སྤྱི་ལོ་ ༢༠༢༠ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་ན་དབྱར་གནས་སྐབས་ཟླ་གཅིག་དང་ཕྱེད་ཀྱི་རིང་གྲྭ་ཚང་དུ་རྒྱུན་བཞུགས་བླ་གྲྭ་རྣམས་ཀྱིས་སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། བཀའ་བརྒྱད། ཞི་ཁྲོ། རཏ་གླིང་ཚེ་ཆོག ཕུར་པ་བཅས་རེས་མོས་ཀྱིས་བདུན་ཕྲག་རེ་གསུངས་ཤིང་། ཉིན་ཐ་མ་ལ་རཏ་གླིང་ཚེ་ཆོག་གི་སྒོ་ནས་འཆི་བསླུ་དང་། ཚོགས་མཆོད་རྒྱས་སྤྲོས་བཅས་འཚོག་གི་ཡོད་ཀྱང་འདི་ལོ་ནད་ཡམས་ཀྱིས་རྐྱེན་པས། སྒྲུབ་བླ་གཉིས་རེ་རེས་མོས་དང་གྲྭ་པ་ཉུང་བསྡུས་ཤིག་གིས་གོང་གསལ་འདོན་ཆོག་ཁག་སྟབས་བདེ་ཙམ་གྱིས་མཐའ་གྲུབ་པར་བྱས།
འདི་ལོར་མཁན་ཆེན་པདྨ་ཤེས་རབ་མཆོག་གི་དགུང་སྐེག་ཁེལ་ཡོད་པར་བརྟེན་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ལ་ཐུགས་བརྟག་ཞུས་དོན་དུ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་སྨན་ལྷའི་མདོ་ཆོག་ཚར་གྲངས་ལྔ་སྟོང་སྒྲུབ་དགོས་པའི་བཀའ་ཕེབས་པ་བཞིན་སྤྱི་ཟླ་ ༠༧ ཚེས་ ༠༨ ཉིན་རྣམ་གླིང་གྲྭ་བཙུན་ཡོངས་ནས་སོ་སོའི་བཞུགས་ཤག་ཏུ་ཉིན་གཅིག་རིང་གསོག་སྒྲུབ་གནང་ཡོད།
གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་ལ་ལོ་འདིར་དགུང་སྐེག་ཁེལ་ཡོད་པར་བརྟེན། དབུ་འཛིན་མཆོག་སྤྲུལ་རྣམ་པ་གཉིས་ནས་བཀའ་ཕེབས་པ་བཞིན་དགོན་པའི་སྒྲུབ་བླ་རྣམ་པས་གཙོས་རྒྱུན་བཞུགས་བླ་གྲྭ་རྣམས་ཀྱིས་ཉིན་གསུམ་རིང་ལ་རིག་འཛིན་འདུས་པའི་ཚོགས་མཆོད་རྒྱས་པ་དང་བཛྲ་གུ་རུའི་བསྙེན་པ་གསོག་སྒྲུབ་ཀྱིས་ཞབས་རིམ་བསྒྲུབས་ཡོད།
ནམ་རྒྱུན་ལྟར་ན་བོད་ཟླ་ ༠༤ ཚེས་ ༠༩ ནས་ ༡༥ བར། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་གའི་ཆོས་སྡེ་རྣམས་ལས་སྒྱུ་འཕྲུལ་ཞི་ཁྲོ་དང་། ཚོགས་ཆེན་འདུས་པ་སོགས་དཀྱིལ་འཁོར་ཁག་བདུན་ཞལ་ཕྱེ་ནས་སྔ་འགྱུར་བཀའ་མའི་སྒྲུབ་མཆོད་རྒྱ་ཆེར་འཚོག་སྲོལ་ཡོད་ཀྱང་། ལོ་འདིར་ནད་ཡམས་ཀྱིས་རྐྱེན་པས་བཀའ་མའི་སྒྲུབ་མཆོད་བོད་ཟླ་ ༠༩ ནང་བར་ཕྱིར་འཐེན་བྱེད་དགོས་བྱུང་བར་བརྟེན། སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༠ ཚེས་ ༢༡ བོད་ཟླ་ ༠༩ ཚེས་ ༠༥ ཉིན་ཞི་ཁྲོ་ཚོགས་ཆེན་འདུས་པའི་ཆོ་གའི་སྒོ་ནས་གྲྭ་ཚང་གི་སྒྲུབ་བླ་རྣམ་པ་གཙོ་བོར་གྱུར་པའི་དགེ་འདུན་པ་ཞལ་གྲངས་ཉུང་ཙམ་གྱིས་སྔ་དྲོའི་ཆར་སྒྲུབ་པའི་སྔོན་འགྲོའི་ས་ཆོག་དང་། སྤྱི་ཚེས་ ༢༢ ཉིན་སྔ་དྲོའི་ཆ་ལ་ཐིག་ཆོག སྤྱི་ཚེས་ ༢༤ ཉིན་ཕྱི་དྲོར་དཀྱིལ་འཁོར་རྒྱན་བཀོད་ཀྱིས་མཚོན་པའི་སྔོན་འགྲོའི་བྱ་བ་གྲུབ་ནས། སྤྱི་ཚེས་ ༢༥ ཉིན་ནས་བཟུང་སྒྲུབ་པ་དངོས་གཞི་ཉིན་བདུན་རིང་འཚོགས་ཤིང་། སྤྱི་ཚེས་ ༣༡ ཉིན་ཐོ་རངས་ལ་སྒྲུབ་པའི་དངོས་གྲུབ་བླངས་ནས་སྔ་དྲོའི་ཆ་ལ་རྒྱས་པའི་སྦྱིན་སྲེག་དང་། ཕྱི་དྲོའི་ཆར་མར་མེའི་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ལོ་འདིའི་སྒྲུབ་པ་མཐའ་གྲུབ་པར་མཛད།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།

བསྟན་པའི་གཞི་མ་འདུལ་བ་སོ་སོར་ཐར་པ་འདི་ཉིད་ལ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་ཐུགས་གཙིགས་བླ་མེད་དུ་གནང་བ་བཞིན། གྲུབ་དབང་གོང་མའི་ཟིན་བྲིས་གཞིར་བཟུང་སྟེ་དགོན་འདིར་ལོ་ལྟར་འདུལ་བ་གཞི་གསུམ་གྱི་ཆོ་ག་ལ་ཕྱག་བཞེས་ཐང་ལྷོད་མེད་པར་གནང་བཞིན་ཡོད་ཀྱང་། འདི་ལོ་འཛམ་གླིང་གང་སར་ཁྱབ་བཞིན་པའི་ནད་ཡམས་ཀྱིས་རྐྱེན་པས་རྒྱུན་ལྡན་གྱི་གསོ་སྦྱོང་དང་། དབྱར་ཁས་ལེན། དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་རྣམས་ཕྱི་བཤོལ་མི་བྱེད་ཀ་མེད་དུ་གྱུར་ཀྱང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་གིས་དབུས་དགེ་འདུན་གྲྭ་བཙུན་ཡོངས་ཀྱིས་འདི་ལོའི་དབྱར་གནས་རྒྱུན་མ་ཆད་པ་ཙམ་ཞིག་ཉམས་བཞེས་གནང་།
སྤྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༢༧ ནས། ཟླ་ ༠༩ ཚེས་ ༠༤ བར་ཁྱོན་ཞག་མ་བཞི་བཅུའི་རིང་། ཕྱི་དྲོའི་ཆུ་ཚོད་དང་པོ་ནས་ལྔ་པའི་བར་ཞིབ་འཇུག་པ་རྣམས་དྲ་ཐོག་ཏུ་ལྷན་འཛོམས་ཀྱིས་ཉིན་རེ་འཚོག་ཐེངས་གཉིས་རེ་བྱས་ཏེ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཡན་ལག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ཞིབ་འཇུག་སྡེ་ཚན་དང་། རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞིབ་འཇུག་སྡེ་ཚན། སྔ་འགྱུར་མཐོ་སློབ་ལེགས་བཤད་ཉི་ཟླའི་གླིང་གི་ཞིབ་འཇུག་སློབ་མ་གསར་རྙིང་གཉིས་དང་ཞིབ་འཇུག་སློབ་ཐོན་པ་རྣམ་པ་བཅས་མཉམ་ཞུགས་གནང་། ཐོག་མའི་དྲ་ཐོག་ཟབ་སྦྱོང་དབུ་འབྱེད་དུ། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་དང་། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ། སྔ་འགྱུར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་འགྱུར་མེད་ཚུལ་ཁྲིམས་རྣམ་གསུམ་གྱིས་ཞིབ་འཇུག་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད། དེ་ནས་ཟབ་སྦྱོང་རིང་ཞིབ་འཇུག་སློབ་སྟོན་པ་འཇར་མ་ནི་ཧམ་བྷག་གཙུག་ལག་སློབ་གྲྭའི་(Universität Hamburg, Germany)དགེ་རྒན་ཆེན་མོ་མཁས་དབང་འབུམ་རམས་པ་རྡོ་རྗེ་དབང་ཕྱུག་དང་། མཁས་དབང་འབུམ་རམས་པ་ཨོར་ན་ཨལ་མོ་གྷི་(Orna Almogi)རྣམ་གཉིས་ཀྱིས་ཟབ་སྦྱོང་སློབ་ཁྲིད་དང་། ཞིབ་འཇུག་སློབ་མ་རྣམ་པས་དཔྱད་གཞིའི་ཡིག་ཆ་སོགས་ལ་ཞིབ་འཇུག་ཇི་ལྟར་བྱས་ཡོད་རེ་རེ་བཞིན་གཟིགས་ཞིབ་དང་རྒྱུགས་བཞེས་གནང་ཡོད། དེ་བཞིན་སློབ་མ་རྣམ་པས་འདས་ཟིན་ཞིབ་འཇུག་ཇི་ལྟར་བྱས་ཚུལ་དང་། མ་འོངས་ཞིབ་འཇུག་གནང་ཕྱོགས་ཐད་ནས་སྤྱན་འབུལ་དང་དྲི་བ་དྲིས་ལན་ཟིན་ཐོ་བཅས་ཕབ་སྟེ་ལེགས་པར་མཇུག་གྲུབ་ཡོད།
གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེའི་ཞབས་རིམ་དུ་རིག་འཛིན་འདུས་པའི་ཚོགས་འབུམ་དང་། བཛྲ་གུ་རུ་བཅས་བསྒྲུབས། གཞན་ཡང་དགེ་འདུན་པ་སྤྱིའི་ཞབས་རིམ་དུ་ཕུར་བཟློག་གསུངས། ཡང་སྤྱི་ཟླ་ ༠༩ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་གྱི་རིང་རྣམ་གྲོལ་གླིང་གི་མཁན་སྤྲུལ་བླ་སློབ་རྣམ་པ་དང་བཤད་གྲྭའི་སློབ་གཉེར་བ་རྣམས་ཚོགས་ཁག་སོ་སོར་བགོས་ནས་ཕུར་པ་དང་། ཞི་ཁྲོ། གཅོད་ཚོགས། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་བཅས་ཞབས་རིམ་གནད་དུ་སྨིན་པ་བསྒྲུབས་ཡོད།
བོད་ཟླ་ ༠༩ ཚེས་ ༠༣ ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་བསྟུན་ནས་ལོ་སྔ་མ་རྣམས་སུ་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་འཚོག་གི་ཡོད་ན་ཡང་འདི་ལོ་མི་མང་འདུ་འཛོམས་མི་ཆོག་པར་བརྟེན་བགྲོ་གླེང་འཚོག་རྒྱུ་མ་བྱུང་། དེའི་དགོང་མོའི་ཆར་དགེ་འདུན་པ་རྣམས་ཀྱིས་སོ་སོའི་བཞུགས་ཤག་ནས་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཐུགས་སྨོན་མཉམ་དུ་གནང་།
