆེན་པོར་གྱུར། །འདི་དག་མཛད་ཕྱོགས་དཀྱུས་མ་དེ་བཞིན་དུ། །ཐུགས་ཀྱི་དགའ་ཕྱོགས་གཞན་ཕན་འདི་དག་གོ།
རྩོམ་སྒྲིག་པ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལོ་རྒྱུས་ཁྲོད་༸སྐྱབས་རྗེ་རིན་པོ་ཆེ་ནི་དུས་རབས་འདིའི་ནང་དམིགས་བསལ་གྱི་མི་སྣ་ཞིག་ཆགས་ཡོད། མཁན་ཆེན་མཆོག་གིས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མཛད་ཕྲིན་ཁྲོད་དུ་མཆོག་དམན་ཡོངས་ལ་སྨན་པའི་བསླབ་བྱ་གལ་ཆེན་དེ་འདྲ་གཟིགས་ཡོད་དམ། ༸སྐྱབས་རྗེ་རིན་པོ་ཆེའི་སྐུ་དངོས་ཀྱི་མཛད་པ་དང་སྦྱར་ཏེ་ལྷུག་པོར་གསུང་རོགས།
མཁན་ཆེན། སྤྱིར་དུས་རབས་ཉེར་གཅིག་པའི་ནང་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་ཆེན་དམ་པ་དུ་མ་ཞིག་བྱུང་ཡོད་ཀྱང་། ཁྱད་པར་དུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་སངས་རྒྱས་བསྟན་པའི་མེ་རོ་གཞི་མེད་ནས་སླར་གསོ་བར་མཛད་ཅིང་། འཛིན་སྐྱོང་སྤེལ་གསུམ་གྱི་ཟླ་དང་བྲལ་བ། དུས་རབས་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རླབས་ཆེན་མཛད་པའི་ཧ་ཅང་ངོ་མཚར་ཆེ་སའི་སྐྱེས་བུ་དམ་པ་ཞིག་གི་མཛད་ཕྲིན་ཁྱད་པར་དུ་འཕགས་པ་ཞིག་བྱུང་ཡོད། རྒྱུན་དུ་༸སྐྱབས་རྗེ་རིན་པོ་ཆེས་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་བསླབ་བྱ་བཀའ་སློབ་གསུང་བཤད་ཚུལ་དུ་གསུངས་པའི་ནང་། “སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། ལམ་དང་ལུགས་སྲོལ་བཟང་པོ་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ལྷ་ཆོས་དང་མི་ཆོས་གཉིས་ཀའི་སྟེང་ནས་སྲོལ་བཟང་བསྟན་ཡོད་པའི་ནང་ཆོས་ཙམ་མ་ཟད། བོད་ཀྱི་སྐད་ཡིག་བརྡ་སྤྲོད་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་པའི་གནས་ལ་སྦྱང་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་བཤད་གྲྭ་བ་ཡིན་ན། དཔེ་ཆ་ལ་ཐོས་བསམ་བྱ་རྒྱུར་མཐའ་གང་ཡང་ཡོད་མ་རེད། རྒྱ་གཞུང་བོད་གཞུང་ཐམས་ཅད་ལ་གཟིགས་ཞིབ་བྱ་རྒྱུ། དེ་བཞིན་མཁས་པ་གཞན་གྱི་གཞུང་འགྲེལ་ལའང་ཞིབ་དཔྱད་དགོས་རེད། འོན་ཀྱང་རིག་པ་འཆལ་མ་སོང་བར་སྔ་འགྱུར་རང་ལུགས་ཐུན་མིན་གྱི་ལྟ་གྲུབ་ཀྱི་གནས་ལ་གོ་བ་ཕྱིན་ཅི་མ་ལོག་པར་རང་རྐང་ཚུགས་པ་ཞིག་ངེས་ཤེས་རྙེད་དགོས། དེ་མིན་མཁས་པ་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས་མགོ་སླ་པོ་དེ་འདྲས་རྒྱལ་བའི་དགོངས་པ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་དོན་ཇི་ལྟར་བཀྲལ་བ་ལྟར་གཏན་ལ་འབེབས་མ་ཐུབ་ན། ལྟ་གྲུབ་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཉེན་ཁ་ཡོད་རེད། དེ་བཞིན་དཔེ་ཆ་ཏོག་ཙམ་ཤེས་པ་ལ། ང་མཁས་པ་ཡིན་བསམས་ནས་ང་རྒྱལ་མ་བྱེད། མཁས་པ་ཟེར་ཡ་དེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་སྦྱང་དགོས་པས་མཁས་པ་གང་ཡང་མ་རེད།” བཀའ་སློབ་གཞན་གསུངས་གནང་བ་ལས། “ངས་བཤད་གྲྭ་གཅིག་པུ་འདི་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་པར་ཡུན་དུ་གནས་པ་དང་། བྱེ་བྲག་ཏུ་སྔ་འགྱུར་རང་ལུགས་ཐུན་མོང་མ་ཡིན་པའི་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ། ལྟ་གྲུབ་ཀྱི་གནད་རྣམས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་དགོངས་འགྲེལ་དང་། བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་གཞུང་འགྲེལ་གྱི་དགོངས་དོན་གསལ་པོར་རྟོགས་ཐུབ་པ་སོགས་ཀྱི་རེ་བ་ཡོད། གཞུང་དཔེ་ཆ་ལ་ཐོས་བསམ་བྱས་པའི་སྙིང་དོན་མཐར་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་གཉེན་པོར་འགྲོ་ནུས་པ་ཞིག་ངེས་པར་བྱེད་དགོས། དེས་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་བླང་རྒྱུ་དེ་གལ་ཆེན་པོ་རེད། རྩ་བ་ངོ་མ་དེ་གཞུང་ནས་བཤད་པ་བཞིན། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རང་གཞན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཐུབ་པ་བྱ་རྒྱུ་ཡིན་”ཅེས་སོགས་གསུངས་སོ།།
རྩོམ་སྒྲིག་པ། གོང་དུ་བཀའ་འདྲི་ཞུས་པ་རྣམས་ཀྱི་ནང་མ་འཐུས་ས་དང་། ༸སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་གྱི་ནང་དུ་མི་གསལ་བའི་བརྗོད་བྱ་གལ་ཆེན་དེ་འདྲ་ཡོད་ན། འདི་ནས་ལྷུག་པོར་གསུང་རོགས།
མཁན་ཆེན། འདི་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་དྲན་གྱི་མི་འདུག འོན་ཀྱང་སྤྱིར་བླ་མ་སྐྱེས་བུ་དམ་པ་རྣམས་དང་ཁྱད་པར་དུ་རང་གི་རྩ་བའི་བླ་མའི་ཡོན་ཏན་བརྗོད་པ་ནི། རང་གཞན་བསོད་ནམས་གསོག་པའི་རྒྱུ་རུ་འགྲོ་ཞིང་། དམིགས་བསལ་དུ་གསང་སྔགས་ཕྱི་ནང་གི་གཞུང་སྤྱི་ནས་གསང་སྔགས་རྡོ་རྗེ་ཐེག་པ་ནི་དག་སྣང་དང་མོས་པ་ལམ་བྱེད་གཙོ་བོར་གསུངས་པ་དང་། ཁྱད་པར་དུ་ཡང་གསང་རྫོགས་པ་ཆེན་པོ་འདི་ཉིད་ཀྱི་སྐབས་སུ་རང་གི་རྩ་བའི་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཚད་ལྡན་ཡོད་ན་བྱིན་རླབས་ཚད་ལྡན་འཇུག་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མེད་ཅེས་བླ་མ་བཀའ་དྲིན་ཅན་གྱི་ཞལ་ལས་དངོས་སུ་ཡང་ཡང་ཐོས་པས་བླ་མའི་ཡོན་ཏན་ཐུན་མིན་ཁྱད་པར་ཅན་ཅུང་ཟད་ཞུ་རྒྱུ་བྱུང་ན་བསམས་པ་ལས། གཞན་དུ་ན་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་སྤངས་རྟོགས་ཡོན་ཏན་རྣམས་ལོང་བའི་མདུན་དུ་མཚན་དཔེས་བརྒྱན་པའི་དེ་བཞིན་གཤེགས་པ་དངོས་སུ་བཞུགས་ཀྱང་མཇལ་བའི་སྐལ་བ་དབེན་པ་བཞིན། བདག་འདྲ་གང་ཟག་ཐ་མལ་པས་༸སྐྱབས་རྗེ་རིན་པོ་ཆེའི་ཐུན་མིན་གསང་བའི་ཡོན་ཏན་རྣམས་ཇི་ལྟར་ཤེས་ནུས་ཏེ། དཔེར་ན་སོ་སྐྱེ་བྱང་སེམས་ཀྱིས་བྱང་སེམས་འཕགས་པའི་སྤང་རྟོགས་ཀྱི་ཡོན་ཏན་རྣམས་རྟོགས་པར་མི་ནུས་པ་བཞིན་ནོ། །འོན་ཀྱང་བླ་མ་དགེ་བའི་བཤེས་གཉེན་གྱི་ཞལ་ལས་ཐོས་པ་དང་རྗེས་སུ་མཐུན་པར་རང་གི་དད་པ་དང་མོས་གུས་ཀྱིས་༸སྐྱབས་རྗེ་རིན་པོ་ཆེའི་ཐུན་མིན་གྱི་ཡོན་ཏན་མཚོན་ཙམ་ཞིག་ཞུ་བ་ལ། དེ་ལ་གསང་དགོས་པའི་སྐབས་དང་བཤད་དགོས་པའི་སྐབས་གཉིས་ཕྱེ་ན་ལེགས་ཆེ་བས། བླ་མ་སྐུ་བཞུགས་པའི་སྐབས་ཐུན་མིན་ཁྱད་པར་གྱི་ཡོན་ཏན་མ་གསངས་ན་གསང་བ་བསྒྲགས་པའི་ཉེས་པ་དང་བར་ཆད་དུ་འགྱུར་ཡང་སྲིད། གང་ལ་ཞེ་ན། སྣོད་མིན་སྐལ་བ་དམན་པ་དག་གིས་ཐོས་ན་རྨོངས་པ་ང་རྒྱལ་ཅན་ཆགས་སྡང་དབང་གིས་ཕྱིན་ཅི་ལོག་ཏུ་གོ་ནས། ལོག་ལྟས་རྒྱུད་བསྒྲིབས་ཏེ་ཉེས་པ་ཚབས་ཆེན་གསོག་པའི་རྒྱུ་རུ་འགྲོ་བའང་སྲིད་པས་སོ། །དཔེར་ན། སྔར་མུ་སྟེགས་བྱེད་སོགས་སྟོན་པའི་ཡོན་ཏན་དང་རྫུ་འཕྲུལ་ལ་ཕྲག་དོག་གིས་མ་བཟོད་ནས་སྐུར་བ་བཏབ་པ་མ་ཟད། གནོད་འཚེ་མང་དུ་བྱས་ཀྱང་རང་ཉིད་ལས་ངན་བསགས་པས་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། དེ་བཞིན་ཨོ་རྒྱན་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་མཐུ་སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པ་དང་། གསང་སྔགས་རྫོགས་པ་ཆེན་པོའི་ཆོས་སྒོ་རྒྱ་ཆེར་སྤེལ་བ་ལ་ལས་སྨོན་ལོག་པའི་བསོད་ནམས་དམན་པ་འགས་རང་རྒྱུད་ལོག་ལྟས་རྒྱུད་བསླད་ནས་སྐུར་འདེབས་སྣ་ཚོགས་བྱས་པ་སོགས་སྔར་གྱི་ལོ་རྒྱུས་ལས་ཤེས་སོ། །དེས་ན་གསང་སྔགས་ཀྱི་བླ་མའི་ལྟ་སྤྱོད་ཟབ་མོ་དང་གསང་བ་ཟབ་མོའི་ཆོས་རྣམས་ངེས་པར་གསང་དགོས་པ་དེ་ལྟར་ཡིན་པས་སོ། །འོན་ཀྱང་བླ་མ་ཞིང་ལ་ཕེབས་པའི་རྗེས་སུ་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་པ་ཕྲིན་ལས་རྣམས་ཀུན་ཀྱི་མཐོང་ཆོས་སུ་གྱུར་པ་དང་། བླ་མའི་བཀའ་དྲིན་དྲན་པའི་ཆེད་བླ་མའི་ངོ་མཚར་ཆེ་བའི་ཡོན་ཏན་རྣམས་བརྗོད་ན་རང་གཞན་གཉིས་ཀའི་བསོད་ནམས་གསོག་པའི་གཞིར་འགྱུར་ཞིང་། གང་ཟག་གཞན་གྱི་རྒྱུད་ལ་དད་པ་སྐྱེ་བའི་རྐྱེན་དུ་འགྱུར་ཡང་སྲིད་སྙམ་ནས་༸སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་ཐུན་མིན་དང་འབྲེལ་ནས་མཚོན་ཙམ་ཞུས་ན། ༸སྐྱབས་རྗེ་རིན་པོ་ཆེ་ཉིད་སྐུ་ཆུང་དུས་ནས་གྲུབ་རྟགས་དུ་མ་བསྟན་པའི་རྣམ་ཐར་བླ་མ་དགེ་བའི་བཤེས་གཉེན་གཞན་གྱི་ཞལ་ལས་ཐོས་པ་དང་བཅས་བཀོད་ན། སྐབས་ཤིག་ཕྱག་གི་རྡོ་རྗེ་ཆག་ནས་དུམ་བུ་གཉིས་སུ་སོང་བ་ལྗགས་ཀྱི་མཆིལ་མས་སྔར་བཞིན་སྦྱར་སོང་བ་དང་། གསོལ་ཇའི་ཞལ་དཀར་ཁང་སྟེང་ནས་འོག་གཞི་རྡོ་ཅལ་སྟེང་ལྷུང་བ་ཞལ་དཀར་ཆག་སྐྱོན་མེད་པ་མ་ཟད་གསོལ་ཇ་ཡང་སྔར་བཞིན་ཡོད་པ་དང་། དེ་བཞིན་སྐུ་མཚམས་ལ་བཞུགས་སྐབས་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཀྲ་ལམ་མེར་མངོན་སུམ་དུ་མཇལ་སྐབས་དེ་ལ་རེ་དོགས་ཆགས་ཞེན་གང་ཡང་མ་བྱས་ཞེས་གསུངས་གནང་བ་དང་། དེ་བཞིན་༸སྐྱབས་རྗེ་རིན་པོ་ཆེ་དང་འབྲེལ་བར་གྱུར་པའི་སེམས་ཅན་དེ་དག་གི་རྣམ་ཤེས་སྲིད་པ་བར་དོ་རུ་འཁྱམས་པ་དེ་ཀ་དག་ཆོས་སྐུའི་ཀློང་དུ་དགོངས་པ་བསྲེས་ཏེ་མཉམ་པར་བཞག་དུས། ཕལ་ཆེར་ཡར་གྲོལ་འགྲོ་བ་ལས་མར་འཁོར་བར་མི་འཁྱམས་པ་དང་། འོན་ཀྱང་སེམས་ཅན་འབྲེལ་ཐོགས་ཀུན་ལ་དེ་ལྟར་ངེས་པའང་མི་འདུག་ཅེས་གསུངས་གནང་བ་སོགས་དང་། གཞན་༸སྐྱབས་རྗེ་རིན་པོ་ཆེ་ཨ་རིར་བཞུགས་སྐབས་ཀེ་ན་ཌ་རུ་དད་ལྡན་བོད་རིགས་བུད་མེད་ཅིག་ཚེ་ལས་འདས་པ་ན་༸སྐྱབས་རྗེ་རིན་པོ་ཆེར་འཕོ་བ་རྒྱང་འཕོ་ཞུས་པས། སྐབས་དེར་གཤིན་པོ་དེའི་སྤྱི་གཙུག་གི་སྐྲ་ཚོམ་བུ་ཚོམ་བུ་བྱིལ་ནས་ལྷུང་བས་འཕོ་རྟགས་ནང་མི་ཁྱིམ་མཚེས་ཚང་མར་མངོན་སུམ་དུ་གྱུར་པ་སོགས་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་ཆོས་སྣ་ཚོགས་བྱུང་བ་མདོ་ཙམ་ཞིག་ཞུས་པའོ།།
རྩོམ་སྒྲིག་པ། ༸སྐྱབས་རྗེ་རིན་པོ་ཆེའི་ཐུགས་བསྐྱེད་འོག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་འདི་ཉིད་ཐོག་མར་ཇི་ལྟར་དབུ་བརྙེས་ཚུལ་དང་། རིག་མཛོད་རྩོམ་སྒྲིག་ཁང་གི་ད་ལྟའི་ལས་ཀ་ལས་ཕྱོགས་སྐོར་ལ་མཁན་ཆེན་ལ་དགོངས་ཚུལ་དམིགས་བསལ་ཇི་ཡོད་གསུང་རོགས།
མཁན་ཆེན། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་འདི་ཉིད་ཐོག་མར་དབུ་བརྙེས་ཚུལ་ནི། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སྐབས་དེར་བཀའ་སློབ་ཕེབས་གསལ་ལ། དེང་དུས་དང་མཐུན་པར་དུས་དེབ་ཅིག་གསར་དུ་རྩོམ་སྒྲིག་གིས་ལོ་ལྟར་འགྲེམས་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་བཀའ་བསྩལ་གནང་བ་བཞིན། སྐབས་དེའི་བཤད་གྲྭའི་རྒྱུན་ལས་རྣམས་གྲོས་མོལ་གྱིས་རྩོམ་སྒྲིག་ཁང་གི་མིང