དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བའི་རྣམ་ཐར།

རྩོམ་སྒྲིག་པ།

སྐུ་འཁྲུངས་པའི་སྐོར།

ཤར་རྒྱལ་བ་དཔལ་ཡུལ་བའི་བུ་དགོན་དཔལ་ཡུལ་དར་ཐང་དགོན་གྱི་གདན་རབས་བདུན་པ་དཔལ་ཡུལ་གཟི་འགགས་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་འཇམ་དཔལ་དབྱངས་དངོས་འཇིགས་མེད་ཆོས་ཀྱི་ཟླ་བའམ་ཐུབ་བསྟན་ཆོས་ཀྱི་ཟླ་བ་ནི། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་རོང་གཏེར་རྒོད་པདྨ་བདེ་ཆེན་གླིང་པ། མགར་ཀློང་གཏེར་སྟོན་བདུད་འདུལ་དབང་ཕྱུག ཁྲག་འཐུང་བདུད་འཇོམས་གླིང་པ་སོགས་གཏེར་སྟོན་ཚད་ལྡན་རྣམས་ཀྱི་གཏེར་ཆོས་སུ་ལུང་གིས་ཟིན་པ་ལྟར་ཤར་རྒྱལ་མོ་ཚ་བ་རོང་གི་རྒྱ་ཁ་སྦོ་ཏོ་ཞེས་པའི་ཡུལ་དུ་བོད་རིགས་ཡབ་ལོ་ཡེ་ཐེན་ཤིའུ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྨན་ཐར་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟ། སྤྱི་ལོ་ ༡༨༩༩ ལོར་འཁྲུངས། ཞག་གསུམ་ནས་མ་ཡུམ་གྲོངས། མ་ཡུམ་གྲོངས་པའི་བུ་ཆུང་དགོས་མེད་དུ་དོར་ཏེ་པུར་སྒམ་ནང་དུ་མ་ཡུམ་གྱི་རོ་དང་མཉམ་དུ་བཅུག་སྟེ་འོག་ཁང་དུ་བཞག་ནས་བླ་མཆོད་རྣམས་ཀྱིས་རིགས་དྲུག་གནས་འདྲེན་དང་། སྡིག་སྒྲིབ་སྦྱོང་བའི་ཆོ་ག་མཛད། སྐབས་ཤིག་མཚན་མོ་མུན་ནག་གི་ཁྲོད་དུ་བུ་ཆུང་དང་མ་ཡི་རོ་གཉིས་བཞག་པའི་འོག་ཁང་དུ་འོད་དཀར་པོ་ཉི་ཟླའི་སྣང་བ་ལྟ་བུ་ཞིག་འཕྲོ་བཞིན་ཡོད་པ་ཉེ་དུ་རྒད་པོ་ཞིག་གིས་མཐོང་བས། འོག་ཁང་དེའི་སྒོ་ཕྱེས་ནས་བལྟ་རུ་ཕྱིན་པས་བུ་ཆུང་དེ་མགོན་པོ་གདོང་བཞི་པ་ཞིག་གིས་པང་དུ་བཏེག་སྟེ་སྲུང་བ་མཐོང༌། དེ་ནས་བསོད་ནམས་དང་སྨོན་ལམ་ལྡན་པའི་བུ་མོ་ཞིག་ལ་གཏད་དེ་སྐྱེད་བསྲིངས་མཛད།

སྐྱེས་ཆེན་དུ་མའི་རྣམ་སྤྲུལ་ཡིན་ཚུལ།

སྐུ་ཕྲེང་གོང་མ་གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བ་ཞིང་ལ་ཕེབས་སྐབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས་ཡང་སྤྲུལ་ངོས་འཛིན་གྱི་ཐུགས་ཁུར་མཛད་རྒྱུའི་ཞལ་བཞེས་གནང་བ་ལྟར་དྲི་མེད་སྤྱན་གྱིས་གཟིགས་ཏེ་གཟི་སྤྲུལ་རྒྱལ་རོང་སྦོ་ཏོ་ཞེས་པར་སྐུ་འཁྲུངས་འདུག་པས་ཅིས་ཀྱང་སྐུ་བདག་ལ་ཕེབས་དགོས་ཞེས་ལྷ་སྤྲུལ་རིན་པོ་ཆེ་པདྨ་གར་དབང་བསྟན་འཛིན་(༡༨༥༢-༡༩༣༥)ལ་ཆབ་ཤོག་ཕུལ་བ་དང་། དུས་མཚུངས་སུ་མགར་ཀློང་གཏེར་ཆེན་(༡༨༥༧-༡༩༡༡)གྱིས་ཀྱང་ཁོང་རྒྱལ་མོ་ཚ་བ་རོང་གི་རྒྱ་ཁ་སྦོ་ཏོ་ཞེས་པར་རྨི་ལམ་སྤྲུལ་བསྒྱུར་གྱིས་བྱོན་ནས་གཟི་སྤྲུལ་གྱི་ཡང་སྲིད་འཁྲུལ་མེད་འཁྲུངས་ཡོད་པ་གཟིགས་ཏེ་ལྷ་སྤྲུལ་རིན་པོ་ཆེར་སྐུ་བདག་བྱེད་དུ་སོང་ཞེས་ཞུས་པ་ལྟར་ལྷ་སྤྲུལ་རིན་པོ་ཆེ་རྒྱལ་རོང་དུ་ཕེབས་ནས། ཁྱེའུ་དེ་ལ་གཟི་འགགས་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་གྱིས་ངག་དབང་ཀུན་དགའ་དཔལ་ལྡན་ཞེས་པའི་མཚན་གནང་ཞིང་སྐུ་བདག་མཛད། ཡང་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱི་དངོས་སློབ་ལྷ་རྗེ་གཙང་པ་གྲུབ་རྒན་བྱམས་པ་ཆོས་འཛིན་ (༡༨༣༠-༡༩༤༥ དགུང་ལོ་ ༡༡༥/༡༢༥/༨༠ ཡན་མན་སོགས་བཞུགས་ཚུལ་ལ་འདོད་པ་མི་འདྲ་བ་བྱུང་།) ལ་ལུང་བསྟན་བྱུང་བ་ལྟར་བདག་གི་བླ་མ་རྒྱ་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་ཡིན་ཞེས་གཟིགས་མཐོང་བླ་མེད་མཛད་དེ། རྒྱ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུའང་ངོས་འཛིན་མཛད་པས་གཟི་འགགས་དང་རྒྱ་སྤྲུལ་གཉིས་ཀའི་ཟུང་འཇུག་གི་སྤྲུལ་པར་གྲགས། གཞན་ཡང་སྐུ་ཐོག་གོང་མ་མཆོག་སྤྲུལ་གཉིས་པ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བ་མཆོག་དབུས་ཕྱོགས་ཀྱི་སྐྱེས་ཆེན་ཞིག་གིས་རི་བོ་དགེ་ལྡན་པའི་སྐྱེས་ཆེན་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་མཁས་གྲུབ་བསྟན་དར་བ་གཉིས་ཀའི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་དབུས་གཙང་སེ་རར་ཐོས་བསམ་ལ་ཕེབས་དགོས་པའི་བཀས་བསྐུལ་བ་བཞིན་དགུང་གྲངས་བཅུ་གཉིས་ཙམ་ནས་རི་བོ་དགེ་ལྡན་པའི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ཐོས་བསམ་མཛད། སྐུ་ཐོག་འདི་པས་ཀྱང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་བག་ཆགས་སད་པས་རི་བོ་དགེ་ལྡན་པའི་ཡིག་ཆ་ལ་ཐུགས་ངེས་དང་དགྱེས་ཚོར་གནང་སྟེ། ལེགས་བཤད་གསེར་ཕྲེང་དང་། འཇུག་འགྲེལ་དགོངས་པ་རབ་གསལ་གྱི་དཔེ་པོད་རྣམས་འབྲལ་མེད་དུ་འཆང་བར་མཛད་དོ། །དེ་བཞིན་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐྱེ་བ་བཞེས་པ་དག་དྲན་ཞེས་རྟ་བ་བླ་མ་འགྱུར་མེད་རྡོ་རྗེ་(༡༨༩༣-༡༩༧༢)ལ་གསུངས་ཚུལ་ཡང་མཆིས།

ཐོས་བསམ་མཛད་ཚུལ།

དགུང་ལོ་གསུམ་པར་དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་དུ་གདན་འདྲེན་ཞུས་ཏེ་ཁྲི་འདོན་མཛད། དགུང་ལོ་ལྔ་པར་རྗེ་མདོ་སྔགས་ཆོས་ཀྱི་ཉི་མ་(༡༨༥༤-༡༩༠༦)ལ་གཙུག་ཕུད་ཕུལ་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་བསླབ་ཁྲིམས་བཞེས་ཤིང་གནམ་ཆོས་དང་རཏྣའི་ཟབ་གཏེར་ཆ་ཚང་དང་། ཀརྨ་གླིང་པའི་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་མཐའ་དག་མནོས། དགུང་ལོ་དྲུག་པ་ས་ཕག་ལོའི་སོས་ཀ་ལ་སྡེ་དགེར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་སྐུ་མདུན་དུ་ལྷ་སྤྲུལ་རིན་པོ་ཆེས་ཁྲིད་དེ་མཇལ་ཁ་ཞུས། དེ་ནས་དཔལ་ཡུལ་མ་དགོན་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གསེར་ཁྲིར་མངའ་གསོལ་ནས་གདན་ས་དར་ཐང་དུ་ཕྱིར་ཕེབས། ཁང་ནང་བླ་མ་བཀྲ་ཤིས་ཕུན་ཚོགས་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བསླབས། དེ་ཡང་ཐོག་མར་ཡོངས་འཛིན་དམ་པས་ཀ་ཁ་ཞེས་བསླབས་པ་ག་ང་ཞེས་སྔོན་གོམས་ཀྱི་བག་ཆགས་སད་པས་ཡི་གེ་འབྲི་ཀློག་ཐམས་ཅད་ཚེགས་མེད་དུ་མཁྱེན། དགུང་ལོ་དགུ་པར་ཚེས་བཅུའི་དུས་མཆོད་ཆེན་མོའི་ཁྲི་འཛིན་མཛད་དེ་ཁྲོམ་ཚོགས་སྟོང་ཕྲག་མང་པོའི་དབུས་སུ་ཞི་ཁྲོའི་དབང་ཆེན་གནང་། གསོ་རིག་སྨྲ་བའི་མཁས་པའི་དབང་པོ་ཐུབ་དབང་ལས་རྩིས་དཀར་ནག་དང་སུམ་རྟགས་དག་གསུམ་དང་། རྒྱ་ར་འཇིགས་མེད་བློ་གྲོས་ལས་སྒྲ་དང༌། སྙན་ངག སྤྱོད་འཇུག སྡོམ་གསུམ་སོགས་དང་། ཡོངས་འཛིན་བཀྲ་ཤིས་ཕུན་ཚོགས་ལས་དཔལ་ཡུལ་རིང་ལུགས་ཀྱི་གར་ཐིག་དབྱངས་རོལ་དང་གཏོར་མའི་མཛུབ་ཁྲིད་སོགས་བརྒྱུད་པའི་ཕྱག་སྲོལ་མཐའ་དག་ལ་སྦྱང་པ་མཐར་ཕྱིན་མཛད། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་གཙུག་གི་ནོར་བུར་བསྙེན་ནས་དཔལ་ཡུལ་རང་རྐང་གནམ་ཆོས་སྔོན་རྩ་རྫོགས་གསུམ་དང་། ཕྱག་ཆེན་སོགས་གཏེར་ཆོས་ཀྱི་རྒྱུན་ཡོད་དོ་ཅོག་ལ་གསན་སྦྱང་མཐར་ཕྱིན་གནང་། དགུང་ལོ་བཅོ་ལྔ་པ་ལ་མགར་ཀློང་གཏེར་ཆེན་པདྨ་བདུད་འདུལ་དབང་ཕྱུག་གླིང་པས་ཁོང་གི་གཏེར་ཆོས་འཇམ་དཔལ་ཆོས་སྐོར་དང་ཟབ་གཏེར་སྙིང་ཐིག་སྐོར་གསུམ་གྱི་ཆོས་བདག་ཏུ་མངའ་གསོལ་ཏེ། གཏེར་གསར་ཆ་ཚང་གི་དབང་ལུང་མན་ངག་མཐའ་དག་གནང་ཞིང་། ཁོང་སྤྲུལ་བསྒྱུར་གྱིས་བྱོན་ནས་བསྐྲུན་པའི་སྲས་ཡིན་ཞེས་ཞལ་བཞེས་གནང་ནས་ནང་ཐུགས་ཀྱི་སྲས་མཆོག་ཏུ་དབང་བསྐུར། དེ་ནས་མཁས་གྲུབ་དབང་པོ་སྡེ་ཚོ་མཁན་པོ་བསོད་ནམས་དཔལ་ལྡན་གྱི་ཞབས་པད་བསྟེན་ཏེ་རབ་ཏུ་བྱུང་ཞིང་བཀའ་འགྱུར་ཆེན་མོའི་ལྗགས་ལུང་དང་། སྤྱོད་འཇུག སྡོམ་གསུམ། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ། འདུལ་བ་མདོ་རྩ། མཛོད། བྱམས་ཆོས་སྡེ་ལྔ་དང་། དབུ་མ་འཇུག་པའི་རྩ་འགྲེལ་སོགས་མདོ་སྔགས་ཀྱི་གཞུང་ལུགས་དུ་མར་གསན་སྦྱང་གནང་། ཉིན་ཞིག་འདུ་ཁང་གི་རྩིག་པ་ལ་སྐུ་རྒྱབ་བརྟེན་ཏེ་དཔེ་གཟིགས་གནང་བཞིན་ཡོད་པ་ལ་མི་དཀར་པོས་གོས་དཀར་གྱོན་པ་དབུ་སྐྲ་འཁྱིལ་ལེར་ཡོད་པ་ཤུབ་ཁྲ་བཏགས་པ་ཞིག་གིས་ཤེལ་གྱི་རལ་གྲིས་ཐུགས་ཀར་དྲག་བསྣུན་འགའ་བྱས་པའི་སྣང་བ་ཞིག་ཤར། དེ་ནས་བཟུང་མཁྱེན་རབ་ཀྱི་རྩལ་ཐོགས་མེད་དུ་རྒྱས་ཏེ་གཞུང་ལུགས་ཀུན་བསླབ་པ་ལ་མ་ལྟོས་པར་རང་ཤུགས་ཀྱིས་ཐུགས་སུ་ཆུད་དེ་མཁས་པའི་དབང་ཕྱུག་ཆེན་པོར་གྱུར། མི་དཀར་པོ་དེ་ནི་འཇམ་དབྱངས་དཀར་པོའི་ཞལ་གཟིགས་པ་ཡིན་པར་གྲགས། དགུང་གྲངས་ཉེར་གཉིས་པར་མ་ཧཱ་པཎྜི་ཏ་ཀ῝ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དྲུང་ནས་དཔལ་ལྡན་ཞི་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ནས་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་ཟླ་བ་བཤད་སྒྲུབ་འཕྲིན་ལས་རབ་བརྟན་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་གནང་། གཞན་ཡང་རྗེ་དེ་ཉིད་ལས། རྒྱ་ཆེན་སྤྱོད་པའི་སྲོལ་གྱི་བྱང་སྡོམ་དང་། སངས་རྒྱས་གླིང་པའི་ཟབ་གཏེར་དགོངས་འདུས་ཡོངས་རྫོགས་ཀྱི་སྨིན་གྲོལ་མཐའ་དག་གསན་བཞེས་གནང་།

