སློབ་གསོ་རྒྱ་མཚོའི་ཆུ་ཐིགས།

ལོ་རིམ་བདུན་པའི་སློབ་གཉེར་བ། ཆོས་དབྱིངས་བླ་མ།

གལ་སྲིད་ཁྱེད་རང་ཉི་མ་བཞིན་དུ་འོད་ཟེར་འཕྲོ་འདོད་ན། དང་པོ་ཁྱེད་རང་ཉི་མ་དང་ལྷན་དུ་འགྲོ་ཐུབ་དགོས།

བཤད་རྒྱུ་ཉུང་ཙམ། བྱ་བ་མང་ཙམ་སྒྲུབ་དགོས། ཁྱེད་ཀྱི་གྲུབ་འབྲས་ནི་མི་གཞན་ལ་བཤད་དགོས་དོན་གང་ཡང་མེད། དཀའ་ལས་བརྒྱབ་པའི་གྲུབ་འབྲས་ནི་རང་བཞིན་གྱིས་གྲགས་ནས་ཡོང་བ་ཞིག་རེད།

ག་དུས་ཡིན་ཡང་མི་གཞན་གྱི་སེམས་ལ་སྡུག་བསྔལ་མ་སྤྲོད། གང་ཡིན་ཞེ་ན། དེ་ལྟ་བུའི་སེམས་ཞིག་ཁྱེད་ལ་ཡང་ཡོད་རེད།

ཁྱེད་རང་གིས་ཡག་པོ་བྱེད་བཞིན་དུ་མི་གཞན་པས་ཁྱེད་ལ་མི་དགའ་བ་བྱེད་འགྱུར་ན། ཁྱེད་རང་སེམས་ཤུགས་ཆག་མི་ཉན། རྒྱུ་མཚན་གང་ཡིན་ཞེ་ན་སྨིན་ཟིན་པའི་ཤིང་འབྲས་ལ་ཀུན་ཀྱིས་རྡོ་འཕེན་པ་རང་བཞིན་ཡིན་པ་རེད།

འདག་རྫས་བྱུགས་ནས་ཁྲུས་བྱེད་མཁན་རྣམས་ཀྱིས་གཟུགས་པོའི་དྲེག་པ་ཙམ་འཁྲུད་པ་རེད། ཡིན་ནའང་རྔུལ་ཆུས་གཟུགས་པོ་འཁྲུད་མཁན་རྣམས་ནི་ཉིན་གཅིག་འཛམ་གླིང་གི་ལོ་རྒྱུས་ལ་འགྱུར་བ་གཏོང་བའི་སྐྱེས་བུ་དམ་པ་ཆགས་འོང་བ་ཡིན།

གྲུབ་འབྲས་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་ལ་ངེས་པར་དུ་ལོ་ན་ཆེ་ཆུང་གལ་ཆེན་མ་རེད། གལ་ཆེན་ནི་ཁྱེད་ཀྱིས་བསམ་བློ་གཏོང་ཕྱོགས་ལོ་ན་ག་ཚོད་ཀྱི་གཏོང་བ་དེ་རེད།
རང་ལས་རྒན་པའི་བསམ་བློ་གཏོང་ཕྱོགས་ལ་རང་ཉིད་བཞིན་དུ་བརྩི་འཇོག་བྱེད་དགོས། མི་དེས་ཤེས་ཡོན་སྦྱངས་མྱོང་མེད་ཀྱང་རུང་། ཁོ་ལ་ཉམས་མྱོང་གི་བང་མཛོད་ཡོད་ཆོག དེས་ན་དེབ་ནང་ནས་མ་རྙེད་པའི་ཤེས་ཡོན་ཁོའི་ཉམས་མྱོང་བརྒྱུད་ནས་རྙེད་ཆོག་པ་རེད།

གནས་སྟངས་དཀའ་ངལ་འོག་ཏུ་ཡོད་ན་བརྩོན་འགྲུས་བསྐྱེད་དགོས། གནས་སྟངས་སྐྱིད་པོ་སྒང་ལ་ཡོད་ན་ཀུན་ལ་ཕན་པ་སྒྲུབ་དགོས།

ཁྲིམས་ནི་ཁྱེད་རང་སྡོམ་པའི་ཆེད་དུ་མ་རེད། ཁྲིམས་ནི་ཁྱེད་ཀྱི་ལམ་སྣེ་འཁྲིད་མཁན་ཞིག་དང་། ཁྱེད་རང་ནམ་ཡང་དཀའ་ངལ་འོག་ལ་མི་ཆུད་པའི་ཆེད་དུ་རེད།

སྟོང་ཕྲག་ལ་རེ་བ་བྱེད་པ་ལས། གཅིག་ལ་ལག་བསྟར་བྱེད་པ་ལྷག གང་ཞིག་ནོར་བའི་ལམ་ལ་མགྱོགས་པོར་རྒྱུགས་ནས་འགྲོ་བ་ལས། མ་ནོར་བའི་ལམ་ལ་ག་ལེར་འགྲོ་བ་ལྷག་པ་ཡིན།

བསྒྱུར་གཞི།
(Prerna) དང་ (Deepak Daiya) གཉིས་ཀྱི་དྲྭ་རྒྱ་ནས་ཕབ་སྟེ་བསྒྱུར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།