pecha

སུམ་རྟགས་ཀྱི་བྱུང་རིམ་མདོ་ཙམ་གླེང་བ།

ངག་དབང་མཐུ་སྟོབས། འཛིན་རིམ་ལྔ་པ།

སྔོན་གླེང་གི་ཚུལ་དུ་སྐད་ཡིག་སྤྱིའི་བྱུང་འཕེལ་ཟུར་ཙམ་གླེང་བ།

སྤྱིར་ས་ཆེན་པོའི་དཀྱིལ་འཁོར་འདིར་དབུགས་ལྡན་སྐྱེ་འགྲོ་གྲངས་ཀྱིས་མི་ལོངས་པ་ཞིག་རིམ་གྱིས་འཕེལ་ཞིང་། ཡུན་གྱིས་སྐྱེ་གནས་འཇིག་གསུམ་གྱི་ངང་ནས་དུས་ཚོད་ངེས་ཅན་ཞིག་འདས་ཟིན་ལ། དེ་ལས་མིའི་འགྲོ་བའང་རིམ་གྱིས་འཕེལ་ཞིང་བསམ་བློའི་རླབས་རྒྱུན་གྱི་འཕེལ་ཤུགས་དང་ཕྱི་སྣོད་རང་བྱུང་གི་འཇིག་རྟེན་འགྱུར་འགྲོས་ཁྲོད་ཡུན་གྱིས་སྨྲ་ཤེས་པ་དང་དོན་གོ་བར་གྱུར་ཅིང་། གོག་ནས་འགྲོ་བ་ལ་རིམ་པས་མགོ་གནམ་ལ་བསྟན་ཏེ་འགྲེངས་ནས་འགྲོ་ཐུབ་མཁན་དུ་ཆགས་པའོ།།

རིམ་པས་འཚོ་གནས་དང་འཚོ་བའི་ཡོ་བྱད་ལ་གཙིགས་སུ་བཟུང་སྟེ་གསར་དུ་སྤེལ་བར་བགྱི་བའི་རྩོལ་སྒྲུབ་ལ་ཆེས་ཆེེར་བརྩོན་པས། ཕྱི་དངོས་པོའི་དཔལ་ཡོན་ཇེ་མང་དང་ཇེ་ལེགས་སུ་འཕེལ་སྟབས་ལྟོས་བཅས་སུ་བརྡ་དང་ཐ་སྙད་ཀྱང་ཐུན་མིན་སྣ་ཚོགས་པ་བཀོལ་བར་བྱས། མཐར་རྒྱུན་སྤྱོད་ཀྱི་བརྡ་སྐད་ལ་གཞི་བཅོལ་ནས་ཡིག་གཟུགས་ཀྱང་གསར་དུ་བཟོ་བར་བརྩོན་པས་འཛམ་གླིང་གི་ཡི་གེའི་བྱུང་འཕེལ་གྱི་རིམ་པ་རྒྱ་ཆེར་བྱུང་ལ། ས་གནས་དང་ཡུལ་དུས་ཀྱི་དབང་གིས་མི་རིགས་སོ་སོ་ལའང་རིམ་པས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཡིག་རིགས་ཀྱང་གྲངས་མང་ཞིང་འབོར་ཆེན་པོ་ཞིག་དར་མྱོང་བ་ཡིན་ནོ།།

