གོམ་པའི་ཁ་ཕྱོགས་གྱུར་སོང་།

བཙུན་དགོན་ལོ་རིམ་དྲུག་པའི་སློབ་གཉེར་བ། བདེ་སྐྱིད་དབང་མོ།

ང་རང་འཕྲེད་ཉལ་བརྒྱབ་ནས་ལྟད་མོ་ལ་རོལ་བཞིན་པའི་སྐབས་དེར།ཡེ་ལྷ་ནི་ངོ་གདོང་ཡོངས་རྫོགས་སྤྲོ་བས་ཁེངས་པའི་ངང་ནས།“སཱ་ཡིམ་སཱ་ཡིམ་”ཞེས་ང་ལ་འབོད་ཀྱིན་ཤག་ནང་དུ་དབུགས་ཧལ་ཧལ་དང་བཅས་བརྒྱུགས་ཏེ་སླེབས་བྱུང༌།“འགྲོ་འགྲོ་ང་ཚོ་དེ་རིང་ཕྱི་ལོགས་ལ་འཁྱམ་འཁྱམ་འགྲོ།ཉིན་ལྟར་ནང་ལ་སྡོད་རྒྱུ་ཧ་ཅང་ཉོབ་ཀྱི་”ཞེས་བཤད་བྱུང༌།ངས་“ནང་ལ་ཉོབ་ཡ་ག་རེ་ཡོད་རེད།མགོ་གཡེང་ས་མང་པོ་ཞིག་”ཅེས་བཤད་མཚམས་ནས་མོ་རང་གིས་འཕྲོགས་ཏེ།“མ་རེད་སྤྱིར་བཏང་ཚང་མ་ཡོད་ནའང་སྐྱིད་པོ་མི་འདུག་”ཅེས་པའི་སྐད་ཆ་དེ་ངའི་རྣ་བར་འཛུལ་མ་ཐག་སྐྱིད་པོ་ནི་བཀྲག་འོད་ཆེམ་ཆེམ་བྱས་ནས་སྒོ་རའི་ཕྱི་ལོགས་ག་ས་ག་ལ་ཁྱབ་ཡོད་པའི་སྣང་བར་གཡེངས་ནས་ལུས།

མོས་དགོངས་ཤོག་དང་བཅས་པ་བྲིས་ཚར་ནས།“སཱ་ཡིམ་འགྲོ་དང་།དེ་རིང་གཅིག་པུ་ང་དང་མཉམ་དུ་འགྲོ་དང་།སྐུ་མཁྱེན་”ཞེས་རེ་བ་དང་ཉོབ་སྣང་གིས་ཁེངས་པའི་ངོ་གདོང་དེ་ལས་བཅོས་མིན་གྱི་འཛུམ་མདངས་ཤིག་བསྟན་ཏེ་ང་ཡི་ལག་པར་འཇུས་བྱུང༌།དེ་ནས་ང་གཉིས་གྲོང་སྡེ་བཞི་པའི་རྒྱབ་ཀྱི་ཞིང་ཁ་མང་པོ་ཡོད་ས་དེར་སོང་ནས།ཏོག་ཙམ་རིང་རྩེད་མོ་འདྲ་རྩེས།པར་འདྲ་བརྒྱབ།མཚམས་རེར་སྐད་ཤུགས་ཡོད་ཚད་ཀྱིས་རྒྱ་གཞས་དང་སྐབས་རེར་བལ་གཞས་ཐར་ཐོར་མགོ་མཇུག་མེད་པ་རེ་བཏང་ནས་བསྡད།གང་མཚམས་རྗེས་ལྷོ་སྤྲིན་ནག་པོ་དང་ཤར་གྱི་རྟ་བདུན་དབང་པོ་གཉིས་ལས་རྟ་བདུན་དབང་པོར་རྒྱལ་ཁ་ཐོབ་པའི་བཟོ་འདྲ་བྱས་ཤིང་ལྷོ་སྤྲིན་ནག་པོ་རང་སྲོག་ཤོར་བར་དོགས་པས་རང་གིས་བཀབ་ཡོད་པའི་རྟ་བདུན་དབང་པོ་ཧད་ཀྱིས་གློད་དེ་མཐོང་སར་མེད་པར་བྲོས་ཕྱིན།དེ་མ་ཐག་རྟ་བདུན་དབང་པོར་རང་དབང་ཐོབ་པ་ལྟ་བུར་སླར་འཆར་འགོ་ཚུགས་དུས་ཡེ་ལྷ་ངེད་གཉིས་ཀྱི་མགོ་བོ་མར་རིལ་འདྲ་པོ་དེ་བཞུ་གྲབས་བྱས་པ་སྨོས་ཅི་དགོས།མོས་“ད་འདི་རུ་སྐྱིད་པོ་མི་འདུགངེད་གཉིས་ཀོ་ཀོ་ནཱཊི་1འཐུང་དུ་འགྲོ།འཁྱག་པ་བྱེ་རིལ་ཟ་ས་ཡང་འགྲམ་ན་ཡོད་རེད་”ཟེར།“དེར་དངོས་གནས་སྐྱིད་པོ་ཡོད་རེད།འགྲོ་འགྲོ་ད་མྱུར་དུ་འགྲོ་”ཞེས་བྲེལ་ཚུབ་ངང་ང་ལ་བསམ་བློ་གཏང་རྒྱུའི་གོ་སྐབས་ཤིག་ཀྱང་སྤྲོད་ལོང་མེད་པར་ལམ་ལ་འགྲོ་འགོ་བཙུགས།གང་ལྟར་ཉིན་དེར་ས་ཆ་མི་འདྲ་བ་ཁག་གཉིས་གསུམ་ཙམ་ལ་ཕྱིན་ཀྱང༌།ངེད་གཉིས་ལ་སྐྱིད་སྣང་ཡིད་ཚིམས་པ་ཞིག་མ་བྱུང་།དགོང་མོ་ནང་ལ་ལོག་ཡོང་དུས་སྐྱིད་པོ་མཉམ་དུ་འཁྱེར་རྒྱུ་ག་བ་ཡོད།དེ་ལས་ལྡོག་སྟེ་གཟུགས་པོ་ཡོངས་རྫོགས་ཐང་ཆད་ནས་རེས་གཟའ་ཉི་མའི་དགོང་མོའི་རང་སྦྱོང་དེ་ཡང་རྨི་ལམ་གྱི་ཞིང་ནས་འབྱོར་ཐོ་ཞིག་བཀོད་ཙམ་བྱས་པ་ཡིན།ཡང་གྲགས་ཆེ་བའི་དབྱར་གནས་ཀྱི་གུང་སེང་ལའང་ཡེ་ལྷས་ཨུ་ཚུགས་ཀྱིས་སྐྱིད་པོ་ཡོང་བའི་རེ་བ་དུ་མའི་འོག་ང་རང་མི་འདོད་བཞིན་ཐེངས་ཁ་ཤས་མོ་དང་རོགས་པ་འགའ་ཤས་ལྷན་དུ།ལྕང་མ་ཤིང་དང་།གུ་རུ་ཀུལ།བཀྲ་ཤིས་ལྷུན་པོ་སོགས་སུ་འགྲོ་ཆོག་པའི་གནང་བ་ཡོད་མེད་མི་ཤེས་བཞིན་དུ་སོང་བ་རེད་དེ།མིག་གསལ་པོ་མེད་ནས་ཡིན་ནམ་ཡང་ན་ངོ་མི་ཤེས་པས་ཡིན།གང་ལྟར་སྐྱིད་པོ་ཞེས་པའི་ཅ་ལག་རྡོག་རྡོག་འདི་རེད་འདུག་སྙམ་པའི་དུས་ཤིག་ངེད་གཉིས་ལ་ད་དུང་ཤར་མེད།

