གབ་ཚིག་གཉན་པོ་གསང་བ།

རྩོམ་སྒྲིག་པ།

མཐོང་བས་ཡིད་ཀྱི་གདུང་བ་མ་ལུས་པ།།
འཇིལ་བར་བྱེད་པའི་གཟི་བྱིན་མཆོག་མངའ་བ།།
ས་ཡ་དྲུག་པོ་ཀུན་ལ་ཕན་པ་དང་།།
བདེ་བའི་འབྱུང་གནས་ཀུན་ཀྱི་གཙུག་ན་འཕགས།།

རིང་ནས་འགྲོགས་པའི་ནད་གཞི་ལྕི་མོ་ཡང་།།
གང་ལ་བརྟེན་པས་ཡོངས་སུ་ཞི་གྱུར་ནས།།
བདེ་དགའི་དཔལ་ཡོན་སྦྲང་ཆར་ལྷུག་པོ་རུ།།
འཇོ་བར་བྱེད་འདི་རིན་ཆེན་རིལ་བུ་མིན།།

ཤེས་རིག་ནུ་ཞོ་རབ་ཏུ་ལྡུད་པ་ལས།།
རིག་པའི་ལང་ཚོ་རྒྱས་པའི་མི་བུ་འགས།།
རྨད་བྱུང་རྣམ་དཔྱོད་སྨྱུ་གུའི་རྩེ་མོ་ནས།།
རབ་འབྱམས་གཞུང་འགྲེལ་པོ་ཏིའི་བ་གམ་བརྩེགས།།

རི་ཁྲོད་བས་མཐར་གནས་པའི་སྤོང་བ་པས།།
སེམས་ཀྱི་སྨན་མཆོག་སྙིང་གི་ཐིག་ལེ་མ།།
ཡང་ཡང་སྒོམ་པར་བྱེད་པའི་ངང་ཚུལ་དེ།།
ས་ལམ་གྲོགས་སུ་གྱུར་པ་ཡིན་ནམ་ཅི།།

གཟུགས་ལ་ཞེན་པ་མངོན་པར་ཆེ་དྲགས་པས།།
ཚེ་ཡི་འདུ་བྱེད་ཐུང་བའི་ཕྱེ་མ་ལེབ།།
སྣ་ཚོགས་ཐབས་ཀྱིས་མེ་ལ་མཆོངས་པ་ལས།།
མཐའ་མར་རང་སྲོག་འཆོར་བ་ཅིས་མི་བླུན།།

རི་མགོ་མཐོན་པོའི་ནགས་མའི་ཚལ་དེ་ནས།།
ཁུ་བྱུག་སྔོན་མོས་མགྲིན་གླུ་ལེན་པ་དང་།།
བར་སྣང་མཐའ་རྒྱ་གཅོད་པའི་འཕུར་འགྲོས་དེས།།
གངས་རིའི་བུ་རྣམས་དགའ་བས་བཟི་བར་བྱེད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།