བོད་ཡིག་ཇི་ལྟར་བྱུང་ཚུལ་རགས་ཙམ་བརྗོད་པ།

རང་རེ་གངས་ཅན་བོད་པ་ཚང་ལའང་སྤྱིར་ཆོས་རྒྱལ་སྲོང་བཙན་ཡར་སྔོན་ལ་ཡི་གེ་ཡོད་མེད་འདོད་མཁན་གཉིས་སུ་བྱུང་ཡང་། མཁས་དབང་ཕལ་མོ་ཆེ་ཡིས་སྲོང་བཙན་ཡན་ལ་ཡི་གེ་མེད་པའི་བཞེད་པ་མགྲིན་གཅིག་ཏུ་སྨྲ་བ་དེ་ཡང་དག་པར་སྙམ་སྟེ། དུས་རབས་བདུན་པའི་སྟོད་ས་མོ་གླང་གི་ལོར། བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལ་རྒྱལ་སྲིད་གསར་དུ་སྐྱོང་དུས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་ན། མཐའ་བཞིའི་རྒྱལ་པོ་མང་པོས་འབུལ་བ་དང་འཕྲིན་ཡིག་དུ་མ་འབྱོར་ཡང་སྐབས་དེར་ཆོས་སྲིད་གང་སར་ཁྱབ་ཆེ་ཞིང་ཆ་ཡོངས་སུ་ཚང་བའི་ཡི་གེ་ཞིག་མེད་སྟབས། མཐའ་ཡི་རྒྱལ་ཁབ་ཁག་གི་སྔོན་ཐོན་ལེགས་ཆ་ལེན་པར་བོད་མི་སྤྱིའི་སྐད་དང་འཚམས་པའི་བོད་ཡིག་ཅིག་མེད་ན་འགྲིག་ཐབས་མེད་པར་དགོངས་ཏེ། རང་ཅག་བོད་ལ་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་བྱེད་མི་ཐུབ་པ་དང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་ཡང་འགྱུར་ན། ད་ནི་རྒྱལ་ཁམས་གཞན་གྱི་ཡི་གེ་ལ་རག་མ་ལས་པར། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་དམ་བཅའ་བརྟན་པོར་བཅས་སོ།། ཞེས་བོད་ལ་ཐུན་མིན་གྱི་ཡི་གེ་མེད་པ་མངོན་གསལ་དུ་བསྟན་པ་མ་ཟད། དེ་ཉིད་ཆབ་དཔལ་རིག་གསུམ་གྱི་ལང་ཚོ་རྒྱས་པའི་འགག་མདོ་ཡང་ཡིན་པར་ཆོས་རྒྱལ་རང་ཉིད་ཀྱིས་ཞལ་གྱིས་བཞེས་སོ།།

སྐབས་དེ་དུས་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ཡང་། འགལ་རྐྱེན་མང་པོ་ཞིག་གིས་དོན་མ་འགྲུབ་པས་བཙན་པོ་སྲོང་བཙན་གྱིས་ཐོན་མི་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་མི་ཐུབ་དྲིས་པ་ན། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ།། ཞེས་པ་ལྟར་ཐོན་མིས་རྒྱལ་པོའི་བཀའ་གཙུག་ཏུ་བཀུར་ཞིང་། དཀའ་བ་སྟོང་ཕྲག་ཁྱད་དུ་བསད་ནས་རྒྱ་གར་དུ་བརྟོལ། ཐོན་མི་སམ་བྷོ་ཊས་རྒྱ་གར་ཡུལ་དུ་མི་ལོ་བདུན་གྱི་རིང་ལ་རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་གྱི་ཡི་གེ་འབྲི་ཀློག་ལ་མཁས་ཤིང་ནང་བྱན་ཆུད་པར་བསླབས་རྗེས་སླར་རང་ཡུལ་ཁ་བའི་ལྗོངས་སུ་ཕྱིར་ལོག

བོད་དུ་ཕྱིར་ལོག་བྱེད་དུས་སྒྲ་རིག་པའི་བསྟན་བཅོས་སོགས་རྒྱ་དཔེ་འགའ་ཡང་ལྷན་དུ་གདན་དྲངས། བཙན་པོའི་བཀའ་དགོངས་བཞིན་བོད་རང་སྐད་ཀྱི་ཐ་སྙད་སོ་སོ་དང་། གདངས་ཀྱི་ང་རོ་རྣམས་ལ་གཞི་བཅོལ་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བཟོས་ཏེ་བོད་དུ་ཡི་གེའི་སྲོལ་ཐོག་མར་བཏོད་དོ།།