ད་ཆ་དབྱར་ཁའི་དུས་ཚོད་འདས་ནས་དགུན་ཁ་སླེབས་སོང་།སློབ་གཉེར་བ་ཚང་མ་དགུན་ཁའི་གྲང་ངར་དང་འདི་ལོའི་རྒྱུགས་སྤྲོད་ཆེན་མོའི་དངངས་སྐྲག་གིས་ལུས་སེམས་གཉིས་འདར་སིག་སིག་ཏུ་གྱུར་འདུགམ་ཟད་ཚང་མས་ཉིན་མོའི་ལྟད་མོ་དང་མཚན་མོའི་གཉིད་ཀྱང་བརླག་ཅིང་།ཐ་ན་ཟས་ཀྱི་བཅུད་ཀྱང་མེད་པའི་དུས་དེར།ཡེ་ལྷ་ངེད་གཉིས་ནི་ཡིག་རྒྱུགས་གང་མགྱོགས་ཚར་ན་སྙམ་ཞིང༌།ཟླ་གཉིས་ཀྱི་གུང་སེང་དང་རྡོར་གདན་སྨོན་ལམ་ཆེན་མོའི་སྐབས་སུ་སྐྱིད་པོ་ཡོང་བའི་རེ་སྒུག་བྱེད་ཀྱིན་ཡིག་རྒྱུགས་དེའང་མི་རིང་བར་མཇུག་བསྒྲིལ་ཏེ་ང་ཚོ་རྡོ་རྗེ་གདན་ལ་འབྱོར།མོ་ནི་ལུས་སེམས་གཉིས་ཀ་སྡོད་ཚུགས་མི་འདུག་ལ།བཅུ་དྲུག་ལང་ཚོ་རྒྱས་བཞིན་པའི་དབྱར་ཀའི་མེ་ཏོག་ཆུང་ཆུང་ཞིག་ཡིན་སྟབས།ད་དུང་སྐྱིད་པོ་འཚོལ་རྒྱུའི་སྐད་ཆ་རྫོགས་རྒྱུ་མི་འདུག་ལ།ང་ནི་མོ་རང་ལས་ལོ་བདུན་བརྒྱད་ཀྱིས་ཆེ་བས་ཕྱི་ཡི་སྐྱིད་སྣང་འཚོལ་རྒྱུའི་བསམ་བློ་དགུན་རླུང་གིས་དེད་ཟིན་སྟབས་བདག་གི་ལུས་གཡོ་འགུལ་བྱེད་པའང་དཀའ་ལས་ཁག་པའི་སྣང་བ་སྟེར།ང་ལ་མཚོན་ན་ས་གནས་གཅིག་རང་ལ་འདུག་པར་ཧ་ཅང་དགའ།ཡེ་ལྷ་ནི་དེ་ལས་ལྡོག་སྟེ་མི་ཁའི་རླུང་བུ་དང་བསམ་བློའི་འཆར་སྒོ་རྒོད་སའི་ཡུལ་ལུང་དེ་དག་ཏུ་ཤིན་ཏུ་སྤྲོ་བ་བརྟས་འདུགབྱས་ཙང་ངས་མོ་ལ་ཀུ་རེའི་ཚུལ་དུ་སྡོད་ཚུགས་མེད་པའི་བྱིའུ་ཆུང་ཆུང་ཞེས་འབོད་ཀྱིན་ཡོད་ལ།མཚམས་རེར་མོའི་གཤིས་ཀ་ཨུ་ཚུགས་ཚ་པོ་དེར་ང་རང་རླུང་ལངས་དུས་ངས་མོ་ལ་“ཁྱོད་ས་ཆ་གཅིག་ལ་སྡོད་མི་ཚུགས་པ་དེ་འདྲ་གང་རེད།”ཅེས་གཤེ་གཤེ་གཏོང་གི་ཡོད་ལ།ཡང་མཚམས་རེར་བསླབ་བྱའི་ཚུལ་དུ་“ང་ཚོ་བུ་མོ་ཞེས་པ་དེ་རྐང་རྩེ་སྤོ་ལོ་ནང་བཞིན་གང་སར་རྒྱུག་ཆོག་ཆོག་དང་འཕར་ཆོག་ཆོག་དེ་འདྲ་བྱེད་མི་རུང༌།མ་ཟད་སུ་ཡིས་རྡོག་རྒྱག་ཞུས་ནའང་ལམ་སེང་གཡོ་འགུལ་འཐེབ་ཆོག་ཆོག་མི་བྱེད་པར་རང་ཉིད་ཚུགས་ཀ་བརྟན་པོ་དང་ངང་རྒྱུད་རིང་པོ་དགོས་”ཞེས་ཡང་སྙིང་འགྲིག་མིན་མི་ཤེས་ཀྱང་ང་རང་རྒན་པ་ཡིན་པས་བསླབ་བྱ་དེར་གནས་ལུགས་ཡོད་མདོག་གིས་ཤོད་ཀྱི་ཡོད།དེ་དུས་མོས་“ཨ་ལས་དེ་འདྲ་རེད་དམ།ཨ་ཅག་ལགས་”ཞེས་ཁྲེལ་དགོད་ཀྱི་རྣམ་འགྱུར་དང་བཅས་ཁོང་ཁྲོ་བསྟན་ཅིང་ཡང་ཕྱོགས་གཞན་ཞིག་ནས་བཅོས་མའི་མཛུམ་མདངས་ཤིག་ཀྱང་སྟོན་པར་བྱེད།

འཛམ་གླིང་སྡུག་ལ་སྦྱོར་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ནའང་ངེད་གཉིས་ལ་ཕ་མ་གཉིས་པོས་བལ་ཡུལ་རྒྱལ་ས་ཀ་ཐཱ་མན་གྲུར་བསྒུགས་ནས་ཡོད་སྟབས་དེར་འགྲོ་རྒྱུ་ཐག་བཅད།དེ་དུས་མོ་རང་དངོས་གནས་དགའ་དྲགས་ནས་མཚན་མོའི་རྨི་ལམ་སྐབས་སུ་གཉིད་ལབ་བརྒྱབ་ནས་ནང་མི་ཐུག་འཕྲད་བྱུང་བའི་སྐོར་དང་།གཞན་ཡང་ཕ་གི་ལ་འཁྱམ་ས་ཡོད་རེད།སྐྱིད་པོ་ཡོད་རེད།དངོས་གནས་ཡོད་རེད་སོགས་ཅི་བཤད་འདི་བཤད་མེད་པ་ཤོད་ཀྱིན་འདུགཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཉིས་སྟོང་བཅུ་དགུའི་ལོར་ཐེམ་སྤང་བཀག་རྒྱ་ཐེངས་དང་པོ་དྲིལ་བསྒྲགས་བྱེད་པའི་སྐབས་ཨ་ཇོས་ཕ་མ་གཉིས་པོ་ཕ་ཡུལ་དུ་ཡར་བཏང་བས།ངེད་གཉིས་ཨ་ཇོ་དང་མཉམ་དུ་ཟླ་བ་གཉིས་རིང་ཐེམ་སྤང་བཀག་རྒྱའི་འོག་རྒྱལ་ས་རུ་ལྷག་དུས།མོས་ཀ་ཐ་མན་གྲུའི་རྒྱལ་ས་བརྗིད་ཆགས་དེ་ལའང་སྐྱིད་པོ་མེད་པ་ཚོར་འདུགགཅིག་བྱས་ན་ཁག་མེད།ཉིན་གང་པོར་ཁང་པའི་ནང་ཁ་པར་རྩེད་ཡ་དང་གློག་བརྙན་བལྟ་ཡ།ཡང་ན་ཨ་ཇོའི་ཕྲུ་གུ་དེ་ལྟ་རྟོག་བྱེད་པའི་ལས་ཀ་ལས་གཞན་ཅི་ཡང་བྱ་རྒྱུ་མེད་ཙང་ཡིན་སྲིད།སྐབས་དེར་མོ་རང་ཉོབ་ཐག་ཆོད་ནས་དུས་ཚོད་ཛ་དྲག་པོ་དེ་འདྲའི་སྐབས་སུའང་།གུང་སེང་ནས་དགོན་པར་འཛོམས་རྒྱུའི་དུས་ཚོད་ཀྱང་ཕྱིར་འགྱངས་བཏང་ཡོད་པ་དང་བསྟུན་ནས་ཨ་ཇོ་དང་ཨ་ཇོའི་མནའ་མར་ཞུ་བ་ལན་མང་འཐེན་རྗེས།ངེད་གཉིས་གྲོང་གསེབ་ལ་དཀའ་བ་བརྒྱ་ཕྲག་གིས་བསྐྱོད།ཏོག་དབྱིབས་ནད་དུག་གིས་ངེད་གཉིས་དང་ཕ་མ་གཉིས།གཅུང་པོ།ད་དུང་ཁོང་གི་མནའ་མ་བཅས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བར་ཟླ་བ་བཅུ་ཙམ་རོལ་རྒྱུའི་གོ་སྐབས་བྱུང་།དང་ཐོག་ཟླ་ཤས་རིང་མོ་རང་སྔར་འཚོལ་བཞིན་པའི་སྐྱིད་སྣང་དེ་ཕལ་ཆེར་རྙེད་པའི་བཟོ་འདྲ་བྱས་ནས་འདི་རུ་སྐྱིད་པོ་མི་འདུགགཞན་དུ་འགྲོ་ཞེས་པའི་སྨྲེ་སྔགས་མ་བཏོན་ཙང་།ངའི་རྣ་བ་འཇམ་ཐིང་ཐིང་དང་སེམས་པ་ཡང་ལྷོད་ཤིག་ཤིག་རེད།འོན་ཀྱང་མི་རིང་བ་ཞིག་ལ་ཡང་བསྐྱར་སྐྱིད་པོ་དེ་སྡུག་བསྔལ་གྱི་ངོ་བོར་གྱུར་རམ་ཡང་ན་མོ་རང་གི་ཨ་གསར་ཡོལ་བ་ཡིན་མི་ཤེས་མོད་གང་ལྟར་སླར་ཡང་སྐྱིད་སྣང་འཚོལ་འགོ་བརྩམས།དེ་སྔོན་མོ་རང་སྐྲ་བྲེགས་ནས་མགོ་རིལ་བཟོས་པའི་རྐྱེན་གྱིས་སྐྱིད་པོ་གཞན་དུ་གབ་ནས་མ་བརྙེད་པ་ཡིན་ནམ་སྙམ་པའི་བཟོ་འདྲ་བྱས་ནས།དབུ་སྐྲ་གནག་སྣུམ་མཐོ་གང་པོ་དེར་མུ་མཐུད་གཅེས་སྤྲས་བྱེད་བཞིན་འདུགངས་ནི་ཅི་ཡང་ལབ་མ་ཤེས་སྟབས་ཟུར་ནས་མོ་རང་ཉིན་རེ་ནས་ཉིན་རེར་འགྱུར་བཞིན་པའི་རྣམ་པ་དེར་བལྟས་ནས་སྡོད་པ་ལས་ཐབས་གཞན་ཅི་ཡང་མི་འདུགཟླ་བ་བཅུ་པོ་དེའང་ཕ་མའི་བརྩེ་བ་དང་གཅེན་གཅུང་གི་དགོད་སྒྲའི་ཁྲོད་ནས་མི་རིང་བར་འདས་སོང་།

སློབ་གླིང་དུ་གང་མགྱོགས་སླར་འཛོམས་རྒྱུའི་གསལ་བསྒྲགས་ཤིག་ཀྱང་འབྱོར་བས།དྲིན་ཅན་གྱི་ཕ་མ་སྤུན་མཆེད་རྣམས་བསྐྱུར་ནས་ལྷོ་ཕྱོགས་ཀྱི་མཁའ་རླུང་གཙང་ལ་གནམ་གཤིས་བསིལ་བ།རང་འདོད་ལྟར་ལྟོ་གོས་ཆོས་གསུམ་ཕུན་སུམ་ཚོགས་པའི་སློབ་གླིང་ངོ་མཚར་ཅན་དེའི་ཕྱོགས་སུ་སེམས་ཀྱི་རྟ་ཁ་སྒྱུར་དུས།ཕ་མ་བྲལ་བའི་གདུང