གཏེར་ཆེན་རཏྣ་གླིང་པའི་རྣམ་ཐར།

སློབ་དཔོན་ཨོ་རྒྱན་བསྟན་འཛིན།

དེ་ཡང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། ལང་གྲོ་ལོ་ཙཱ་ལྷོ་བྲག་གྲུ་ཤུལ་བྱོན། །མཁར་ཆུའི་འདུས་པ་བཞི་སོགས་ཟབ་གཏེར་སྒོ། །ཉེར་ལྔའི་ཞལ་འབྱེད་རྟག་ཁྱབ་ཕྲིན་ལས་ཅན། །འགྲོ་འདུལ་རཏྣ་གླིང་པར་གསོལ་བ་འདེབས། །ཞེས་རྗེ་འདི་ཉིད་ཀྱི་སྐུ་སྐྱེ་སྔ་མ་དང་། ད་ལྟ་གང་དུ་སྐུ་འཁྲུངས་པ། ཟབ་གཏེར་གཙོ་བོ་གང་གིས་འགྲོ་དོན་ཇི་ལྟར་བསྐྱངས་པའི་ཚུལ་བཅས་གསལ་པོར་འཁོད་པའི་རྣམ་ཐར་གྱི་སྤྱི་བསྡོམས་གསོལ་འདེབས་ཉུང་ངུའི་ངག་གི་ལམ་ནས་དྲངས་ཏེ་གསུངས་པ་ལྟར། སྤྲུལ་པའི་གཏེར་སྟོན་ཆེན་པོ་ཆོས་རྒྱལ་རཏྣ་གླིང་པའི་རྣམ་ཐར་མདོར་བསྡུས་ཙམ་བྲི་བ་ལ་དོན་རྣམ་པ་ལྔ་སྟེ།

གཟུགས་སྐུའི་པདྨོ་བཞད་ཅིང་མཁྱེན་རབ་ཀྱི་འདབ་མ་རྒྱས་པ།

དེ་ཡང་སྙིགས་མའི་དུས་འདིར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་རྒུད་པ་སེལ་ཞིང་ཕན་བདེའི་འོད་སྣང་སྤེལ་བར་མཛད་པའི་བྱེད་པོ་མཚུངས་ཟླ་བྲལ་བ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་ནི། ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་སྲས་རྗེ་འབངས་ཉེར་ལྔ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱའི་མགོན་དུ་མི་ཡི་གཟུགས་སུ་བྱོན་པ་ཤ་སྟག་ལས། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དངོས་ལས་སྨིན་གྲོལ་གྱི་གདམས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་ཏེ། གནམ་ལྕགས་རྡོ་རྗེའི་ཟེགས་མ་མདའ་ལྟར་འཕེན་པ་སོགས་རྫུ་འཕྲུལ་དུ་མ་ལ་མངའ་དབང་འབྱོར་བ།

ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཞེས་གྲགས་པའི་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་དེའི་ཡང་སྲིད་གཏེར་སྟོན་ཆེན་པོ་འདི་ཉིད་གང་དུ་ཇི་ལྟར་སྐུ་འཁྲུངས་པའི་ཚུལ་ནི། གཏེར་སྟོན་ཉིད་ཀྱི་རང་རྣམ་རིན་པོ་ཆེའི་ཕྲེང་བ་འོད་འབར་ཞེས་བྱ་བ་ལས། དེང་སང་ཤཱཀ་ཐུབ་བསྟན་པའི་གཞུག །ལྔ་བཅུ་ཁ་རལ་དུས་ཀྱི་མཐའ། །སྔོན་སྦྱངས་སྨོན་ལམ་ལས་ཀྱི་འཕྲོས། །ལྷོ་ཕྱོགས་མོན་བོད་གཉིས་ཀྱི་མཚམས། །ལུང་ཕྲན་ལྷོར་བལྟས་གྲུ་ཤུལ་གྱི། །ཚ་ལུང་ཐང་དཀར་ཞེས་བྱ་རུ། །མདོ་སྡེ་དར་དང་སྲི་དར་སྨན། །ཕ་མ་དེ་གཉིས་བུ་རུ་བདག །གནམ་ལོ་ལུག་གི་ལོ་ལ་སྐྱེས། །ཞེས་གསུངས་པ་བཞིན། འཛམ་གླིང་ས་ཡི་ཡང་རྩེ། བོད་ཡུལ་གངས་རིའི་ལྗོངས་ཀྱི་ཡུལ་དབུས་ལྷ་ལྡན་སྤྲུལ་པའི་ཞིང་གི་ལྷོ་ཕྱོགས། ལྷོ་བྲག་གྲུ་ཤུལ་ཚ་ལུང་ཐང་དཀར་ཞེས་བྱ་བའི་ས་ཆ་རུ། ཡབ་ཕྱུག་པོ་མདོ་སྡེ་དར་དང་། ཡུམ་སྲི་ཐར་སྨན་ཞེས་གྲགས་པ་གཉིས་ཐབས་ཤེས་ཟུང་དུ་འཇུག་པའི་སྐུའི་སྲས་སུ། རབ་བྱུང་བདུན་པའི་ཆུ་མོ་ལུག་གི་ལོའི་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ལ་མཚན་དཔེའི་མེ་ཏོག་གསར་དུ་བཞད།