ཐོག་མར་སུམ་རྟགས་གཉིས་ཀྱི་རྩ་གཞུང་དབུ་བརྙེས་ཚུལ།

དེ་ཡང་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམ་བྷོ་ཊའམ་སློབ་དཔོན་གཉལ་བ་ཨ་ནུས་དུས་རབས་བདུན་པའི་ནང་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་མོད་ཀྱང་། ད་ལྟ་འུ་ཅག་གི་མཐོང་ཡུལ་དུ་གྱུར་པའི་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལས་གཞན་རྣམས་ནི། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས། སུམ་ཅུ་པའི་རྣམ་འགྲེལ་ལས། སྔོན་མཁན་པོ་འདིས་བོད་ཀྱི་སྐད་ལ་མཁོ་བའི་བསྟན་བཅོས་བརྒྱད་མཛད་པར་གྲགས་པ་ལས། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་དེང་སང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མི་སྣང་། ཞེས་པ་སོགས་ལོ་རྒྱུས་མང་པོའི་ནང་སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་པའི་ནང་གསེས་སུམ་རྟགས་གཉིས་པོའི་རྩ་གཞུང་འདི་ཐོག་མར་ལེགས་སྦྱར་གྱི་སྐད་ལ་བརྩམས་ཤིང་། དེ་རྗེས་བོད་སྐད་དུ་བསྒྱུར་ནས་གཏན་ལ་ཕབ་པར་བཤད་པའི་སུམ་རྟགས་ཀྱི་འགྲེལ་པ་དག་རིགས་པ་ཅན་གྱི་གསུང་དུ་སེམས་ཏེ། སུམ་རྟགས་གཉིས་ཀའི་རྩ་བར་བྱཱ་ཀ་ར་ཎ་ཞེས་པ་ལེགས་སྦྱར་གྱི་སྐད་ཚར་གཉིས་རེ་བྱུང་བ་དང་། སློབ་དཔོན་ཐོན་མི་ཉིད་ལེགས་སྦྱར་ལ་ཚད་མཐོའི་གདེང་འཇོག་ཡོད་པས་སོ། །དེ་ཡང་འགོས་པདྨ་རྒྱལ་མཚན་གྱིས། དང་པོ་བོད་སྐད་ཀྱི་བརྡ་སྤྲོད་གཏན་འབེབས་བྱེད་པའི་དུས་བོད་ཀྱི་ཡི་གེ་དང་ཡིག་གཟུགས་བརྡ་སྤྲོད་མེད་པས་ལེགས་སྦྱར་སྐད་ཐོག་ཟིན་བྲིས་བཏབ་པ་དང་རྩ་བ་བརྩམས་ནས་བོད་ཀྱི་ཡི་གེའི་གྲངས་དང་ཡིག་གཟུགས་དང་བརྡ་སྤྲོད་གཏན་འབེབས་མཛད་དུས་བརྡ་སྤྲོད་དང་པོ་ལ་བྱཱ་ཀ་ར་ཎ་མཱུལ་ཏྲ່ཤད྄་ན་མ་དང་། གཉིས་པ་ལ་བྱཱ་ཀ་ར་ཎ་ལིངྒཱཝཏཱར་ཞེས་མིང་བཏགས། དེ་རྗེས་བོད་སྐད་ཐོག་སྒྱུར་དུས་འགོར་ལེགས་སྦྱར་སྐད་ཐོག་བརྩམས་པའི་མིང་དང་བོད་སྐད་དུ་བསྒྱུར་པའི་མིང་རང་སོར་བཞག དེ་ནས་འགྱུར་ཕྱག་མཛད་པ་བཞིན་ཕྱིས་ལོ་ཙཱ་བ་ཚོས་རྒྱ་གར་ནས་བསྒྱུར་པའི་ལེགས་སྦྱར་སྐད་ཐོག་ཡོད་པའི་བཀའ་བསྟན་འགོར་ཡང་དེ་ལྟར་རྗེས་ཟློས་མཛད་པར་མངོན། ཅེས་པ་ལྟར་སློབ་དཔོན་ཐོན་མིས་བོད་ཆེན་པོའི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་གཉིས་ཀྱི་རྩ་གཞུང་དབུ་བརྙེས་པར་བྱས་སོ།།

སུམ་རྟགས་གཉིས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཕྱི་མོ་ཞིག་ཡིན་ན་ཡང་དེའི་ནང་ད་དུང་བོད་སྐད་ཀྱི་གཤིས་ལ་གྲུབ་པའི་ཚིག་ཕྲད་ཐམས་ཅད་བསྟན་མེད་ལ། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །ཞེས་གཞུང་ལས་ཨི་ལྡན་མ་གཏོགས་པའི་ཚིག་ཕྲད་གཞན་དབང་ཅན་རྣམས་ཀྱི་སྒྲའི་སྦྱོར་ཚུལ་དང་། ར་ལ་སའི་མགོ་ཅན། ཡ་ར་ལ་ཝའི་འདོགས་ཅན། ད་སའི་ཡང་འཇུག་གི་སྦྱོར་བ་སོགས་རྣམ་གཞག་མང་པོ་ཞིག་བསྟན་མེད། མ་ཟད་རྟགས་འཇུག་ཏུ་ཡང་། འདས་མ་འོངས་ད་ལྟ་བ་གསུམ་དང་བདག་གཞན་གྱི་ཐ་སྙད་ཙམ་ལས། དངོས་པོ་དང་། བྱེད་པ་པོ། བྱེད་པ། བྱེད་ལས། བྱ་ལས་སོགས་གང་ཡང་ཞིབ་ཏུ་བསྟན་མེད་དོ།།