་དུ་སྔ་འགྱུར་འོད་གསལ་ཞེས་བཏགས་ནས། དུས་དེབ་ཐེངས་དང་པོ་པར་སྐྲུན་ཞུས་པ་རེད། འོན་ཀྱང་སྔ་འགྱུར་འོད་གསལ་ཞེས་པ་དུས་དེབ་དང་པོའི་མིང་དུ་གྱུར་སོང་བས་དེས་ན་སླར་ཡང་མཁན་པོ་རྣམ་པས་དབུས་རྒྱུན་ལས་ཚང་འཛོམས་ཐོག་རྩོམ་སྒྲིག་ཁང་གི་མིང་གསར་པ་སྔ་འགྱུར་རིག་མཛོད་སོགས་ཁག་གསུམ་ཙམ་དཔེ་མཚོན་༸སྐྱབས་རྗེ་རིན་པོ་ཆེར་སྙན་སེང་ཞུས་པ་ལྟར། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རིག་མཛོད་ཅེས་ཐུགས་ཐག་བཅད་གནང་བ་ལྟར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་དུས་དེབ་རྣམས་རིམ་པས་པར་སྐྲུན་ཞུས་པ་རེད།
དུས་དེབ་ནང་འབྲི་རྩོམ་བྱ་རྒྱུའི་བརྗོད་བྱ་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་གཞི་གཙོ་བོ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མཆོག་གི་སྤྲུལ་སྐུའི་མཛད་པའི་རྣམ་ཐར་ཁ་གསལ་གོ་བདེ་དང་། ནང་ཆོས་ཀྱི་སྙིང་དོན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཚད་མེད་བཞི། སྐྱབས་འགྲོ་དང་སྐྱབས་འགྲོའི་བསླབ་བྱ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི། བདེན་བཞི་བླང་དོར་གྱི་གནད་སོགས་བདེ་བླག་ཏུ་རྟོགས་པའི་ཐབས་དང་། དེ་བཞིན་བོད་གངས་ཅན་ལྗོངས་འདིར་རྒྱལ་བསྟན་རིན་པོ་ཆེ་ཉི་མ་ཤར་བ་བཞིན་དར་ཁྱབ་བྱུང་བ་དང་། མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་ད་ལྟའི་བར་གནས་ཐུབ་པ་ནི་གཙོ་བོ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ཡིན་པ་དང་། ཁྱད་པར་དུ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཐར་དང་། ཁོང་གི་མཐུ་སྟོབས་ནུས་པ་དང་། ཐུགས་རྗེ་ཕྲིན་ལས་ཀྱིས་བོད་འབངས་བསྟན་འགྲོའི་དོན་དུ་གསང་སྔགས་ཀྱི་ཐེག་པ་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་སྒོ་དཔག་ཏུ་མེད་པའི་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ་མ་ཟད། མ་འོངས་སྙིགས་ལྔའི་གདུལ་བྱར་དགོངས་ནས་གཏེར་ཁ་སྣ་ཚོགས་སྦས་པར་མཛད་པ་དང་། དེ་བཞིན་སྔ་འགྱུར་རྙིང་མའི་མ་དགོན་ཆེན་པོ་དྲུག་གི་ཡ་རྒྱལ་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་རིམ་བྱོན་བཞིན་འབྲི་རྩོམ་གྱིས་ཡི་གེ་འབྲི་ཀློག་ཤེས་ཙམ་གྱི་བྱིས་པ་ནས། མཁས་པ་པཎྜི་ཏའི་བར་ཐམས་ཅད་ཀྱིས་ལེགས་པར་ཤེས་རྟོགས་འོང་བའི་ཆེད་སྙན་ངག་གི་གབ་ཚིག་སོགས་ཀྱི་སྤྲོས་པ་སྤངས་ཏེ་རང་གཞན་ཐམས་ཅད་ཀྱིས་ཀློག་བདེ་གོ་བདེའི་འབྲི་རྩོམ་སོགས