ཡང་རང་རྣམ་ལས། ལོ་ལྔ་ལོན་ནས་སྔགས་པ་ཡི། །བག་ཆགས་སད་ནས་འཇིམ་པ་ལ། །གཏོར་མ་དབང་བསྐུར་ཆོས་བཤད་སོགས། །རྩེད་མོའི་གཙོ་བོར་བྱེད་ཅེས་གྲགས།  །ལོ་དྲུག་དག་ནས་ཀློག་ལ་སྦྱངས། །མགོ་སྨོས་ཙམ་གྱིས་མཁས་མཐར་ཕྱིན། །ལོ་བརྒྱད་མ་བསླབ་བྲིས་སོགས་ཤེས། །ལོ་བཅུ་ལོན་ནས་བླ་མ་དང་། །ཕུར་པ་ལ་སོགས་ཕྲིན་ལས་བསླབས། །རྩོལ་མེད་མགོ་སྨོས་ཙམ་གྱིས་ཤེས། །ཐོས་པ་འཛིན་ཞེས་སློབ་དཔོན་གསུངས། །དེ་དུས་སྒྲིབ་སོགས་སྲབ་པའི་ཕྱིར། །ཡ་མཚན་དག་སྣང་ཤར་བ་ཡང་། །རང་ཉིད་ལས་ཅན་ཡིན་པ་རུ། །མ་ཤེས་ཆེད་འཛིན་མེད་པ་དེས། །ཕལ་ཆེར་བརྗེད་ངེས་དབང་དུ་ཐལ། །ཆུང་དུས་བྱིས་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། སྐུ་ཆུང་ངུའི་དུས་ནས་བྱིས་པའི་རྩེད་མོ་ཚུན་ཆད་ལ་དབང་བསྐུར་ཆོས་བཤད་བྱེད་པ་སོགས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་རྟགས་མཚན་རྣམས་ལྷན་སྐྱེས་སུ་མངའ། དགུང་ལོ་དྲུག་ནས་ཀློག་བསླབས་པས་མགོ་སྨོས་པ་ཙམ་གྱིས་ཁོང་དུ་ཆུད་ཅིང་བརྒྱད་ནས་ཕྱག་བྲིས་སོགས་དཀའ་ཚེགས་མེད་པ་མཁྱེན། དགུང་ལོ་བཅུ་ནས་བླ་མ་དང་ཡི་དམ་གྱི་ཆོག་ཕྲིན་བསླབས་པ་རྩོལ་མེད་དུ་ཤེས་པ་མ་ཟད་ཡ་མཚན་པའི་དག་པའི་སྣང་བ་ཅིར་ཡང་ཤར། སྐྱེས་སྦྱངས་ཤེས་རབ་ཀྱི་མེ་དཔུང་འབར་བས་མ་རྟོགས་ལོག་རྟོག་གི་ཚང་ཚིང་ལྷག་མེད་དུ་བསྲེགས་ནས་མདོ་སྔགས་རིག་པའི་གནས་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་འོད་སྣང་ཡོངས་སུ་རྒྱས།