རྒྱ་གར་མཁས་པའི་གཞུང་ལུགས་ལྟར་རྟོགས་དཀའ་ཞིང་། རྟོགས་ན་གཞུང་དོན་ཕུན་སུམ་ཚོགས་པའི་གསུང་རབ་སྤྱི་ལ་འཇུག་ན་ཡང་གསལ་བྱེད་ཀྱི་མིག་ལྟ་བུར་གྱུར་པའི་སུམ་རྟགས་གཉིས་ཀྱི་གཞུང་འདི་ཉིད་སློབ་དཔོན་ཐོན་མིས་དུས་རབས་བདུན་པའི་ནང་དུ་བརྩམས་ཀྱང་། དུས་རབས་བཅུ་གཉིས་པའི་མཇུག་གམ་བཅུ་གསུམ་པའི་འགོ་བར་ལོ་ངོ་ལྔ་བརྒྱ་ཙམ་རིང་ལ་གཞུང་དེའི་འགྲེལ་པ་བྱུང་མེད་མོད། འོན་ཀྱང་དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་ལ་སྤྱིར་བཏང་བརྡ་སྤྲོད་ཀྱི་རྣམ་གཞག་མཛད་པའི་གཞུང་དུ་མ་སྣང་སྟེ། དཔེར་ན། དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་བརྡའ་དག་གི་ལྡེ་མིག་ཅེས་པ་དང་། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བསྒྱུར་པའམ་མཛད་པའི་གནས་བརྒྱད་ཆེན་པོའི་རྩ་འགྲེལ་དང་། རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ། སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་པ་དང་། ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས་མཛད་པའི་བརྡ་སྤྲོད་པའི་ཁྱད་པར་རྟོགས་བྱེད་ཅེས་པ་དང་། དུས་རབས་དགུ་པར་འགོས་ཆོས་གྲུབ་ཀྱིས་བསྒྱུར་པའི་ཏུན་ཧོང་གནའ་ཡིག་ལས་གསར་དུ་རྙེད་པའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ་དང་། འཇུག་པའ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ་ཞེས་པ་དང་། དུས་རབས་བཅུ་པའི་ནང་དུ་དྲན་པ་ཡེ་ཤེས་གྲགས་པས་མཛད་པའི་སྨྲ་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་དང་། དུས་རབས་བཅུ་གཅིག་པའི་ནང་དུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་སོགས་བརྡ་སྤྲོད་ཀྱི་གཞུང་ལུགས་མང་དུ་བྱུང་ཡང་དེ་དག་ཐོན་མིའི་གསུང་གི་འགྲེལ་པ་ནི་མིན་ལས་ཆེ་བར་འདུག་གོ།

གཉིས་པ་སུམ་རྟགས་གཉིས་དར་ཚུལ།

དུས་རབས་ཀྱི་འགྱུར་བ་དང་མིའི་རྣམ་དཔྱོད་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་བསྟན་པ་ཕྱི་དར་གྱི་སྐབས་ནས་མཁས་པའི་དབང་པོ་དག་གིས་སུམ་རྟགས་གཉིས་ཀྱི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གཉིས་ཀ་ཡི་ཆ་ནས་གཅིག་ལས་གཅིག་གསལ་ཁ་དོད་དུ་དང་གོ་བདེ་རུ་བཏང་ཡོད་དེ། བསྟན་པ་ཕྱི་དར་གྱི་དུས་འགོར་བྱུང་བའི་སྨྲ་སྒོ་མཚོན་ཆ་ནི་བསྟན་པ་ཕྱི་དར་དུ་བརྡ་སྤྲོད་ཀྱི་གཞུང་སྔ་ཤོས་སུ་མ་ཟད། སློབ་དཔོན་ཐོན་མིའི་དགོངས་པ་དང་མཐུན་ཤས་ཆེ་བར་མཁས་དབང་ཟུར་མཁར་བས་གསུངས་ཀྱང་། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས་སྔ་རྒོལ་དུ་བསླངས་ཏེ་མཐའ་གཅིག་ཏུ་བཀག་འདུག་གོ།

དེའི་རྗེས་ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོའི་«ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག»དང་དེའི་འགྲེལ་པ་ཆོས་རྗེ་ས་པཎ་གྱིས་མཛད་པ་དག་ནི། ཐོན་མིའི་གསུང་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་པའི་ཚིག་དོན་འགྲོལ་བའི་མན་ངག་ཏུ་འཁུམས་པ་ཡང་། ལྕགས་ཐར་རྒྱལ་གྱིས་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ་གསལ་ལ། མ་ཟད་གཞུང་དེར། དུས་སྐབས་དེ་ཉིད་དུ་དབུས་དང་གཙང་གི་ཡུལ་གྲུ་འགའ་ཞིག་གིས་མཚོན་པའི་ས་ཆ་དག་ཏུ་ཡི་གེའི་ཀློག་ཚུལ་ཉམས་ཀྱིན་ཡོད་པ་དཔེར་དྲངས་ཏེ་ཡོ་བསྲང་བྱེད་ཐབས་དང་བཅས་པ་ཞིབ་ཏུ་བསྟན་པས་བཀའ་དྲིན་རི་བས་ལྕིའོ། །ཞེས་ཀྱང་ངོ་།།

དུས་རབས་བཅུ་གཉིས་པའི་ནང་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཐོན་མིའི་གསུང་གི་སུམ་རྟགས་རྩ་གཞུང་གཉིས་ཀ་ལྷན་དུ་བསྡེབས་ཏེ། ཡི་གེ་མིང་ཚིག་དགོས་འབྲེལ་དང་། །འཇུག་ཚུལ་སྟེན་ཚུལ་བསྟན་བྱ་བདུན།།ཞེས་པའི་གོ་རིམ་དུ་བརྒྱུས་ཏེ་«ཡི་གེའི་སྦྱོར་བ།»ཞེས་མཛད་པ་དེ་ཉིད་ཐོན་མིས་མཛད་པའི་སུམ་རྟགས་རྩ་གཞུང་གཉིས་ཀྱི་འགྲེལ་པ་སྔ་ཤོས་སམ་ཐོག་མ་དེ་ཡིན་པར་བོད་ཀྱི་མཁས་དབང་ཕལ་ཆེ་བའི་མཐུན་སྣང་དུ་གྲུབ་ཀྱང་། དེའི་དོན་ཞིབ་པར་བཀྲལ་བའི་འགྲེལ་པ་མི་སྣང་བས་ཕྲིན་ལས་ཆེན་པོ་མ་རྒྱས། དེའི་རྗེས་རབ་བྱུང་བཞི་པ་དུས་རབས་བཅུ་གཉིས་པར་བྱོན་པའི་དབུས་པ་བློ་གསལ་གྱིས་མཛད་པའི་སུམ་རྟགས་འགྲེལ་པ་དང་། དུས་རབས་བཅུ་གསུམ་པ་རབ་བྱུང་ལྔ་པའི་ནང་བྱོན་པའི་ཡར་འབྲོག་པ་རིན་ཆེན་ཏོག་གིས་མཛད་པའི་སུམ་རྟགས་འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་ཚོགས་གསུམ་གསལ་བ་ཞེས་པ་བྱུང་།

དུས་རབས་བཅུ་བཞི་པ་རབ་བྱུང་དྲུག་པའི་ནང་བྱོན་པའི་ལོ་ཆེན་ནམ་མཁའ་བཟང་པོས་མཛད་པའི་སུམ་རྟགས་འགྲེལ་པ་བསྟན་པའི་སྒྲོན་མེ་དང་། རབ་བྱུང་བདུན་པའི་ནང་བྱོན་པའི་སྣར་ཐང་ལོ་ཙཱ་བ་སངྒཱ་ཤྲཱིས་མཆན་ཊཱིཀ་སོགས་མཛད་པ་ལ་བརྟེན་ནས། དུས་རབས་བཅོ་ལྔའི་ནང་བྱོན་པའི་ཞྭ་ལུ་ལོ་ཆེན་གྱིས་སུམ་རྟགས་འགྲེལ་པ་ཞིག་མཛད་པ་དེ་ལ། སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་གི་ཚིག་རྣམས་མེད་ལ། ལ་དོན་གྱི་ཕྲད་ལ་དངོས་བསྟན་དང་ཤུགས་བསྟན་གྱི་ཕྲད་དྲུག་ལས་ར་ཡིག་བྱེ་བྲག་ཏུ་མི་འདོད་དེ། རུ་ཡིག་ར་བསྡུས་སུ་འདོད་ཅིང་ཕྲད་དེ་རྣམས་ལ་དོན་གྱི་ཁྱད་པར་ཡོད་པར་བཞེད་པ་དང་། རྟགས་འཇུག་ཏུ། ལོ་ཆེན་ནམ་བཟང་གི་ལུགས་ལྟར་ཨ་ཡིག་རྟགས་མེད་དུ་བྱེད་པ་དང་། མིང་གཞི་གསལ་བྱེད་སུམ་ཅུར་རྟགས་གསུམ་དུ་དབྱེ་ཚུལ་དངོས་སུ་བསྟན་ཅིང་། ཕྱི་འགྲེལ་རྣམས་ལ་ཤུགས་རྐྱེན་ཆེ། ཞེས་སོ། །དེའི་བསྡུས་དོན་ལྟ་བུར་ལྕང་སྐྱ་རོལ་པའི་རྡོ་རྗེས་སུམ་རྟགས་འགྲེལ་པ་བློ་ལྡན་དགའ་བསྐྱེད་ཅེས་པ་མཛད་ཡོད་པ་མ་ཟད། ཞྭ་ལུ་ལོ་ཆེན་གྱི་འགྲེལ་པར། ཀླུ་མེས་དབང་ཕྱུག་གྲགས། སུམ་པ་ལོ་ཙཱ་བ། སག་སྟོན་སོགས་ཀྱི་འགྲེལ་པ་དག་ཀྱང་ཡོོད་པར་གྲགས་སོ།།

དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་སུམ་རྟགས་འགྲེལ་པ་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་མཛད་པའི་སུམ་རྟགས་འགྲེལ་པ། དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི་འགྲེལ་པ་ཉི་མའི་འོད་ཟེར། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་རྟགས་ཀྱི་འཇུག་པའི་འགྲེལ་པ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་ཅུ་པའི་རྣམ་འགྲེལ་དང་བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད་ཅེས་པ་བྱུང་། མ་ཟད་ཞྭ་ལུ་ལོ་ཙཱ་བ་དེ་ཉིད་ཀྱིས་སུམ་རྟགས་རྩ་གཞུང་གཉིས་པོར་ས་བཅད་ཀྱང་དབུ་བཙུགས་པས་དུས་རབས་འདི་ནས་གཞུང་འདི་གཉིས་ལ་ས་བཅད་དར་འཕེལ་བྱུང་ཡོད་པ་འགོས་པདྨ་རྒྱལ་མཚན་གྱིས་གསུངས་སོ། །དེ་ཡང་འཛམ་གླིང་རྒྱན་གཅིག་ལས། འགྲེལ་པའི་ས་བཅད་ནི་ཞྭ་ལུ་ལོ་ཙཱ་བ་ནས་རྒྱས་པར་དབུ་ཚུགས། ཞེས་སོ།།

དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སུམ་རྟགས་འགྲེལ་པ་སྣང་བར་བྱེད་པའི་སྒྲོན་མེ་དང་། ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་སུམ་རྟགས་འགྲེལ་པ་མཁས་པའི་དགའ་སྟོན། འོལ་ཕྲུག་པ་ཀརྨ་རབ་རྒྱས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ་མཁས་པའི་རྒྱན། སྨན་ལུང་པ་བློ་མཆོག་རྡོ་རྗེས་མཛད་པའི་སུམ་རྟགས་འགྲེལ་པ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། ལོ་ཙཱ་བ་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་སུམ་ཅུ་པའི་ལེགས་བཤད་སོགས་མཁས་པ་མང་པོས་སུམ་རྟགས་རྩ་གཞུང་གཉིས་ལ་འགྲེལ་པ་མང་དུ་མཛད་པའི་ཕྲིན་ལས་ཀྱིས་གཞུང་དེ་གཉིས་ཀྱི་འཆད་ཉན་ཡང་ཤིན་ཏུ་རྒྱས་པའོ།།

