སྔ་འགྱུར་ལ་སྨན་པའི་དབུས་གཙང་སྐྱེས་ཆེན།

བཤད་སྒྲུབ་ཉིན་བྱེད། འཛིན་རིམ་དྲུག་པ།


སྔ་འགྱུར་ལག་པ་འཇུ་སའི་སྣ་ལུང་འདྲ་པོ།།
འོད་གསལ་ཞིང་ལ་འགྲོ་སའི་སྐས་འཛེག་ལྟ་བུ།།
སེམས་ཀློང་སྡེ་པ་གཉིས་ཀྱི་ཟམ་ཆེན་སྐྲུན་མཁན།།
བཻ་རོ་ཙ་ན་ཞེས་པ་དབུས་གཙང་སྐྱེས་ཆེན།།
གཉིད་དང་རྨི་ལམ་ནང་ནས་ལྷ་ཞལ་རྒྱུན་མཇལ།།
རྙིང་མའི་མན་ངག་མང་པོ་ཐུག་པ་འཐུང་འཐུང་།།
ཆོས་སྐུའི་གཟིགས་སྟངས་ངང་ནས་དབྱིངས་སུ་གཟིམས་པ།།
ཀུ་མཱར་རཱ་ཛ་དེ་ཡང་དབུས་གཙང་སྐྱེས་ཆེན།།
ད་ལྟ་གདན་སའི་ཁྲོད་ན་མེད་ན་དབུལ་བའི།།
བསྟན་པ་ལེགས་ཉེས་འབྱེད་སའི་ཁུངས་གཏུག་ལྟ་བུ།།
རིན་ཆེན་མཛོད་བདུན་ལ་སོགས་ཐང་མར་འགྲེམས་པོ།།
ཀློང་ཆེན་རབ་འབྱམས་ཞེས་པ་དབུས་གཙང་སྐྱེས་ཆེན།།
མཁས་གྲུབ་ཉི་ཟླའི་ཀློང་ནས་མཁས་པ་མཁས་ཤོས།།
སྐྱེས་ཆེན་རྒྱུ་སྐར་ཁྲོད་ནས་ཐོས་པ་ཆེ་ཤོས།།
མཚན་ཡང་པཎྜི་ཏ་ཞེས་གྲགས་པ་དོན་གནས།།
ཀུན་མཁྱེན་རོང་ཟོམ་ཆོས་བཟང་དབུས་གཙང་སྐྱེས་ཆེན།།
ལུང་སྟོང་ར་མ་བརྐུས་པའི་ཞྭ་ནག་གྱོན་པ།།
ལྕགས་ཀྱི་ཐོ་བས་དེད་དེ་འབྲོས་དགོས་བྱུང་བ།།
མདོ་སྒྱུ་སེམས་གསུམ་བཅས་པ་ཕྲག་ལ་འབབ་ས།།
གཉགས་ཛྙཱའི་མཚན་ཅན་དེ་ཡང་དབུས་གཙང་སྐྱེས་ཆེན།།
བྲག་ལ་ཐལ་ལེར་གཤེགས་པ་རྣམ་ཐར་ཆུང་ཆུང་།།
ཆུ་ལ་ནུབ་མེད་གཤེགས་པ་མཛད་པ་བན་བུན།།
བར་དུ་རྙིང་བསྟན་བསྐྱངས་པའི་མཛད་ཆེས་ཅན་པ།།
སངས་རྒྱས་ཡེ་ཤེས་ཞབས་ཀྱང་དབུས་གཙང་སྐྱེས་ཆེན།།
ཁྱུང་པོ་དགེ་བཤེས་སོགས་ལ་ངོ་ཚ་བྱིན་ཏེ།།
སྔ་འགྱུར་རྒྱལ་བའི་བསྟན་ལ་སྒུར་དུ་བཅུག་པ།།
ཐུལ་པ་ཕྱི་ནང་འཛོལ་བ་དབྱར་དགུན་ནབ་མཁན།།
ཟུར་ཆུང་ཤེས་རབ་གྲགས་པ་དབུས་གཙང་སྐྱེས་ཆེན།།
བསྟན་འཛིན་གཡག་ལུག་བཞིན་དུ་ཆམ་ལ་འབེབས་དུས།།
རྙིང་བསྟན་མེ་སྟག་ལྟར་དུ་ཡལ་ལ་ཁད་དུས།།
མདོ་སྒྱུ་སེམས་གསུམ་བཅས་པའི་མེ་རོ་གསོ་མཁན།།
ལོ་ཆེན་དྷརྨ་ཤྲཱི་དབུས་གཙང་སྐྱེས་ཆེན།།
སྔགས་བཙུན་ཅོ་བྲེགས་ཤིག་གི་མདོག་ལས་མེད་ཀྱང་།།
གཏེར་གྱི་རྒྱ་སྒོ་ཆེན་པོ་ཐོག་མར་ཕྱེ་ཡོད།།
སྒང་པ་མུན་པའི་གླིང་གི་སྒྲོན་མེ་འོད་ཆེན།།
གཏེར་སྟོན་སངས་རྒྱས་བླ་མ་དབུས་གཙང་སྐྱེས་ཆེན།།
མཛངས་མའི་མཚན་ཉིད་འཇོག་སའི་ལྷན་པ་ལྟ་བུ།།
བུ་མོའི་དཔའ་དར་འཕྱར་ཆེད་ལག་གདན་འདྲ་པོ།།
དམན་པ་བུད་མེད་ལུས་ནས་གྲུབ་པ་བརྙེས་པའི།།
ཇོ་མོ་སྨན་མོ་དེ་ཡང་དབུས་གཙང་སྐྱེས་ཆེན།།
ཡར་ལུང་ཤེལ་བྲག་རྒྱབ་ཀྱི་ཕུག་པ་ཞིག་ནས།།
གཏེར་གྱི་རྫས་ཆ་མང་པོ་ལུད་བཞིན་བཏོན་ཏེ།།
རྙིང་བསྟན་གཟིམས་ལ་ཉེ་བའི་མེ་རོ་གསོས་པ།།
ཨོ་རྒྱན་གླིང་པ་ཞེས་པ་དབུས་གཙང་སྐྱེས་ཆེན།།
གཏེར་ལ་བྱང་ཆ་ལྡན་པས་ཕར་བླུག་ཚུར་བཏོན།།
ཁྱད་པར་བྱང་གཏེར་བསྟན་པའི་དཔའ་དར་འཕྱར་བ།།
གཙུག་ན་རྒོད་སྒྲོ་ལྡེམ་པའི་རླབས་ཆེན་གང་ཟག།
རིག་འཛིན་རྒོད་ལྡེམ་དེ་ཡང་དབུས་གཙང་སྐྱེས་ཆེན།།
བཀའ་རྒྱ་དམ་རང་དྲགས་པའི་གསང་སྔགས་ནང་རྒྱུད།།
ལུང་ཐག་ཆད་ལ་ཉེ་བར་སྤྱན་རས་གཡོས་རྐྱེན།།
དེང་སང་ཟ་འཐུང་བཞིན་དུ་ཐུགས་རྗེ་སྩོལ་པོ།།
རཏྣ་གླིང་པ་སོགས་ཀྱང་དབུས་གཙང་སྐྱེས་ཆེན།།
ཆུ་ལ་ཉ་བཞིན་བྲག་རིར་ཟང་ཐལ་གཤེགས་མཁན།།
ས་མཆོང་གནམ་མཆོང་ལྟ་བུའི་རྫུ་འཕྲུལ་ཡོད་མཁན།།
གྲུབ་པའི་རྒྱལ་སར་གཤེགས་པའི་དཔའ་བརྟུལ་ཚོགས་པ།།
རྗེ་འབངས་ཉེར་ལྔ་སོགས་ཀྱང་དབུས་གཙང་སྐྱེས་ཆེན།།
བོད་ཡིག་ཁོ་ནས་ཆོག་པའི་མགོ་མཁྲེགས་གླེན་པ།།
གཞན་སྐད་ཐན་ཏུ་མཐོང་བའི་གྲོང་གསེབ་བུ་ཆུང་།།
སྤྱོད་པ་ཀྱོག་ཀྱོག་ཡིན་པའི་གཉའ་རེངས་བདག་ཀྱང་།།
དབུས་གཙང་སྐྱེས་ཆེན་ཡིན་ལོ་ཧ་ཧ་ཧ་ཧ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།