བླ་མའི་བྱིན་རླབས་ཐོབ་ཅིང་ཟབ་གཏེར་གྱི་ལས་འཕྲོ་སད་པ།

རང་རྣམ་ལས། དེ་ནས་ཨོ་རྒྱན་པདྨ་ལ། །རྩེ་གཅིག་མོས་པ་སྐྱེས་ན་ཡང་། །འཇིག་རྟེན་བྱ་བའི་དབང་དུ་ཐལ། །གུ་རུའི་བསྙེན་པ་མང་དུ་བསྒྲངས། །ཆོས་དང་དབང་བསྐུར་འགའ་རེ་ཞུས། །གནས་ལུགས་དོན་གྱི་རྟོགས་པ་ཡང་། །དེ་དུས་ཁོ་ན་སྐྱེས་འདུག་སྟེ། །རང་གིས་མ་ཤེས་དོན་མ་རྟོགས། །སྒྱུ་མའི་བྲོ་དང་གླུ་གར་སོགས། །ཐ་མལ་འཁྲུལ་སྣང་དབང་དུ་ཤོར། །ལང་ཚོ་ལུས་ཀྱི་རྩལ་ཤུགས་རྣམས། །ཀུན་གྱིས་རྩོད་མེད་གྲགས་པ་ཡིན། །ཟབ་མོའི་གཏེར་དང་མ་འཕྲད་པར། །ཚེ་སྟོད་ཕལ་གྱི་བྱ་བ་རྣམས། །ཐ་མལ་དུས་ཀྱི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། ཚེ་རབས་སྔ་མའི་ལས་སྨོན་གྱི་འབྲེལ་བ་ཟབ་མོས་བླ་མ་ཨོ་རྒྱན་ཆེན་པོ་ལ་ཐུན་མོང་མ་ཡིན་པའི་མོས་པ་རྩེ་གཅིག་ཏུ་ཐོབ་སྟེ་བསྙེན་པ་མང་དུ་བཟླས་པས་བླ་མའི་བྱིན་རླབས་སྙིང་ལ་བཞུགས་ནས་གནས་ལུགས་དོན་གྱི་རྟོགས་པ་མ་ནོར་བ་ཐུགས་ལ་འཁྲུངས། ཡང་རང་རྣམ་ལས། དེ་ནས་སྔོན་སྦྱངས་ལས་ཀྱི་འཕྲོས། །རྩ་བདུན་ལོ་ལ་ཁ་བྱང་བྱུང་། །ལོ་གསུམ་བར་དུ་གསང་ལམ་བཅད། །སུམ་ཅུའི་ལོ་ལ་བག་ཆགས་སད། །ཆུ་བྱ་སྤྲེལ་ཟླའི་ཚེས་བཅུ་ལ། །ཁྱུང་ཆེན་བྲག་གི་ཟབ་གཏེར་རྙེད། །རྩ་བ་གསུམ་གྱི་སྒྲུབ་སྐོར་དང་། །འབྲས་བུ་དོན་ཁྲིད་སྣ་དྲངས་པའི། །ངེས་དོན་ཆོས་ཀྱི་སྙིང་པོ་བྱོན། །སོགས་ནས། གཏེར་རྣམས་འདོན་པའི་ལག་ལེན་ཀྱང་། །གུ་རུ་ཆོས་དབང་ཕྱག་སྲོལ་བཞིན། །ཁ་བྱང་གནད་བྱང་ཏི་ཀ་སྡེབ། །འདོན་དུས་གཏེར་སྟོན་ལུང་དང་མཐུན། །ལས་ཅན་འདོན་གྲོགས་མང་དུ་ཁྲིད། །རྩོལ་མེད་གསལ་བའི་དཔང་པོ་བཅོལ། །མེ་ལོང་ལྟ་བུའི་བྲག་སྒོ་ཕྱེ། །གཏེར་སྣོད་བསྭེ་སྒམ་བུམ་པར་བཅས། །ཡོངས་རྫོགས་ཆེན་པོའི་དངོས་གྲུབ་བླང་། །གུ་རུའི་བཀའ་རྟགས་མེ་ཡིག་དང་། །ཆུ་ཡིག་ཕྲ་མེན་ཆུ་དར་སོགས། །ཡ་མཚན་རྩོད་བྲལ་མང་དུ་བྱོན། །རྫུན་གཏེར་ཟོག་པོ་འགའ་ཞིག་གིས། །གཏེར་སྣོད་ཡ་མཚན་བཀའ་རྟགས་མེད། །འདོན་གྲོགས་དཔང་པོ་ལས་ལྡན་མེད། །སྐྱོན་ཅན་རང་བཟོ་ཚུལ་འདྲ་ཡི། །ཆ་མེད་གདོལ་ཆོས་ངས་མ་བྱས། །མུན་པའི་ལག་ནོམ་ལོག་ཤེས་ཅན། །ཕོ་ཆུ་དབྱུག་ཏོ་ངས་མ་འཕེན། །མཐའ་དབུས་བྱེད་སྤྱོད་རྣ་བས་ཉོན། །རྨོངས་པ་འདྲེན་ཚད་ཡི་གེར་བྲིས། །ཕོ་ཚོད་ལུང་བསྟན་ངས་མ་བཅོས། །མི་ཆོས་བླ་མའི་རྫུན་མ་སྨྲས། །རྒྱབ་ན་མིས་འཕྱ་དགུ་ཤེས་ཀྱང་། །མདུན་ན་རང་སེམས་དཔང་དུ་གཏུག །གཏེར་སྟོན་བྱས་པའི་རྣམ་ཐར་ཡིན། །ཞེས་པའི་བར་ཇི་སྐད་གསུངས་པ་ལྟར། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་དང་། ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་སྐོར་སོགས་ཀྱིས་ཐོག་དྲངས། རིམ་པར་འབྲི་ཐང་ཀོ་རོ་བྲག་ནས་རྟ་ཕག་ཡབ་ཡུམ་ཟུང་འཇུག་ཏུ་སྒྲུབ་པ། ལྷོ་བྲག་གནམ་སྐས་ཅན་ནས་རྗེ་ཉིད་ཀྱི་ཟབ་གཏེར་གཙོ་བོ་འདུས་པ་སྐོར་བཞིར་གྲགས་པ་སྟེ། ཐུགས་ཆེན་གསང་བ་འདུས་པ། རྟ་མགྲིན་གསང་བ་འདུས་པ། ཟབ་ལམ་གསང་བ་འདུས་པ། ཚེ་སྒྲུབ་གསང་བ་འདུས་པ་རྣམས་དང་། གཞན་ཡང་བླ་མ་ཞི་དྲག རྫོགས་ཆེན་ཀློང་གསལ་ཉི་མ་སོགས་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ།