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་རིམ་པས་པར་བསྐྲུན་གྱིས་འགྲེམས་སྤེལ་ཐུབ་པ་བྱུང་ན། མང་ཚོགས་ནང་ཆོས་དང་རིག་གཞུང་གང་ཅིའི་ཐད་ཤེས་ཚད་གོང་འཕེལ་ཡོང་བའི་རེ་བ་སོགས་ལ་དམིགས་ནས་དུས་དེབ་པར་སྐྲུན་ཐོག་མར་དབུ་ཚུགས་པ་རེད། དེ་ནས་ད་ལྟའི་བར་བཤད་གྲྭའི་འཛིན་སྐྱོང་འོག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ལས་བྱེད་རྣམས་ནས་ལྷག་བསམ་ལྷོད་མེད་ཀྱིས་དུས་དེབ་པདྨའི་རང་མདངས། དཔལ་ཡུལ་དུས་བབ། (PALYUL TIMES) དཔེ་དེབ་གཞན་ཁག་བཅས་ལོ་ལྟར་པར་སྐྲུན་གནང་སྟེ་༸སྐྱབས་རྗེ་རིན་པོ་ཆེའི་ཐུགས་ཀྱི་དགོངས་གཞི་ལྟར་གྲུབ་འབྲས་ལེགས་ཐོན་བྱུང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། མ་འོངས་པར་ཡང་རྣམ་ཐར་ལོ་རྒྱུས་སྔར་མ་འཁོད་པ་དང་། གཞུང་གི་བརྗོད་བྱ་དཔེ་དེབ་གཞན་ལ་མ་འཁོད་པའམ་གསལ་ཁ་མེད་པའི་རིགས་རྣམས་ཀྱང་རིམ་པར་ཞིབ་དཔྱད་ཀྱིས་དེང་དུས་ཀྱི་ཤེས་ཚད་དང་བསམ་ཚུལ་མཐུན་པར་ཕྱོགས་སྒྲིག་གམ་འབྲི་རྩོམ་ཐུབ་ན་རང་གཞན་ཚང་མར་བློ་སྐྱེད་གསར་པ་དང་། ཤེས་ཚད་གོང་འཕེལ་ཐོག་བློ་སེམས་ཆོས་ཕྱོགས་སུ་བཀོལ་ཐུབ་པ་སོགས་དགེ་ཕན་ཆེ་བར་སེམས། དེས་ན་རྩོམ་སྒྲིག་ལས་བྱེད་ཡོངས་ནས་སྔར་བཞིན་མཁས་དབང་རྣམས་དང་། དགེ་སློབ་སུ་ཡིན་རུང་སྙན་རྩོམ་ལ་མོས་བློ་ཡོད་རིགས་ནས་ཇི་ལྟར་རེ་སྐུལ་ཞུས་པ་བཞིན་རྩོམ་ཤོག་བྱུང་བ་རྣམས་རིམ་པས་ཞིབ་དཔྱད་ཀྱིས་བརྗོད་བྱ་སོགས་ཚད་ལོན་རིགས་དུས་དེབ་ནང་པར་སྐྲུན་ཐུབ་ན་ལེགས་བསམ་པ་བྱུང་བས་དེ་དོན་བཞིན་དགོངས་བཞེས་མཛད་རོགས་ཞུ།
ད་ལམ་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་གུས་པར་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་རྣམ་ཐར་ལོ་རྒྱུས་དང་འབྲེལ་ནས་བཅར་འདྲི་འགའ་ཤས་གནང་བར་གུས་པ་རང་ངོས་ཀྱི་མྱོང་ཚུལ་དང་ཤེས་རྟོགས་ཐུབ་པའི་རིགས་ཅུང་ཟད་ཞུ་རྒྱུའི་གོ་སྐབས་བྱུང་བར་རྩོམ་སྒྲིག་ལས་མི་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། མཐའ་དོན་དུ། མཁན་ཆེན་མཆོག་ནས་གསེར་ལས་དཀོན་པའི་དུས་ཚོད་བཀོལ་ནས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་རྗེས་འཇུག་སློབ་འབངས་སྤྱི་ལ་དགོངས་ཏེ་བཅར་འདྲི་ཞུས་པ་ལྟར་ཞལ་བཞེས་ཀྱིས་བཀའ་ལན་སུག་བྲིས་གནང་བར་ངེད་རྩོམ་སྒྲིག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་མཁན་ཆེན་གང་ཉིད་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་ཞུ་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།