གསུམ་པ་སུམ་རྟགས་གཉིས་ཀྱི་མཐོ་རླབས།

ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་བཀའ་དྲིན་ཅན་གྱི་སློབ་དཔོན་ཐོན་མི་ལ་གཏུགས་པའི་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་ཀྱི་རྩ་གཞུང་འདི་གཉིས་ལ་ཕ་མེས་ཡང་མེས་ནས་རབ་དང་རིམ་པར་བརྩམས་པའི་འགྲེལ་པ་གྲངས་ལས་འདས་ཤིང་། འཆད་ཉན་གྱི་མཛད་ཕྲིན་དབྱར་གྱི་གངྒཱ་ལྟར་རྒྱས་པ་དེའི་བཞུར་རྒྱུན་མུ་ནས་མུར་བསྲིང་ཕྱིར། དུས་རབས་བཅུ་བདུན་པ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོར་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་«སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ།»མཛད་པ་ལ། དེ་ནས་ཅུང་མ་འགོར་བར་རབ་བྱུང་བཅུ་གཉིས་པའི་འགོར་སེ་རའི་དགེ་བཤེས་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་«སུམ་ཅུ་པའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་»དང་།«རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ་»གཉིས་མཛད་ཅིང་། རྣམ་གླིང་པཎ་ཆེན་སྔ་རྒོལ་གྱི་གཙོར་བསླངས་ཏེ་སྔ་འགྲེལ་རྣམས་ལ་དགག་སྒྲུབ་ཀྱིས་དག་ཐེར་མཐིལ་ཕྱིན་པ་མཛད། དེའི་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོར་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་«སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།»མཛད་པ་ལ། རྩ་བའི་ཚིག་དོན་འགྲོལ་ཚུལ་དང་། ཤུགས་བསྟན་ཚིག་ཕྲད་དག་གིས་སྟོན་ལུགས། ཚིག་ཕྲད་སོ་སོའི་དོན་གྱི་འཇུག་ཡུལ། རྗེས་འཇུག་གི་རྟགས་དབྱེ་ཚུལ། བྱ་བྱེད་ལས་གསུམ་གྱི་རབ་དབྱེ་སོགས་འགྲེལ་པ་སྔ་མ་རྣམས་ལ་མེད་པའི་ལེགས་བཤད་ཀྱི་གཏེར་རྡོལ་བས། ཐོན་མི་གཉིས་པ་ཞེས་བསྔགས་ཤིང་འཆད་ཉན་ཤིན་ཏུ་རྒྱས་པའོ།། དེའི་རྗེས་ཀྱི་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ལོར་རྡོ་རིང་པཎྜི་ཏས་ཞྭ་ལུ་ལོ་ཆེན་གྱི་ལུགས་བསྐྱངས་ཏེ་འགྲེལ་པ་ཨུཏྤལའི་རྣ་རྒྱན་ཞེས་པ་མཛད། རབ་བྱུང་དེའི་མེ་སྟག་ལོར་དངུལ་ཆུ་དྷརྨ་བྷ་དྲས་འགྲེལ་པ་སི་ཏུའི་ཞལ་ལུང་མཛད་པ་ལ། སི་ཏུའི་ཞལ་ལུང་དུ། པུ་ལིངྒ་ཞེས་པ་ནི་པ་སྡེ་ནས་འབྱུང་བའི་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་སོགས་སུ་བཀྲལ་བ་དང་། མིང་གཞི་མ་ནིང་ཡང་འཇུག་ཡོད་པ་འགྱུར་བ་མ་ནིང་དང་། མིང་གཞི་མ་ནིང་ཡང་འཇུག་མེད་པ་ཁོ་ན་མཚན་མེད་མ་ནིང་དུ་བཞག་པ་བཅས་ནི་སི་ཏུའི་ལུགས་ལ་གསེར་གྱི་རྣ་ཆ་ཟུང་ཕུལ་བ་དང་གཉིས་སུ་མེད་པའི་ལེགས་བཤད་དུ་བགྲངས། ཞེས་སོ།།

རབ་བྱུང་བཅོ་ལྔ་པའི་ནང་དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དང་། རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་གཉིས་བརྩམས། གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ཉིན་མོའི་སྣང་བ་དང་། རྟགས་འཇུག་འགྲེལ་པ་ནོར་བུའི་རྒྱན་ཕྲེང་གཉིས་བརྩམས་པའོ། །གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་སུམ་རྟགས་འགྲེལ་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག་ཅེས་པ་མཛད། དེའི་རྗེས་སུ་མེར་གེན་མཁན་པོ་སེ་ར་བ་ཡེ་ཤེས་རྣམ་རྒྱལ་གྱིས་སུམ་ཅུ་པའི་འགྲེལ་པ་ལེགས་བཤད་རིན་ཆེན་རྒྱུད་མངས་ཞེས་པ་མཛད་ཡོད་དོ། །དེའི་རྗེས་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་སའི་ཡང་འཇུག་དོར་བའི་དག་ཡིག་ལེ་ཚན་ལྔ་མཛད་པ་དེར། ད་དྲག་བསྡུས་པའི་རིགས་འགྲོས་ཀྱིས་ཡང་འཇུག་ས་ཡིག་ཀྱང་མི་དགོས་པར་བཤད་ཡོད་ལ། དེ་ལས་ཁོང་གིས་རྟགས་འཇུག་རྩ་བ་ཡི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་ཚིག་རྐང་བཞིའི་དངོས་ཤུགས་ཀྱི་དོན་ལ་གཞིགས་ཏེ། དུས་གསུམ་གྱི་བྱ་བའི་མིང་ལ་སྔོན་འཇུག་སྦྱོར་ཚུལ་གྱི་སྒོ་ནས། དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་གསུམ་གྱི་རྣམ་གཞག་གསར་གཏོད་བྱས་ཡོད་དོ། །རབ་བྱུང་བཅུ་དྲུག་པའི་ས་ལུག་ལོར་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་«རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ་»ཞེས་པ་མཛད་དེ། ལས་ཚིག་དབྱེ་བ་དགུ་ལྡན་དང་། བདུན་ལྡན། ལྔ་ལྡན་སོགས་ཀྱི་དབྱེ་སྒོ་གསར་དུ་བཏོད། ལོ་དེ་དང་དེའི་ཕྱི་ལོར་དམུ་དགེ་བསམ་གཏན་རྒྱ་མཚོས་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་དང་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པ་གཉིས་སྔ་ཕྱིར་མཛད་དེ། མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་དང་། རྣམ་དབྱེ་དང་ཚིག་ཕྲད་སོ་སོའི་གནས་ཕྲ་ཞིང་ཕྲ་བ་ཞིབ་རྒྱས་སུ་བསྩལ་པས། ཞེས་སོ། །དེའི་རྗེས་ཚེ་གཏན་ཞབས་དྲུང་གིས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་། ཞེས་པ་མཛད་དེ་སི་ཏུའི་མུ་ཏིག་ཕྲེང་མཛེས་ཀྱིས་གཙོས་པའི་སྔ་འགྲེལ་རྣམས་ཀྱི་སྐྱོན་མཚང་མཛུབ་མོ་ཀེར་བཙུགས་ཀྱིས་དགག་སྒྲུབ་གནད་ཐིངས་པར་མཛད་ཡོད་དོ། །རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོར་འགོས་པདྨ་རྒྱལ་མཚན་གྱིས་སུམ་རྟགས་ཀྱི་རྩ་འགྲེལ་ལ་དཔྱད་པའི་གཏམ་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག ཅེས་པ་མཛད་དེ་སུམ་རྟགས་ཀྱི་དཀའ་འགྲེལ་དང་། བརྡ་སྤྲོད་པའི་གྲུབ་མཐའ་དང་བརྒྱུད་རིམ་བཅས་པའི་རྣམ་གཞག་རྒྱས་པ། རྣམ་དབྱེ་དང་ཕྲད། བྱ་ཚིག་སོགས་ཀྱི་རང་བཞིན་གསར་དུ་ངོ་སྤྲོད་པ་སོགས་རྒྱ་ཆེར་བསྟན་ཏོ། །སྔ་ཕྱིས་སུ་བྱོན་པའི་མཁས་པ་རྣམས་ཀྱིས་སུམ་རྟགས་རྩ་གཞུང་གཉིས་ཀྱི་འགྲེལ་པ་དང་། སུམ་རྟགས་གཉིས་དང་འབྲེལ་བའི་དག་ཡིག་དང་། དྲིས་ལན་སོགས་མཐའ་དག་བརྩིས་ན་གྲངས་ཀྱིས་མི་ལང་བས། འདིར་དེ་ཙམ་གྱིས་ཆོག་ཤེས་པར་བྱས་སོ།།