ཨོ་རྒྱན་རིན་པོ་ཆེ་དང་ལན་གྲངས་ཉེར་ལྔ་མཇལ། ཟངས་མདོག་དཔལ་རིར་ཕེབས་པའི་དག་སྣང་སོགས་མཛོད་ཁང་བཅུ་གསུམ་གྱི་ཡི་གེར་འཁོད་པ་ལྟར་ལགས། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པའི་དབང་གིས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཚེ་འདི་ཉིད་ལ་བཏོན་པས། ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་གཏེར་སྟོན་གྱི་མཚན་གསུམ་དུ་གྲགས།

མཁས་གྲུབ་བླ་མ་བསྟེན་ཅིང་ཟབ་དགུའི་གདམས་ངག་མནོས་པ།

རང་རྣམ་ལས། ཐུགས་གཏེར་ཟབ་མོ་མཇལ་དུས་ནས། །ཨོ་རྒྱན་རྗེ་ཡི་བྱིན་རླབས་ཀྱིས། །མ་རིག་བློ་ཡི་མུན་པ་སངས། །ཤེས་རབ་དོན་གྱི་རྩ་ཁ་བྱེ། །གསར་རྙིང་བཀའ་གཏེར་ཐམས་ཅད་ལ། །ཀུན་ལ་ཕྱོགས་མེད་དག་སྣང་སྐྱེས། །རྟོགས་ལྡན་ཡེ་ཤེས་དཔལ་བཟང་ལ། །གཅིག་ཆོག་རྩ་བའི་བླ་མ་བྱས། །སོ་གསུམ་ལོ་ལ་རབ་ཏུ་བྱུང་། །རིན་ཆེན་དཔལ་བཟང་ཞེས་པར་བཏགས། །མཁའ་འགྲོ་སྙིང་ཐིག་གསང་སྐོར་སོགས། །བཀའ་གཏེར་རྙིང་མའི་དབང་ཆོས་ཞུས། །ནི་གུ་ཆོས་དྲུག་རྒྱུད་སྡེ་ལྔ། །ཕྱག་དྲུག་རྟ་མགྲིན་ལ་སོགས་པ། །རྒྱ་བོད་གདམས་སྐོར་རྫོགས་པར་ཞུས། །ནཱ་རོ་ཆོས་དྲུག་ཕྱག་ཆེན་སོགས། །ཀརྨ་པ་དང་མཚལ་འབྲུག་གི །དབང་ཁྲིད་གདམས་པ་དཔག་མེད་ཞུས། །ཁྲིད་ཆེན་བརྒྱད་དང་རི་ཆོས་དང་། །གསང་ཁྲིད་ཐབས་ལམ་དཔག་མེད་ཞུས། །སེམས་ཁྲིད་ཡིད་བཞིན་ནོར་བུ་དང་། །བསྙེན་སྒྲུབ་ཞི་བྱེད་གཅོད་ཡུལ་སོགས། །ཟབ་ཆོས་དབང་ཁྲིད་མང་དུ་ཞུས། །མདོར་ན་བཀའ་བརྒྱུད་རྣམ་ཐར་དང་། །བཀའ་འབུམ་སྒྲུབ་སྐོར་ལས་ཚོགས་བཅས། །ངོམ་མེད་ཆོས་ཀྱི་རྒྱ་མཚོ་བཏུང་། །སོགས་ནས། བསམ་ཤེས་བྱིས་པ་ཡན་ཆོད་ནས། །གཏེར་ཁ་བཅུ་གཉིས་ཐོན་ཕན་ཆད། །རྟེན་འབྲེལ་གནས་དུས་མ་ལོག་པས། །ཀུན་ལ་དག་པའི་སྣང་བ་ཐོབ། །ཕྱོགས་འཛིན་སྦར་མོའི་མ་འཐིབ་པར། །ཀུན་གྱི་ཐུགས་བཅུད་བདུད་རྩི་འཐུང་། །ཉམས་མྱོང་གྲུབ་རྟགས་ཡོན་ཏན་ཡང་། །དབང་པོ་རབ་ཏུ་མ་གྱུར་ཀྱང་། །སོ་སོའི་གཞུང་བཞིན་འོ་ལེ་བྱུང་། །སུམ་ཅུ་སོ་བདུན་ཡན་ཆད་དུ། །མཚན་ལྡན་བླ་མ་བསྟེན་ནས་ཀྱང་། །གདམས་ངག་ཞུས་པའི་རྣམ་ཐར་ཡིན། །ཞེས་པའི་བར་ཇི་སྐད་གསུངས་པ་ལྟར། ཡང་དག་པའི་ཆོས་དང་བླ་མའི་བྱིན་རླབས་ལ་བརྟེན་ནས་རིས་མེད་དག་པའི་སྣང་བ་ཐུགས་ལ་རྩོལ་མེད་དུ་འཁྲུངས་ཏེ་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་དམ་པ་རྣམས་ཇི་ལྟར་བསྟེན་པའི་ཚུལ་ནི། དགུང་ལོ་སོ་གསུམ་པར་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་གཅིག་ཆོག་རྟོགས་ལྡན་ཡེ་ཤེས་དཔལ་བཟང་ལས་རབ་ཏུ་བྱུང་བས་མཚན་རིན་ཆེན་དཔལ་བཟང་ཞེས་བཏགས། མཁའ་འགྲོ་སྙིང་ཐིག་དང་། ནཱ་རོ་ཆོས་དྲུག་སོགས་གསར་རྙིང་གི་ཆོས་བཀའ་མང་དུ་ཞུས། གཞན་ཡང་བཤེས་གཉེན་དམ་པ་གུ་རུ་བཛྲ། བླ་མ་བསམ་གཏན་ལྷུན་གྲུབ། ཀུན་དགའ་དོན་ཡོད། བྱང་བཟང་པ། གུང་ཐང་པ། ཀུན་དགའ་བ། ཀརྨ་པ། བཀའ་བཞི་པ། མུན་ཕུག་པ། རྩ་རི་བ། མངའ་བདག་པ། གུ་རུ་པ། དྭགས་པོ་པ། སྨན་ལུང་པ། མགོན་རིན་པ། ནམ་བཟང་པ། རོང་པོ་བཀའ་བཅུ་སོགས་མཚན་ལྡན་བླ་མ་དམ་པ་དུ་མའི་དྲུང་ནས་གསར་རྙིང་རིས་མེད་ཀྱི་དམ་ཆོས་བདུད་རྩིའི་རྒྱ་མཚོ་ལ་ལོངས་སུ་སྤྱོད་པས་རྟོགས་པའི་ལུས་སྟོབས་མཆོག་ཏུ་རྒྱས། ཁྱད་པར་དུ་སྐྱེ་བ་མང་པོའི་གོང་ནས་ལས་ཀྱིས་འབྲེལ་བར་ལུང་གིས་ཟིན་པའི་བླ་མ། མཚུངས་མེད་ཆོས་རྗེ་དམ་པ་ཀུན་མཁྱེན་ཟླ་བ་གྲགས་པ་ལས།