་བ་ཚད་མེད་ཅིག་མྱོང་དགོས་བྱུང་ཞིང༌།ངེད་གཉིས་ཨ་མ་དང་ནང་མི་གཞན་པ་ཚོའི་གདོང་གི་མིག་ཆུར་ལྟ་བའི་བློ་སྤོབས་མེད་ཙང་ཚང་མར་ཐོད་པ་གཏུག་ཙམ་དང་ལག་པར་འཇུ་ཙམ་བྱས་ཏེ་ལམ་སེང་ཐལ་ཚུབ་ཁྲོད་ཀྱི་རྐང་ལམ་ཕྲ་མོ་དེ་ནས་ཕྱིར་མིག་ལྟ་ཙམ་ཡང་མ་བྱས་པར་རྒྱུག་མཆོང་འདྲེས་མས་ཞིང་རིགས་2བརྒྱུད་ནས་ཡོང་དུས།མོའི་མིག་ཟུང་ཁྲ་གོར་གོར་ནས་མིག་ཆུ་ལུད་ལ་ཁད་དུ་འདུག་ནའང༌།ངའི་འགྲོ་སྟངས་དེར་བལྟས་ནས་མོས་“ཧ་ཧ་”ཞེས་དགོད་སྒྲ་ཞིག་འདོན་དུས་ངས་ཀྱང་རྒྱབ་སྐྱོར་གྱི་ཚུལ་དུ་སླར་ཡང་དགོད་བྲོའི་རྣམ་འགྱུར་དུ་མ་ཞིག་བསྟན་ནས་ངེད་གཉིས་ཀྱིས་མིག་ཆུ་གཏོང་མཚམས་བཞག་པ་ཡིན།

རྒྱལ་སར་འབྱོར་དུས་མོ་ནི་དེ་སྔོན་སློབ་གླིང་ནང་སྐྱིད་སྣང་མ་ཚོར་ཙང་བཙུན་མའི་ལུས་རྟེན་ཁོ་ནས་མིན་པར་སྐྱ་བོའི་ལུས་རྟེན་ཐོག་ནས་ཀྱང་དམ་ཆོས་བསྒྲུབ་རྒྱུའི་གོ་སྐབས་ཡོད་པར་ཁ་གཡར་ཏེ་རང་དགོན་དུ་ཚུར་ལོག་ཡོང་བའི་ལམ་ཁ་ཆ་ཚང་རྦད་དེ་མེད་པར་གྱུར།ཡེ་ལྷའི་ལང་ཚོའི་མེ་ཏོག་དེ་དབུ་སྐྲ་སི་ལིང་ལྗང་པ་དང་གྱོན་ཆས་ཁྲ་ཁྲའི་གསེང་ལ་ཐིམ་ཞིང་སྐྱིད་པོ་གར་ཡོད་ངེས་པར་འཚོལ་རྒྱུའི་རྡོ་ལྟར་མཁྲེགས་པའི་ཨུ་ཚུགས་དེས་ངེད་གཉིས་ལོ་ངོ་བཅུ་ཕྲག་ཙམ་ལ་མཉམ་ཟ་མཉམ་སྡོད་བྱས་པའི་འཚོ་བ་ངོ་མཚར་ཅན་དེར་གས་ཆག་བཏང་སོང་ལ།དེ་ནས་བཟུང་ངེད་གཉིས་ཤ་རུས་གཅིག་པ་ཡིན་ནའང་ལུས་ཀྱི་ཆ་ལུགས་དང་མི་ཚེའི་ཁ་ཕྱོགས་སོ་སོར་གྱུར་སོང་བ་རེད།ངས་མོའི་མི་ཚེ་བདེ་སྐྱིད་དང་ལྡན་པའི་སྨོན་ལམ་འདེབས་བཞིན་ཡོད།དཀོན་མཆོག་མཁྱེན་་་་་་་་

  1. བེ་ཏཱའི་བསིལ་ཁུ།
  2. ཕ་ཡུལ་གྱི་ས་ཆ་ཞིག་གི་མིང་རེད།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།