བོད་ཟླ་ ༠༩ ཚེས་ ༢༢ ལྷ་བབས་དུས་ཆེན་སྤྱི་ཟླ་ ༡༡ ཚེས་ ༠༧ ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དྲ་ཐོག་དཔེ་ཁྲིད་མཐའ་གྲུབ་སྟེ་མཚམས་འཇོག་གནང་བ་དང་། སྤྱི་ཟླ་ ༡༡ ཚེས་ ༠༨ ནས་ ༡༠ བར་ཉིན་གསུམ་རིང་དགེ་འདུན་མང་ཚོགས་ཀྱིས་ལོ་མཇུག་གི་ཞབས་རིམ་བསྒྲུབས་ཤིང་། སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ།
སྤྱི་ཟླ་ ༡༡ ཚེས་ ༡༧ ནས་བཟུང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཤིང་། སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་འདི་ལོའི་རྒྱུགས་སྤྲོད་ཆེན་མོ་ཐེངས་དང་པོ་བཏང་སྟེ། དེ་རྗེས་ཉིན་གསུམ་རེའི་མཚམས་སུ་རྒྱུགས་སྤྲོད་རེེ་བཏང་ནས། སྤྱི་ཟླ་ ༡༢ ཚེས་ ༢༦ ཉིན་མཐའ་གྲུབ།

ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་ལོ་འགོའི་དཔེ་ཁྲིད་དབུ་ཚུགས་པ་ནས་རྩ་བ་དང་ཡན་ལག་གི་སློབ་ཚན་སུམ་རྟགས་དག་གསུམ། རྒྱལ་རབས། ཆོས་འབྱུང་། བཤེས་སྤྲིངས་དང་། རྒྱལ་སྲས་ལག་ལེན། བློ་རྟགས་བསྡུས་གསུམ། དབྱིན་བོད་ཀྱི་སྐད་ཡིག་སློབ་དེབ། འབུད་རྡུང་བཅའ་དཀྲོལ་དང་འབྲེལ་བའི་འདོན་ཆོག་ཕྱག་ལེན་སོགས་ཕྱི་ནང་གི་རིག་པའི་གནས་རྣམས་ཟླ་དྲུག་སྔ་ཕྱི་གཉིས་སུ་བགོས་ནས་སློབ་སྟོན་གནང་མུས་བཞིན། འདི་ལོ་ཡང་ཟླ་དྲུག་ཕྱི་མའི་སློབ་ཚན་ཁག་གི་དཔེ་ཁྲིད་རྣམས་རིམ་པར་འགོ་བཙུགས་ཤིང་། འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་རྣམས་ནས་ཟླ་དྲུག་ཕྱི་མའི་བོད་ཡིག་རྩ་བའི་སློབ་ཚན་གྱི་ཟླ་རྒྱུགས་ཐེངས་དང་པོ་དང་། འཛིན་གྲྭ་གསུམ་པ་མན་གྱི་སློབ་གཉེར་བ་རྣམས་ནས་དབྱིན་ཇིའི་ཟླ་རྒྱུགས་ཐེངས་དང་པོ་བཏང་ཡོད།
སྔར་སྲོལ་ལྟར་ལོ་འཁོར་གཅིག་གི་ནང་ཟླ་དྲུག་སྔ་ཕྱི་གཉིས་སུ་བོད་སྐད་རྒྱུགས་སྤྲོད་ཐེངས་རེ་གཏོང་སྲོལ་ཡོད་པ་ལས། སྤྱི་ཟླ་ ༠༩ ཚེས་ ༢༧ ནས་ཉིན་གསུམ་རིང་ཟླ་དྲུག་ཕྱི་མའི་བོད་སྐད་རྒྱུགས་སྤྲོད་བཏང་། སྤྱི་ཟླ་ ༡༠ ཚེས་ ༢༥ ཉིན་ཟླ་དྲུག་ཕྱི་མའི་བོད་ཡིག་རྩ་བའི་སློབ་ཚན་གྱི་ཟླ་རྒྱུགས་ཐེངས་གཉིས་པ་དང་། སྤྱི་ཟླ་ ༡༡ ཚེས་ ༠༢ ཉིན་འཛིན་གྲྭ་གསུམ་པ་མན་གྱི་སློབ་གཉེར་བ་རྣམས་ནས་དབྱིན་ཇིའི་ཟླ་རྒྱུགས་ཐེངས་གཉིས་པ་དང་། འཛིན་གྲྭ་བཞི་པ་ཡན་གྱི་སློབ་གཉེར་བ་རྣམས་ནས་ཨང་རྩིས་ཟླ་རྒྱུགས་བཏང་ཡོད། སྤྱི་ཟླ་ ༡༡ ཚེས་ ༠༧ བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཚམས་འཇོག་བྱས་ཡོད།