སྔ་འགྱུར་རྙིང་མའི་ཟབ་ཆོས་ཐུན་མོང་མ་ཡིན་པ་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་དང་། བསྟན་པ་བུ་གཅིག བི་མ་སྙིང་ཐིག་དང་། མཁའ་འགྲོ་སྙིང་ཐིག་གི་སྐོར། ཐེག་མཆོག་རིན་པོ་ཆེའི་མཛོད་ཀྱིས་གཙོས་པའི་ཀུན་མཁྱེན་ཆེན་པོའི་གསུང་རབ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་ངོམ་པ་མེད་པར་བཞེས་ཏེ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་གི་རྣམ་པར་ཐར་པ་བདག་གིར་བཞེས།

གྲུབ་པའི་རྟགས་མཚན་བརྙེས་ཤིང་གཞན་དོན་གྱི་ཕྲིན་ལས་སྐྱོང་བ།

རང་རྣམ་ལས། ཆུ་བྱི་ལོ་ལ་གཏེར་མཇལ་ནས། །གུ་རུའི་ཐུགས་སྒྲུབ་ཞག་ཉེར་གཅིག །བྱས་དུས་གཏོར་མ་བུམ་ཆུ་དང་། །བདུད་རྩི་སྨན་ལ་མེ་ཏོག་ཆགས། །གཏོར་མ་བྷནྡྷ་དུས་གཅིག་ཁོལ། །མི་འགས་མཐོང་སྟེ་ཡ་མཚན་སྐྱེས། །ཁྱུང་ཆེན་བྲག་གི་དགོན་པ་རུ། །སྐྱེ་བདུན་སྒྲུབ་པས་དྲི་བཟང་ཁྱབ། །འོད་ཟེར་དཀར་པོ་འཕྲོ་བ་དང་། །མར་མེ་ཞག་ཏུ་འཛིན་པ་བྱུང་། །རང་གི་ཆུ་དཀར་དགོན་པ་རུ། །ཐུགས་སྒྲུབ་ཞག་བདུན་བྱས་པའི་ཚེ། །གཏོར་མ་ཁོལ་ཞིང་ལུད་པ་དང་། །བདུད་རྩི་སྨན་ལ་མེ་ཏོག་ཆགས། །མར་མེ་ཞག་གསུམ་བར་དག་ཏུ། །སྣོན་འབྲི་མེད་པར་འཛིན་པ་སོགས། །ངོ་མཚར་ཀུན་གྱི་མཐུན་སྣང་གྲུབ། །སོགས་ནས། དེ་རྣམས་གྲྭ་སློབ་ཡོན་མཆོད་དང་། །ཀུན་གྱི་མཐུན་སྣང་གྲུབ་པ་རུ། །གྲུབ་རྟགས་བྱུང་བའི་རྣམ་ཐར་ཡིན། །ཞེས་པའི་བར་ཇི་སྐད་གསུངས་པ་ལྟར། ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་། དེ་དག་དང་དབང་ཁྲིད་གདམས་ངག་སྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་ཀྱི་གུར་ཕུབ་པ། མེ་ཏོག་གི་ཆར་བབ་པ། སྨན་སྤོས་ཀྱི་དྲིས་ཁྱབ་པ། གཏོར་མ་དང་བུམ་ཆུ་ཁོལ་བ། དམ་རྫས་སྨན་སྒྲུབ་མང་དུ་འཕེལ་བ་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ཀྱིས་མི་ལོང་ཞིང་མཛད་པ་ཕྲིན་ལས་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་། གངས་ཏི་སེ་ནས། ཁམས་རྒྱལ་མོ་རོང་གི་བར་གྱི་ལས་དང་སྐལ་བ་ལྡན་པའི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ལྷག་པར་དུ་བཀའ་འགྱུར་དཀར་ཆག་ལྡན་དཀར་མར། གསང་སྔགས་ནང་རྒྱུད་རྣམས་བཀའ་གཉན་པས་འདིར་མ་བཀོད་ཅེས་གསལ་བ་ལྟར་དུས་སྐབས་དེ་དག་ཏུ་སྔ་འགྱུར་རྙིང་མའི་རྒྱུད་རྣམས་བཀའ་འགྱུར་སྡེབས་སུ་མ་བཞུགས་སྟབས་དཔེ་ལུང་གཉིས་ཀའི་རྒྱུན་ཤིན་ཏུ་དཀོན་པར་གྱུར་པ་ལ། ཟུར་འུག་པ་ལུང་དུ་རྒྱུད་འབུམ་རགས་རིམ་བཞུགས་པས་མཚོན་ཐུགས་རྩོལ་ཆེན་པོས་ཕྱོགས་མཐའ་དག་ནས་དཔེ་རྒྱུན་རྣམས་བཙལ། ལུང་རྒྱུན་ཡོངས་རྫོགས་གཙང་གི་མེས་སྒོམ་བསམ་གཏན་བཟང་པོ་གཅིག་པུ་ལས་ཁམས་བོད་གང་ནའང་མེད་པར་མཁྱེན་པས་ལུང་རྒྱུན་ཆད་དུ་ཉེ་བ་ཐུགས་ཀྱིས་མ་བཟོད་དེ།

རྗེ་མེས་སྒོམ་སྐུ་ན་ཤིན་ཏུ་བགྲེས་ཀྱང་ཡུན་རིང་པོར་དཔོན་སློབ་གཉིས་ཀས་བརྩོན་པ་ཆེན་པོའི་སྒོ་ནས་འཆད་ཉན་གནང་། སླར་གྲུ་ཤུལ་ལྷུན་གྲུབ་ཕོ་བྲང་དུ་རྒྱུད་འབུམ་དཀྱུས་གཅིག་ཏུ་བསྒྲིགས་ཏེ་སྔོན་དུ་སྣག་བྲིས་དང་རྗེས་གསེར་ཆོས་གསར་བཞེངས་དང་འབྲེལ་ལུང་རྒྱུན་ལན་དུ་མར་སྤེལ་བར་མཛད་པས། དེང་སང་གསང་རྒྱུད་ཡིད་བཞིན་ནོར་བུ་ལྟ་བུ་འདི་རྣམས་ལ་ལོངས་སྤྱད་དུ་ཡོད་པ་གཏེར་ཆེན་འདི་ཉིད་ཀྱི་ཐུགས་རྗེ་ཁོ་ནར་ངེས་པས་ན་སྔ་འགྱུར་སྤྱིའི་བསྟན་པ་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་ཡིན་ཏེ། རིག་འཛིན་འཇིགས་མེད་གླིང་པས། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཔེ་ལུང་གཉིས་ཀའི་རྒྱུན་ལ་གཅིག་ཏུ་བཀའ་དྲིན་ལྡན་པ་རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་ལྷུན་གྲུབ་ཕོ་བྲང་གི་རྒྱུད་འབུམ་རྣམས་དཔེ་ལུང་གཉིས་ཀའི་རྩ་བར་གྱུར་ལ། ཞེས་གསུངས་པ་ལྟར་རོ།།