དགུང་གྲངས་ཉེར་གསུམ་པ་ལ་དཔལ་ཡུལ་མ་དགོན་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ། གྲུབ་དབང་དཔལ་ཆེན་འདུས་པ་རྩལ་ (༡༨༨༧-༡༩༣༢)གྱི་ཞབས་ལ་བསྟེན་ནས་བགྲང་བྱ་ལྔ་ཙམ་ལ་ཕྱག་རྫོགས་ཀྱི་གདམས་ཁྲིད་ཆ་ཚང་དང་། སྙིང་ཐིག་སྙན་རྒྱུད་ཆེན་མོ། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་། བྱང་གཏེར་དགོངས་པ་ཟང་ཐལ། དགོངས་འདུས། འཇའ་ཚོན་སྙིང་པོའི་ཟབ་གཏེར་ཆ་ཚང་། བཀའ་བརྒྱད་མདོ་བྱང་ཆེན་མོ། ཁམས་ལུགས་མདོ་སྒྱུ་སོགས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་གསན་སྦྱང་མཐར་ཕྱིན་གནང་བས་ས་ལམ་གྱི་ཡོན་ཏན་ཐུགས་རྒྱུད་ལ་འཁྲུངས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་ཏེ་ངེས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་(༡༨༧༩-༡༩༢༢) ལས་མན་ངག་སྙན་བརྒྱུད་ཆེན་མོ། སྙིང་ཐིག་ཡ་བཞི་དང༌། འཇིགས་གླིང་དུམ་གཉིས། ལྕེ་བཙུན་སྙིང་ཐིག་སོགས་དབང་ལུང་མན་ངག་དུ་མ་དང་། རྡོ་གྲུབ་ཀླུ་ཤུལ་མཁན་པོ་དཀོན་མཆོག་མེ་ཏོག་གི་དྲུང་ནས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ། ལེགས་བཤད་གསེར་ཕྲེང་སོགས་དགེ་ལྡན་པའི་གཞུང་དང་། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་སོགས་རྙིང་མའི་གཞུང་། པཎ་ཆེན་ནཱ་རོ་པའི་རྣམ་སྤྲུལ་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ལས། གསང་འདུས། ཀྱེ་རྡོར། འཇིགས་བྱེད། ཀུན་རིག་སོགས་གསར་མའི་རྒྱུད་སྡེ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གསན་བཞེས་མཛད། འདི་འདྲའི་ས་མཐོན་པོ་ན་གནས་པའི་སྐྱེས་ཆེན་ཞིག་ལ་ང་རང་འཕྲད་མ་མྱོང་ཞེས་དབང་གནང་བ་ལ་ཐུགས་ཞེད་པོའི་རྣམ་པ་མཛད། གཙང་གྲུབ་རྒན་བྱམས་པ་ཆོས་འཛིན་གྱི་དྲུང་དུ། འོད་གསལ་རྫོགས་པ་ཆེན་པོའི་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དགུང་ལོ་སོ་བདུན་པའི་དུས་ཙམ་ལ་ཨ་སྐྱེས་གཏེར་ཆེན་ཨོ་རྒྱན་མཁའ་སྤྱོད་གླིང་པ་བླ་མར་བསྟེན་ནས་དེ་ཉིད་ཀྱི་གཏེར་གསར་ཆ་ཚང་གི་དབང་ལུང་གདམས་ཁྲིད་མ་ལུས་པ་གསན། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་བཤེས་གཉེན་དུ་མ་ལས་ཟབ་ཆོས་མན་ངག་མཐའ་ཡས་པ་གསན་སྦྱང་མཛད་དོ།།

གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཚུལ།

དེ་ལྟར་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ལ་ཐོས་བསམ་མཛད་པ་ཙམ་དུ་མ་བཞག་པར་བཀའ་གཏེར་གསར་རྙིང་ཀུན་ལ་བསྙེན་སྒྲུབ་ཉམས་བཞེས་ཚད་མེད་པ་མཛད་པས་གྲུབ་རྟགས་མངོན་དུ་གྱུར་པའི་སྐོར་ཅུང་ཟད་བརྗོད་ན། ཉིན་ཞིག་བསྙེན་སྒྲུབ་ཅིག་གི་སྐབས་སུ་ཟངས་མདོག་དཔལ་རིར་ཨོ་རྒྱན་རིན་པོ་ཆེ་དང་ཐུགས་ཡིད་རོ་གཅིག་ཏུ་འདྲེས་པའི་དག་སྣང་ཟླ་བ་བཞིའི་ཡུན་ལ་ཤར། མཉམ་མེད་ཨོ་རྒྱན་མའི་གསོལ་འདེབས་དེ་ཡང་དེ་དུས་བྲིས་པ་ཡིན་པར་གྲགས་ལ། རྡོ་རྗེ་ཕུར་པའི་ཚོམ་བུ་ཚོགས་སྒྲུབ་ཅིག་གི་སྐབས་སུ་ཡུལ་གསུམ་གྱད་དུ་གྱུར་པའི་བསྐྱེད་རིམ་དང་ལྡན་པའི་རྟགས་སུ་སློབ་མ་རྣམས་ཀྱི་དབུ་གསུམ་པ་དང་། ཁྲོ་བོའི་ཕྱག་མཚན་གྱི་རྣམ་པར་མཐོང་བ་དང་། ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་ཆེན་ཞིག་གི་སྐབས་སུ་འདུ་ཁང་དང་དགོན་པའི་ཐོ་ཕྱི་ཐམས་ཅད་འཇའ་འོད་སྣ་ཚོགས་ཀྱིས་གང་བ་སོགས་མཐུན་སྣང་དུ་གྲུབ་པའི་རྟགས་མཚན་བརྗོད་ལས་འདས་སོ། །རང་ལོ་བཅུ་དྲུག་དང་བཅུ་བདུན་གྱི་དུས་སུ་ཉི་རར་བཞུགས་ཏེ་ནམ་མཁར་གཟིགས་པ་ན་ཟངས་མདོག་དཔལ་རིའི་ཕྱི་ནང་གི་བཀོད་པ་ཐམས་ཅད་ཁྲ་ལམ་མེར་གསལ་ཡང་། ད་ལྟ་དཀོར་སྒྲིབ་ཀྱིས་སྣང་བ་དེ་མི་འདུག་ཅེས་གསོལ་དཔོན་ཚངས་སེམས་ལ་གསུངས། གཞན་ཡང་སྐྱེ་བ་སྔ་མ་དྲན་པ་དང་། ལྷ་ཆོས་སྐྱོང་འདྲེ་གདོན་སོགས་དམ་བཞག་བྲན་དུ་བཀོལ་བ་སོགས་ཀྱི་མཛད་པ་རྒྱ་ཆེ།

བཙུན་པའི་ཡོན་ཏན།

ཤིན་ཏུ་བཙུན་པའི་ཚུལ་ཡང་། སྡོམ་པ་གསུམ་གྱི་དགག་སྒྲུབ་ཀྱི་བསླབ་བྱ་མཐའ་དག་ཚུལ་བཞིན་དུ་ཐུགས་ཉམས་སུ་བཞེས་པས་ཉེས་ལྟུང་ཕྲ་མོ་ཙམ་གྱིས་ཀྱང་གོས་མ་མྱོང་བ་དང་། ཁྱད་པར་དུ་འདུལ་བ་ནས་བཤད་ཚོད་དང་མཐུན་པར་བླང་དོར་རྣམས་ཕྱག་ཐོག་ཏུ་བཀལ་ནས་སྨན་བཞི་བྱིན་ལེན་དང་བྱིན་རླབས་མཛད་པ་སོགས་ཀྱིས་མཚོན། ཐ་ན་བཞུགས་པའི་ཚེ་དང་བྱོན་བཞུད་གང་གི་སྐབས་ཡིན་ཡང་གཡས་གཡོན་སྐུ་རྒྱབ་རྣམས་སུ་སྐུ་གཡོ་བ་དང་སྤྱན་རྒྱང་རིང་པོར་གཟིགས་པ་དང་། ངག་གིས་ཅ་ཅོ་སོགས་ཡེ་མི་མཛད་པར་སྤྱན་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་གོམ་པ་དལ་བུས་བྱོན་པ་སོགས་སྤྱོད་ལམ་ཞི་དུལ་ཁོ་ན་གནང་བས། ཀུན་ཀྱིས་དཔལ་ཡུལ་མཆོག་སྤྲུལ་གསེར་སྐུ་ཇ་གསོལ་ཡིན་ཞེས་བསྔགས་པ་ཕུལ་བ་དང་། ཚོགས་ཆེན་སོགས་ཀྱི་སྐབས་སུ་བཞུགས་ཁྲི་ལས་ཞལ་གཡས་གཡོན་དང་རྒྱབ་ཏུ་གཟིགས་པའི་ཚེ། ཀུན་ཀྱིས་རིན་པོ་ཆེས་ཞལ་གཡས་གཡོན་དུ་གཟིགས་སོང་ཅི་འདྲ་བྱུང་བ་ཡིན་ནམ་ཞེས་ཧ་ལས་ལས་བྱེད་པ་སོགས་སྐུ་བཙུན་པའི་ཚད་དུ་འཇོག སྐུ་ལུས་ལ་ཚུལ་ཁྲིམས་ཀྱི་དྲི་ངད་བཟང་པོ་རྒྱུན་པར་འབྱུང་ཞིང༌། ཕྱིར་མི་ལྡོག་པའི་བྱང་སེམས་དབང་རྣོན་གྱི་རྟགས་སུ་སྐུ་ལུས་ལ་རྡུལ་གྱི་དྲི་མ་དང་ཤིག་དང་སྲིན་བུ་རྣམས་སྐུ་ཚེ་གང་པོར་བྱུང་མ་མྱོང་བ་ཉེ་གནས་སོགས་ཀུན་ལ་རླུང་ལྟར་དུ་གྲགས།

གདན་སར་འཁོད་ནས་འགྲོ་དོན་མཛད་ཚུལ།

དགུང་ལོ་དགུ་པ་ནས་དཔལ་ཡུལ་རི་ཆོས་རྣམ་གསུམ་གྱི་སྨིན་བྱེད་ལུང་དང་བཅས་པ་ལོ་རེ་བཞིན་དུ་རྒྱུན་པར་གནང་། དགུང་གྲངས་ཉེར་གཉིས་པར་རྒྱལ་རོང་ཁག་ལྔས་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང་སྟེ་ཤར་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཡོད་དོ་ཅོག་ལ་གྲྭ་པའི་ཞལ་གྲངས་བསྡུས་ཤིང༌། རང་ལུགས་ཀྱི་ཕྱག་སྲོལ་རྣམ་དག་གི་རྒྱུན་བཙུགས། གནམ་ཆོས། རཏ་གླིང་། འཇའ་ཚོན་རྣམས་ཀྱི་ཟབ་གཏེར་ཆ་ཚང་དང་། ཀར་གླིང་ཞི་ཁྲོའི་བསྐྱེད་རྫོགས་སོགས་ཀྱི་སྨིན་གྲོལ་མ་ལུས་པ་གནང་བ་དང་། དེ་ནས་ལྷོ་ཕྱོགས་དང་མགོ་ལོག་ཁག་གསུམ་རྣམས་སུ་ཆོས་བརྒྱུད་འཛིན་པའི་ཡུལ་གྲོང་དང་དགོན་པ་ཐམས་ཅད་ལ་ཆིབས་བསྒྱུར་གནང་སྟེ་གོང་སྨོས་ལྟར་བཀའ་ཆོས་དང་མང་འགྱེད་སོགས་གང་འཚམ་བསྩལ། དགུང་གྲངས་ཉེར་ལྔ་པ་ལ་དར་ཐང་དུ་དབྱར་གནས་ཚུགས་པའི་སྲོལ་གསར་དུ་བཙུགས་ཤིང༌། དགུང་གྲངས་སོ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་བྱི་བའི་ལོར་རྒྱལ་སྲས་པདྨ་རྣམ་རྒྱལ་སོགས་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་བྱེད་དབང་ཟླ་བ་དྲུག་ཏུ་གནང་།