སྤྱི་ཟླ་ ༡༡ ཚེས་ ༡༡ ཉིན་འཛིན་གྲྭ་བཞི་པ་ཡན་གྱི་སློབ་གཉེར་བ་རྣམས་ནས་རི་མོ་དང་། འབུད་རྡུང་དཀྲོལ་གསུམ། གཏོར་བཟོ་དཀར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་འབྲེལ་བའི་རྒྱུགས་སྤྲོད་བཏང་ཡོད།
ད་ལྟའི་བར་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་གཏོང་ས་ལོགས་སུ་མེད་པའི་རྐྱེན་གྱིས་བཤད་གྲྭའི་ཡིག་རྒྱུགས་འགོ་མ་བཙུགས་སྔོན་ནས་རྒྱུགས་སྤྲོད་མཇུག་བསྡུ་དགོས་པས། སློབ་གཉེར་བ་རྣམས་ལ་རང་སྦྱོང་གི་དུས་ཡུན་ཉུང་དྲགས་པ་དང་། རྒྱུགས་སྤྲོད་མཐའ་གྲུབ་པ་སྔ་དྲགས་པ་སོགས་དུས་ཚོད་དང་འབྲེལ་བའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ནའང་། འདི་ལོ་ནས་གཞི་རིམ་སློབ་གྲྭའི་གྲྭ་ཤག་གི་ཐོག་ཁར་ཡིག་རྒྱུགས་གཏོང་སའི་ཚོམས་ཆེན་གསར་གྲུབ་བྱུང་བར་བརྟེན། སློབ་གཉེར་བ་རྣམས་ཀྱི་རང་སྦྱོང་གི་དུས་ཡུན་དང་ཡིག་རྒྱུགས་གྲུབ་པའི་རྗེས་ཀྱི་དུས་ཚོད་སྟངས་འཛིན་དང་འབྲེལ་བའི་དགེ་ཕན་སོགས་ལ་དམིགས་ནས། ཆེས་མཐོའི་འགན་འཛིན་རྣམ་པར་སྙན་སེང་ཞུས་ནས། སྤྱི་ཟླ་ ༡༡ ཚེས་ ༡༨ ནས་རང་སྦྱོང་དབུ་བཙུགས་ཏེ་བདུན་ཕྲག་རེའི་མཚམས་སུ་ཡིག་རྒྱུགས་རེ་བཏང་ནས། སྤྱི་ཟླ་ ༡༢ ཚེས་ ༢༣ ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཉིན་ལྟར་བཙུན་མ་རྣམས་རེས་མོས་ཀྱིས་སྔ་དྲོའི་ཆར་སྒྲོལ་ཆོག་དང་། ཕྱི་དྲོར་གསོལ་ཁ་བསྔོ་སྨོན་བཅས་རྒྱུན་ཆགས་སུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ཀྱང་འཚོག་བཞིན་ཡོད། དབྱར་གནས་སྐབས་སྔར་སྲོལ་ལྟར་རྡོ་རྗེ་སློབ་དཔོན་བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་གྲྭ་ཚང་གི་བཙུན་མ་རྣམས་དང་། སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་གཉེར་བ་རྣམ་པས་བདུན་ཕྲག་རེ་རེ་བཞིན་སྙིང་ཐིག་གསོལ་ཁ། སེང་གདོང་མའི་བཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག ཀར་གླིང་ཞི་ཁྲོ། དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་ཆ་བཞི་བཅས་གྲུབ་པའི་མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འཁོར་གཏང་རག་དང་བཅས་མཐའ་གྲུབ།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་ན་དབྱར་གནས་པའི་དུས་སྐབས་སུ་སློབ་གཉེར་བ་རྣམ་པས་དམིགས་བསལ་གྱིས་འཆད་རྩོད་རྩོམ་གསུམ་གནང་བཞིན་ཡོད་ནའང་འདི་ལོ་མི་མང་འདུ་འཛོམས་མི་ཆོག་པར་བརྟེན་ནམ་རྒྱུན་ལྟར་དབྱར་ཁས་ལེན་སོགས་གཞི་གསུམ་གྱི་ཉམས་ལེན་གྲ་རྒྱས་པོ་མ་བྱུང་ཡང་། ཚོགས་གཙོ་མཁན་རིན་པོ་ཆེ་ཀུན་བཟང་བདེ་ཆེན་མཆོག་གིས་དབུས་འདུལ་བ་གཞི་གསུམ་གྱི་ཉམས་བཞེས་སྟབས་བདེ་ཞིག་གནང་།
བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་སྤྱི་ཟླ་ ༡༡ ཚེས་ ༠༧ ཉིན་ལོ་འཁོར་མོ་གཅིག་གི་དྲ་ཐོག་དཔེ་ཁྲིད་མཐའ་གྲུབ་པ་དང་། སྤྱི་ཟླ་ ༡༡ ཚེས་ ༠༨ ཉིན་སྔོན་འགྲོ་འཛིན་གྲྭའི་ལོ་འཁོར་རྩོད་རྒྱུགས་བཏང་ཡོད།
སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། སྤྱི་ཟླ་ ༡༢ ཚེས་ ༡༡ ལ་འདི་ལོའི་རྒྱུགས་སྤྲོད་ཆེན་མོ་ཐེངས་དང་པོ་བཏང་ཞིང་། དེ་ནས་ཉིན་གསུམ་རེའི་མཚམས་སུ་ཡིག་རྒྱུགས་རེ་བཏང་སྟེ། སྤྱི་ཟླ་ ༡༢ ཚེས་ ༢༧ ཉིན་མཐའ་གྲུབ་བོ།།


བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།

གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་སྔར་སྲོལ་ལྟར་རྒྱུན་དུ་སྔ་དགོང་གི་ཆར་བར་བསམ་སྒྲོལ་གསུམ་དང་། གདུགས་ཤེར་སེང་གསུམ། ཚེ་མདོ་ཚེ་གཟུངས་སོགས་གསུང་བཞིན་པ་དང་། སློབ་ཕྲུག་རྣམས་ཀྱིས་སུམ་རྟགས་དག་གསུམ་དང་། དབྱིན་ཡིག་གི་སྙན་རྩོམ་སོགས་ལ་འཛིན་གྲྭ་གོང་འོག་འགྲན་སྡུར་གནང་ཞིང་། གཏོར་བཟོ་དཀར་རྒྱན་དང་། འབུད་རྡུང་དཀྲོལ་གསུམ། རི་མོ་བཅས་ཀྱི་རྒྱུགས་སྤྲོད་བཏང་ནས་རྩེ་ཕུད་དུ་སོན་པ་རྣམས་ལ་སྔར་སྲོལ་བཞིན་བྱ་དགའ་གནང་ཡོད། སྤྱི་ཟླ་ ༡༢ ཚེས་ ༠༡ ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་ལོ་འཁོར་རྒྱུགས་སྤྲོད་ཆེད་དུ་རང་སྦྱོང་གནང་སྟེ། སྤྱི་ཟླ་ ༡༢ ཚེས་ ༠༨ ཉིན་ཡིག་རྒྱུགས་འགོ་བཙུགས་ནས་སྤྱི་ ༡༢ ཚེས་ ༢༣ ཉིན་ལེགས་པར་མཐའ་གྲུབ་བོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།