མཇུག་གཏམ།

བོད་ཀྱི་གཞུང་ལུགས་རྒྱ་མཚོའི་ནང་ནས་འགྲེལ་པ་མང་བའི་གྲས་སུ་གྱུར་པའི་སུམ་རྟགས་རྩ་གཞུང་གི་བྱུང་རིམ་མདོ་ཙམ་ཞིག བོད་ཀྱི་བརྡ་སྤྲོད་བྱུང་རིམ་གྱི་ལོ་རྒྱུས་ཁག་དང་ཚད་ལྡན་གྱི་སུམ་རྟགས་འགྲེལ་པ་གྲགས་ཆེ་བ་འགའ། དེ་བཞིན་དུ་སུམ་རྟགས་བྱུང་རིམ་དཔྱད་བརྗོད་སོགས་ལས་བཏུས་པ་འདི་ཡང་། རིག་གནས་ལ་དོན་གཉེར་ཆེ་ཞིང་ལོ་རྒྱུས་ལ་བློ་ཁ་ཡངས་པ་དག་ལ་སྨན་དུ་འགྱུར་བའི་སེམས་པ་གང་ཡང་མེད་མོད། འདི་ནི་གཙོ་བོ་དུས་རབས་བཅུ་དྲུག་ཡན་གྱི་ཕ་མེས་ཡང་མེས་ཀྱི་དཀའ་བ་བརྒྱ་ཕྲག་ལས་གྲུབ་པའི་རྔུལ་ཁྲག་དག མེས་པོ་ཐོན་མིས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་དྲུག་མཚན་ཙམ་ཡང་དམིགས་མེད་དུ་སོང་བ་ལྟར་འགྲོ་ཉེན་ཆེ་བ་འདུག་པས་ན། ཁོ་བོས་ངལ་དུབ་ཀྱི་དཀའ་ཚེགས་ལ་མ་འཛེམས་པར་ཤིན་ཏུ་ནས་ཀྱང་བཀའ་དྲིན་ལྕི་བའི་མེས་པོ་དམ་པ་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཁྲག་ལ་དྲན་གསོའི་སླད་དུ་ཕྱིར་འདང་བརྒྱབས་པ་ཙམ་ཞིག་དང་། དེང་སང་སྤྱི་ཚོགས་ཀྱིས་བཤད་སྒྲོས་དང་མཐུན་པར་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཚུལ་དུ་བྲིས་པ་དགེའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།