བརྒྱུད་འཛིན་སློབ་ཚོགས་རྒྱས་ཤིང་འགྲོ་དོན་གྱིས་ས་སྟེང་ཁྱབ་པ།

དེ་ལྟ་བུའི་རྨད་བྱུང་གསང་བ་གསུམ་གྱི་རྣམ་པར་ཐར་པ་དང་། བསྟན་འགྲོ་ཡོངས་ལ་སྨན་པའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ། རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ཡི་ལོར་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །ཁོང་གི་བརྒྱུད་འཛིན་སློབ་མའི་གཙོ་བོ་ནི། རང་རྣམ་ལས། དེ་ནས་གུ་རུའི་ལུང་བཞིན་དུ། །བརྒྱུད་འཛིན་སློབ་མའི་ལུང་བསྟན་ཡང་། །ཐུགས་སྲས་སྙིང་གི་བུ་བཞི་དང་། །ཉེ་བའི་བུ་བཞི་རྟགས་མཐུན་བཞི། །ལུང་བསྟན་མཆོག་གི་བུ་ལྔ་སྟེ། །དཀྱིལ་འཁོར་འཛིན་པའི་བུ་བརྒྱད་དང་། །ཆོས་ཀྱི་བདག་པོ་ཉི་ཤུ་ལྔ། །དོན་གཉིས་སྤྱོད་པ་ལྔ་བཅུ་སྟེ། །བཀའ་དང་ལུང་རྫོགས་བརྒྱ་དང་བརྒྱད། །རྟོགས་ལྡན་ཕོ་མོ་བརྒྱ་དང་བརྒྱད། །ཆོས་ཀྱི་འབྲེལ་བའི་སེར་མོ་ནི། །ཁྲི་ཕྲག་ལྔ་རུ་བསྟན་པ་སྟེ། །ཕྲ་མོ་རིགས་འདུས་ནམ་མཁའ་ཡི། །སྐར་མ་ཙམ་དུ་འབྱུང་ལུང་བསྟན། །རྒྱལ་ཁམས་ཕྱོགས་མེད་མཐའ་དག་ཏུ། །ངེས་པར་འབྱུང་ཡང་འབྱུང་བར་སེམས། །ཞེས་སྡོམ་གྱིས་བསྟན་པ་ལྟར་ལས། སློབ་ཚོགས་རྣམས་ཀྱི་མཚན་རེ་རེ་ནས་སྨོས་མ་ནུས་ཀྱང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཀརྨ་པ་རང་བྱུང་མཚོ་སྐྱེས་རྡོ་རྗེ་དང་། ཆོས་སྐྱོང་སྤྲུལ་པའི་རྒྱལ་པོ་སྣེ་གདོང་བདག་པོ་ཆེན་པོ་ཀུན་དགའ་ལེགས་པའི་འབྱུང་གནས། ལོ་ཙཱ་བ་དྲན་པ་ཡེ་ཤེས་ཀྱི་སྐྱེ་བ་འཕན་ཡུལ་སྨན་རྩེའི་ཆོས་རྗེ་བསམ་གྲུབ་རྒྱལ་སོགས་ཐོག་མར་འདུས་པའི་བུ་ཆེན་སྔ་ཤོས་རྣམས་དང་། ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་བ་ར་ལུང་པ་ཆོས་རྗེ་ཀུན་དགའ་དཔལ་འབྱོར་དང་། སྐྱེས་བུ་སྒོམ་པ་ཤེར་འོད་ཀྱི་སྐྱེ་བ་དུར་ཁྲོད་པ་ཚུལ་ཁྲིམས་བློ་གྲོས་སོགས་བར་དུ་འདུས་པའི་བུ་ཆེན་རྣམས་དང་། གྱང་མདོའི་བླ་མ་སངས་རྒྱས། ཕྲག་གི་བླ་མ་དཔལ་མཆོག  སྤང་ཡེའི་བླ་མ་སངས་རྒྱས། བ་ཡོའི་བླ་མ་ནམ་བཟང་སོགས་རྗེས་སུ་འདུས་པའི་བུ་ཆེན་རྣམས་ཀྱིས་གཙོས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་བྱོན་ཅིང་འགྲོ་དོན་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པ་རྒྱུན་མི་ཆད་པར་གནས་པ་ཡིན་ཏེ། རང་རྣམ་ལས། བྱང་གི་རྒྱ་མ་འབྲི་གུང་པ། །ཨེ་གཉལ་ཡར་སོགས་བྱར་དག་ཀོང་། །ལོ་རེའི་མགྲན་ཐོང་མོན་གྱི་མཐའ། །ནུབ་ཀྱི་ལ་ཡག་ས་ཕུག་བར། །མཐའ་དབུས་ཕྱོགས་མཚམས་ཐམས་ཅད་དུ། །སྒྲུབ་ཆེན་ཁྲོམ་དབང་རྟེན་གསུམ་ཆེ། །དབང་བསྐུར་ཆོས་བཤད་འགྲོ་དོན་གྱིས། །ཕྱོགས་མཚམས་འབྲེལ་བ་བཞག་པ་ལ། །དེང་སང་བོད་ཀྱི་རྒྱལ་ཁམས་ན། །ང་ལས་ཆེ་བ་མེད་དམ་སེམས། །ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། །སྒྲུབ་ཆེན་གསང་བ་ཡོངས་རྫོགས་ལ། །སྨན་སྒྲུབ་སྦྲེལ་བའི་སྒྲུབ་ཆེན་ཡང་། །ཕྱོགས་མཚམས་མཐའ་དབུས་ཐམས་ཅད་དུ། །སྔོན་ཆད་སུམ་ཅུ་རྩ་གསུམ་བསྒྲུབ། །ངོ་མཚར་ཡ་མཚན་སྒྲུབ་རྟགས་ལ། །བར་ཆད་ཕྲ་མོ་ཡོང་མ་མྱོང་། །ཁོ་བོ་འདྲ་བ་དཀོན་མོར་མཆི། །གཞན་ཡང་ཕྱོགས་མཚམས་འབུལ་བ་ཀུན། །གཙུག་ལག་སྐུ་རྟེན་གསུང་རབ་ལ། །ཀར་མེ་གསེར་ཀོང་གསེར་ཆབ་དང་། །མ་ཎི་དུང་འགྱུར་སྒྲུབ་ཆེན་མཆོད་པ་དང་། །བསྟན་པའི་རིམ་གྲོ་ཚོགས་བརྒྱ་རྩ། །རང་གཞན་ཚོགས་གཉིས་རྫོགས་པའི་རྒྱུར། །རང་གིས་སྒོ་གསུམ་འབད་ནས་བསྒྲུབས། །དེ་དག་གདུལ་བྱ་སྐྱོང་བ་ཡི། །རྣམ་ཐར་མདོར་བསྡུས་བཀོད་པ་ཡིན། །ཞེས་གསུངས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་སློབ་བརྒྱུད་དང་བཅས་པའི་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་ཞིང་ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་དྲི་མ་མེད་པ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རིན་པོ་ཆེས་ནོར་འཛིན་ཡངས་པའི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་། ཡང་སྒོས་སུ་རྗེ་འདི་ཉིད་ཀྱི་གཏེར་ཆོས་རྣམས་ཞལ་དྲོ་ཞིང་བྱིན་རླབས་གཞན་ལས་ཆེ་བར་གྲགས་པས་འགྲོ་དོན་དང་ཕྲིན་ལས་ཀྱི་ཁྱབ་རྒྱ་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན། ཕུར་པ་ཡང་གསང་བླ་མེད་འདི་ཉིད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་ཤིན་ཏུ་ཟབ་པ། ཕུར་པ་ཐམས་ཅད་ཀྱི་ཡང་སྙིང་དུ་གསུངས་ཤིང་ཐེག་ཆེན་བླ་མེད་སྒྲུབ་པ་རྣམས་ཀྱི་བར་ཆད་སྲུང་བའི་ལྕགས་རི་ལྟ་བུར་གྱུར་པ་དང་། དེ་བཞིན་དུ་ཚེ་སྒྲུབ་གསང་བ་འདུས་པ་འདི་ཡང་འཆི་མེད་ཚེ་ཡི་སྒྲུབ་པ་ཐམས་ཅད་ཀྱི་ཟབ་པའི་མཐར་ཐུག་ཐུགས་ཀྱི་ཡང་ཞུན་དུ་རྡོ་རྗེའི་གསུང་གིས་བསྔགས་ཤིང་རྟེན་འབྲེལ་དང་བྱིན་རླབས་ལྷག་པར་ཆེ་བས། སྔོན་ནས་ད་ལྟའི་བར་དུ་བྱོན་པའི་སྔ་འགྱུར་བའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོ་སོགས་ཀྱི་སྨིན་གྲོལ་མཐའ་གྲུབ་པའི་མཐའ་རྟེན་བཀྲ་ཤིས་ཀྱི་ཚུལ་དུ་གནང་བར་མཛད་པའི་ཕྱག་བཞེས་རྒྱུན་མ་ཆད་པར་བྱུང་བའི་ངོ་མཚར་གྱི་ཕྲིན་ལས་འདི་ཡང་བསམ་གྱིས་མི་ཁྱབ་པས་མཚོན་ཏེ་ཤེས་པར་བྱའོ།།

དེ་ལྟར་གཏེར་ཆེན་རཏྣ་གླིང་པའི་རྣམ་ཐར་མདོར་བསྡུས་སུ་བརྗོད་པ་འདི་ནི། གཏེར་ཆེན་ཉིད་ཀྱིས་ཞལ་ནས་གསུངས་པའི་རྣམ་ཐར་ཚིགས་སུ་བཅད་པ་རིན་པོ་ཆེའི་ཕྲེང་བ་འོད་འབར་གྱི་གཞི་བྱས། འཇམ་མགོན་ཀོང་སྤྲུལ་གྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་རིན་ཆེན་བཻཌཱུརྱའི་ཕྲེང་བ་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་གཉིས་སུ་ཇི་ལྟར་གསལ་བ་རྣམས་ཀྱིས་ཁ་བསྐངས་ཏེ་བྲིས་པ་ལགས་སོ།། །།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།