དགུང་གྲངས་སོ་གཅིག་པ་ནས་ཤར་རྒྱལ་བ་དཔལ་ཡུལ་བའི་བུ་དགོན་དཔལ་ཡུལ་དར་ཐང་དགོན་གྱི་གདན་སའི་ཁྲི་ལ་མངའ་དབང་བསྒྱུར་ཏེ་རྒྱ་ཆེ་བའི་ཆོས་ཀྱི་མཛད་པ་དབུ་བཙུགས། དགུང་ལོ་སོ་ལྔ་པར་ལྷ་སྤྲུལ་ནང་ཆེན་དང་གསེར་ཁང་ཆེན་མོ། སྒྲུབ་གྲྭ་བཅས་རྟེན་དང་བརྟེན་པ་ཡོངས་རྫོགས་བསྐྱར་གསོ་དང་གསར་བཞེངས་རྒྱ་ཆེར་མཛད། སྐབས་དེར་གསུང་རྟེན་ལ་རིན་ཆེན་གཏེར་མཛོད། བཀའ་བསྟན་སོགས་པོད་གྲངས་མེད་བཞེངས། རི་ཁྲོད་ཐར་པ་རྩེར་གཟིམས་ཤག་ཕོ་བྲང་གསར་བཞེངས་མཛད་དེ་གདན་ས་དེར་སྤོས། དགུང་གྲངས་སོ་དྲུག་པར་སླར་ཡང་རྒྱལ་རོང་ནས་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང་སྟེ་ཅོག་ཙེ། སོ་མང་། གཟི་འགགས། རོང་བྲག ཁོ་དྲུང་། ཁྲོ་ཆུ་སྟོད་སྨད་རྣམས་སུ་ཟབ་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་གནང་ཞིང་། དགོན་སྡེ་ཉམས་པ་སླར་གསོ་དང་། མང་འགྱེད་དུ་མ་གནང་། རྒྱལ་པོ་དང་བློན་ཆེན་དུ་མས་བཀུར་བཟོ་ཚད་མེད་པས་ཟང་ཟིང་གི་དངོས་པོ་སྤོམ་ཆེན་ཕུལ། སླར་ཡང་དར་ཐང་དུ་གདན་འཇགས་གནང་སྟེ། ཚོགས་མང་ལ་མང་འགྱེད་དང༌། རྟེན་མཆོག་དུ་མ་གསར་བཞེངས་མཛད། དགུང་གྲངས་སོ་བདུན་པར་སྨར་རོང་སྙིག་མདའ་དཔོན་པོས་ཞུས་ངོར་སྨར་རོང་དགོན་དུ་རཏྣ་གླིང་པ་དང་གནམ་ཆོས་ཀྱི་ཟབ་གཏེར་ཡོངས་རྫོགས་ཀྱི་དབང་སོགས་བཀའ་ཆོས་མཐའ་ཡས་པ་གནང་བ་དང་། རང་དགོན་དཔལ་ཡུལ་དར་ཐང་གི་ཆོས་གྲྭ་ཆེན་པོར་སྔ་ཕྱིར་སྐུ་གསུམ་ཚོམ་བུ་ཚོགས་སྒྲུབ་ཀྱི་དབུར་བཞུགས་པ་ནས་བཟུང་གནམ་ཆོས་རཏ་གླིང་སོགས་རང་ལུགས་ཀྱི་སྨིན་གྲོལ་མན་ངག་དུ་མ་དང་། རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་དང༌། མདོ་སྔགས་ཀྱི་གཞུང་ཁྲིད་དུ་མའི་བཀའ་དྲིན་གནང་བ་སོགས་ཀྱིས་དགོན་སྡེ་ཡར་རྒྱས་གོང་འཕེལ་དུ་བཏང་སྟེ་ཀུན་ཀྱིས་དར་ཐང་ཆོས་སྡེ་ཞེས་བསྟོད་བསྔགས་དང་། སྨོན་ལམ་འདེབས་པའི་གནས་སུ་འགྱུར་བ་དང་། ཚུལ་འཆལ་དང་གྲོང་སྔགས་ཕལ་པ་རྣམས་ཚོགས་སུ་ཞུགས་པ་ལྟ་ཞོག་ཕྱོགས་ཙམ་ཉེ་མི་ཆོག་པ་དང་། བུད་མེད་གླིང་དུ་རྒྱུ་འགྲུལ་ཙམ་ཡང་མི་རུང་བ་དང་། བསྔོ་ཤ་དང༌། ཆང་སོགས་སྔགས་ཀྱི་ཚོགས་འཁོར་དུ་ཡང་ལོངས་སྤྱོད་མི་ཆོག་པ་སོགས་ཀྱི་བཅའ་ཁྲིམས་བཙུགས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་གཙོ་བོར་གྱུར་པའི་ཕྱག་བཞེས་རྣམ་དག་དང་ལྡན་པའི་རབ་བྱུང་འདུལ་བ་འཛིན་པའི་ཆོས་སྡེ་ཕྱི་གཙང་ནང་གཙང་དུ་བསྒྱུར་བར་མཛད། མ་དགོན་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕྱག་ཕྲེང་གིས་རྟེན་གསུམ་ལ་གནོད་ཚེ་བྱུང་བ་རྣམས་སླར་གསོས་ཤིང་། དགུང་གྲངས་ཞེ་གསུམ་པར་སླར་ཡང་རྒྱལ་རོང༌སྟོད་སྨད་དང་། རྡོ་ཁོག གསེར་ཐལ། སྙི་ཁོག ཧོར་ཁོག ལི་གཙང་རྣམས་སུ་བྱོན་ནས། གྲྭ་པའི་ཞལ་གྲངས་བསྡུས་པ་དང༌། རབ་བྱུང་བསྙེན་རྫོགས་དང་། གནམ་ཆོས། རཏ་གླིང་། འཇའ་ཚོན། དགོངས་འདུས་སོགས་ཀྱི་དབང་ལུང་དང༌། ཆོས་ཁྲིད་མཐའ་ཡས་པ་དང་། ཕྱག་འགྱེད་དང་དགོན་སྡེ་ཉམས་པ་སླར་གསོ་བཅས་གང་ལ་གང་དགོས་ཀྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་པས། གྲྭ་པ་སྟོང་ཕྲག་བརྒྱད་ཀྱིས་གྲྭ་འབུལ་དང་། ཟང་ཟིང་གི་འབུལ་བ་དཔག་ཏུ་མེད་པ་བྱུང་། དར་ཐང་དུ་བཤད་གྲྭ་མདོ་རྒྱུད་ཐོས་བསམ་གླིང་གསར་འཛུགས་མཛད་དེ་མཐུན་རྐྱེན་མ་ཚང་བ་མེད་པ་སྦྱར། རྗེ་ཉིད་ནས་དགོན་པ་བྱིངས་ལ་ཆོས་སྲིད་གཉིས་ཀྱི་གཟིགས་སྐྱོང་གནང་དགོས་པས་གདོང་ངེ་མཁན་ཆེན་འཆད་ཉན་གྱི་སློབ་དཔོན་དུ་མངའ་གསོལ། རྒྱལ་བསྟན་ཡུན་དུ་གནས་པ་དང་འཆད་ཉན་འཕེལ་བའི་ཕྱིར་དུ། མཚན་བརྗོད་དུང་འཁོར་ཆེན་མོ་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་རྡོ་འབུམ་རྣམས་ལེགས་བཞེངས་མཛད།

པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་(༡༨༨༣-༡༩༣༧)དང་ཐུན་མིན་གྱི་འབྲེལ་བ།

དགུང་གྲངས་ཞེ་བཞི་པ་མེ་མོ་གླང་གི་ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་རྒྱ་ནག་ནས་ཡར་ཕེབས་ལམ་དུ་མཆོག་སྤྲུལ་རིན་པོ་ཆེ་ཆེད་ཕེབས་ཀྱིས་མཇལ་ཁ་ཞུས། ཕན་ཚུན་ཐུགས་དགྱེས་དགྱེས་མཛད་ཅིང་། མེར་གན་མཁན་པོའི་གོ་མིང་དང༌། གསེར་ཡིག གསེར་ཐམ། སོག་ཆས་ཀྱི་ལྭ་བ་འབྲུག་རིས་སྒོ་བཞི་ཚལ་གྱི་ཕྱག་ཐམ་ཅན་དང་། ཆབ་མདོ་ཡན་ནས་འུ་ལག་གི་རྟ་ཁལ་གྱིས་བསུ་དགོས་པའི་བཀའ་ཤོག་བཅས་གནང་སྟེ་བཀུར་བཟོ་ཚད་མེད་མཛད། པཎ་ཆེན་རིན་པོ་ཆེས་དུས་འཁོར་ལྷན་སྐྱེས་ཀྱི་དབང་གནང་བ་གསན་ཅིང་། ཕེབས་ཁར་གསེར་དངུལ་སོགས་ཀྱི་འབུལ་བ་དཔག་མེད་ཕུལ་བས། པཎ་ཆེན་རིན་པོ་ཆེའི་ཞལ་ནས། དེང་སང་རང་རང་གི་གྲུབ་མཐའ་ལ་མཁས་ཚུལ་དང་ཐུགས་བསྐྱེད་མཛད་མཁན་མང་པོ་འདུག་ན་ཡང་། ཁྱེད་ལྟ་བུའི་གྲུབ་མཐའ་རིས་མེད་ལ་མཁས་ཤིང་ཐུགས་བསྐྱེད་གནང་མཁན་ཉིན་སྐར་ཙམ་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། པཎ་ཆེན་རིན་པོ་ཆེས་ཁྱེད་ཀྱིས་སྐུ་ཚེ་གང་པོར་སྐུ་ལུས་ལ་འཆང་བའི་བྱིན་རྟེན་ཞིག་གནང་དགོས་ཞུས་པ་ལྟར་སྐུ་ཚེ་གང་པོར་འཆང་བའི་ཕྱག་དྲིལ་དེ་ཁོང་ལ་ཕུལ། ཕྱག་མཛོད་ཆེན་མོས་ཀྱང་དེ་ལྟར་གསུངས་བྱུང་བས། སྐུ་ཚེར་འཆང་བའི་ཏིང་ཤགས་ཤིག་ཡོད་པ་དེ་ཕུལ། དེ་ནས་སྐུ་སོ་སོར་འབྲལ་སྐབས་ཀྱང་པཎ་ཆེན་རིན་པོ་ཆེས་འབྲལ་མི་ཕོད་པའི་རྣམ་པའི་སྒོ་ནས་དབུ་ཐོད་གཏུགས་ཏེ་སྐྱེ་ཀུན་འབྲལ་བ་མེད་པའི་ཐུགས་སྨོན་གནང་བ་ཡིན་ནོ།།

སྐུ་ཚེ་སྨད་ཀྱི་མཛད་ཕྲིན།

ལྕགས་ཕོ་འབྲུག་གི་ལོར་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ། ཀ῝ཐོག་མཁན་ལེགས་བཤད་འབྱོར་ལྡན་ལས། མདོ་དབང་སྦྲང་རྩིའི་ཆུ་རྒྱུན་སོགས་དབང་དང་ཆོས་ཁྲིད་དུ་མ་གསན། དགོན་དེར་ཟབ་ཆོས་མན་ངག་མང་པོ་གནང་། ལྕགས་སྦྲུལ་ལོར་གོ་འཇོ་དང་རིམ་པས་དབུས་གཙང་གི་རྡོར་སྨིན་རྣམ་གཉིས་གཙོས་རིས་སུ་མ་ཆད་པའི་དགོན་སྡེ་དང་ས་གནས་རྣམས་སུ་ཞབས་ཀྱིས་བཅགས་ཏེ་གནས་མཇལ་དང་མང་འགྱེད་སོགས་གནང་། བོད་སྡེ་པ་གཞུང་དང་སེ་ར་དགོན་ནས་སེ་ར་མཁན་པོའི་གོ་མིང་དང་འཇའ་ས་ཕུལ། དཔལ་གྱི་བསམ་ཡས་སུ་བྱོན་སྐབས་དཀོར་མཛོད་གླིང་ནས་གནོད་སྦྱིན་ཙིའུ་དམར་པོའི་ཞལ་མངོན་སུམ་དུ་བསྟན་ནས། ཁོང་གི་སློབ་རྒྱུད་དང་བསྟན་པ་ཚུལ་བཞིན་བསྲུང་བར་ཁས་བླངས་ཤིང་དམ་བཅའ་ཕུལ། དེ་ནས་བཟུང་དར་ཐང་དགོན་གྱི་སྲུང་མའི་གཙོ་བོ་དབང་དྲག་ཙིའུ་དམར་པོ་ལ་བྱེད་དོ། །ཆུ་ལུག་ལོར་དཔལ་ཡུལ་མ་དགོན་དུ་ཕེབས་ཏེ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་གཙོས་འཁོར་འདུས་པ་སུམ་བརྒྱ་ལྷག་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཟླ་བ་བཞིའི་རིང་གནང་ཞིང་། བརྡ་གོ་རི་ཁྲོད་དུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དང་རྫོང་ནང་རིན་པོ་ཆེ་འཇམ་དཔལ་བློ་གྲོས་སོགས་ལ་གནམ་ཆོས་སྔོན་འགྲོའི་ཁྲིད་དང་། མཆོག་སྤྲུལ་རྣམ་གཉིས་དང་ཀ῝ཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་སོགས་འཁོར་འདུས་པ་ཁ་ཤས་ལ་རིན་ཆེན་གཏེར་མཛོད་བཀའ་རྒྱའི་སྐོར་དང་། གཉོས་སྟོན་ཡིག་ཆ་ལྟར་གྱི་བཀའ་མའི་སྨན་བླའི་དབང་སོགས་ཟབ་ཆོས་དུ་མ་གནང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་རྒྱལ་དབང་དཔལ་ཡུལ་བའི་བསྟན་པའི་བདག་པོར་མངའ་གསོལ། ཤིང་ཕོ་སྤྲེལ་གྱི་ལོར་དཔལ་ཡུལ་དར་ཐང་དུ་ཞབས་སོར་བཀོད་ནས། ཁྱབ་བདག་བླ་མ་གྲུབ་དབང་རིན་པོ་ཆེ་དང་། རྫོང་ནང༌སྤྲུལ་སྐུ་སོགས་ལ་གནམ་ཆོས་དང་རཏ་གླིང་དབང་ལུང་དང་། རྫོགས་ཆེན་སངས་རྒྱས་ལག་འཆང་གི་ཟབ་ཁྲིད། ཕྱག་ཆེན་གྱི་ཁྲིད་སོགས་ཟབ་ཆོས་མན་ངག་མཐའ་དག་གནང་ཞིང་། སྔ་གཞུག་རྣམས་སུ་རྟ་ཤེལ་སྤྲུལ་སྐུ་འཇིགས་མེད་དབང་པོ་དང་། དར་ཐང་དགོན་པའི་ཆགས་མེད་ཡང་སྲིད་དང་། སྦ་རོད་སྤྲུལ་སྐུ། སྤྲུལ་པའི་སྐུ་མཆོག་ཐུབ་བསྟན་གར་དབང་ཉིན་བྱེད་སོགས་དམ་པའི་སྐྱེ་སྤྲུལ་དུ་མ་ངོས་འཛིན་གནང་ནས་བསྟན་པའི་བདག་པོར་མངའ་གསོལ།

གསུང་རྩོམ་ཇི་བཞུགས།

གཞན་ཡང་དམ་པ་འདི་ཉིད་ཀྱི་ལེགས་པར་བཤད་པ་རྩོམ་གྱི་སྐོར་ལ་ཡང་། རང་ལུགས་ཀྱི་ཕྱག་རྫོགས་ཁྲིད་ཀྱི་ཟིན་བྲིས་པོད་གཅིག་དང༌། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཁོག་དང་། ཕུར་པ་རྡོ་རྗེ་གཞོན་ནུའི་ལས་བྱང་སོགས་ཡི་དམ་གྱི་སྒྲུབ་ཐབས་སྐོར་དང༌། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གཏོར་ཆོག་དབང་གི་ཞགས་པ་སོགས་ཆོས་སྐྱོང་གི་སྐོར་རྣམས་པོད་གཅིག་དང་། སྨོན་ལམ་དང་གསུང་མགུར་གྱི་སྐོར་སོགས་གསུང་འབུམ་པོད་གསུམ་ཙམ་རྗེས་འཇུག་གདུལ་བྱའི་གསོས་སུ་འཇོག་གནང་མཛད་ཡོད། ད་ཡོད་གསུང་རྩོམ་རྣམས་དུས་ཕྱིས་སྤྱི་ལོ་ ༢༠༠༩ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་མགོ་ལོག་དཔེ་རྙིང་དཔེ་ཚོགས་ཀྱི་ཁོངས་སུ་«དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་འབུམ་ལེགས་བཤད་ནོར་བུའི་བུམ་བཟང་།»ཞེས་པའི་མཚན་བྱང་ཐོག་དཔར་སྐྲུན་ཞུས་ཡོད་པ་བཅས་སོ། །གྲུབ་དབང་དཔལ་ཆེན་འདུས་པ་ལས་ཕྱག་རྫོགས་ཀྱི་གདམས་ཁྲིད་ཆ་ཚང་དང་སྙིང་ཐིག་སྙན་བརྒྱུད་ཆེན་མོ་སོགས་གསན་སྦྱང་གནང་སྐབས་རང་ལུགས་ཕྱག་རྫོགས་ཀྱི་གདམས་ཁྲིད་ཐུན་མོང་མ་ཡིན་པའི་གནད་དང་། བླ་མའི་མན་ངག་སོགས་ཀྱིས་བརྒྱན་པའི་རེག་ཟིན་ལྡེབ་གྲངས་བརྒྱ་ཕྲག་བཞི་ལ་ཉེ་བ་ཞིག་ཕྱག་རྩོམ་གནང་བ་དུས་ཕྱིས་བར་དུ་གསེར་ཐར་ཧོར་ཤུལ་དགོན་དུ་དཔེ་གཅིག་ཡོད་པར་ཐོས་པ་ལས་དུས་འགྱུར་གྱི་དབང་གིས་མི་སྣང་བར་གྱུར་ཏོ།།

སློབ་མའི་ཚོགས་ཇི་བྱུང་།

དམ་པ་འདི་ཉིད་ལ་ཐུགས་སྲས་སློབ་མའི་ཚོགས་ཀྱང་གཞན་ཕན་གྱི་མཛད་པ་རྒྱ་ཆེ་བའི་མཁས་གྲུབ་གྲངས་ལས་འདས་པ་བྱོན་པ་ལས་གཙོ་བོ་བླ་སློབ་གཉིས་ཀ་ཡིན་པ་ཀ῝ཐོག་མཁན་ཆེན་ལེགས་བཤད་འབྱོར་ལྡན། ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ། གཏེར་སྲས་རྡོ་རྗེ་དགྲ་འདུལ་རྣམས་དང་། ཞལ་སློབ་ཀྱི་གཙོ་བོ་ཡང༌། སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་གྲུབ་དབང་པདྨ་ནོར་བུ། རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། སྐུ་ཆེན་རིན་པོ་ཆེ་ཀརྨ་ཐེག་མཆོག་སྙིང་པོ། དཔལ་ཡུལ་རྫོང་ནང་རིན་པོ་ཆེ་འཇམ་དཔལ་བློ་གྲོས། གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་། དཔལ་ཡུལ་ལྷ་སྤྲུལ་ཐུབ་བསྟན་གར་དབང་ཉིན་བྱེད་སོགས་ཡིན་ནོ།།

ཞིང་ལ་ཕེབས་པའི་ཚུལ།

དེ་ནས་བོད་ལ་རྒྱ་ནག་དམར་པོའི་བཙན་འཛུལ་གྱིས་དུས་ངན་སྙིགས་མ་ཤར་བའི་ཚེ། དགུང་གྲངས་རེ་ལྔ་པ་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་ ༡༩༥༨ ལོར་མགོ་ལོག་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོར་རྒྱ་མིའི་བཙོན་ཁང་དུ་བཙན་ཁྲིད་བྱས་པས་དེ་གར་གདོང་ངེ་མཁན་པོ་འཇིགས་མེད་དཀོན་མཆོག་གིས་བརྟན་བཞུགས་ཀྱི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས་བཞུགས་པའི་བསྐལ་བ་མ་ལྡན་ཚེ་ཞིང་ཁམས་སུ་ཐུགས་དགོངས་གཏད་རན་ལ་བསྟན་པའི་རྫོགས་ལྡན་སླར་དར་ཚེ་ཡང་སྤྲུལ་འབྱོན་དགོས་པའི་གསོལ་འདེབས་ཞུས་པ་ཞལ་བཞེས་གནང༌སྟེ། ལོ་དེའི་ཧོར་ཟླ་དགུ་པའི་དམར་ཕྱོགས་རྫོགས་པ་གཉིས་པ་མཁའ་འགྲོ་འདུ་བའི་དུས་བཟང་ལ་སྐུ་ལ་སྙུན་ཟུག་ཅི་ཡང་མེད་པར་ཞིང་ལ་ཕེབས། ཡང་ཞིང་ལ་ཕེབས་པའི་སྐོར་གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེས་མཛད་པའི་དཔལ་ཡུལ་གདན་རབས་ལས་གསུངས་པ་ལྟར་ན། རྒྱ་དམར་སླེབས་སྐབས་ཉིན་ཞིག་ལ་བླ་སྤྲུལ་བརྒྱ་ཕྲག་ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ལ་རྗེ་འདི་པས་མང་པོ་ཞིག་ལ་ཞིང་ཁམས་གཞན་དུ་ཐུགས་གཏད་ན་ལེགས་ཚུལ་གསུངས་ཤིང་། སྤྲུལ་སྐུ་ལྷང་པོ་སོགས་འགའ་ཞིག་ལ་ཞིང་གཞན་དུ་མ་ཕེབས་པར་བཞུགས་དགོས་ཚུལ་བཀའ་བསྩལ། དེ་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ཏེ། དབུ་ནས། བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་པའི་མཚམས་ལ་སླེབས་པ་དང་དགོངས་པ་ཆོས་དབྱིངས་སུ་འཐིམ་ཞིང་། དེའི་རྗེས་ཉིན་ཤས་རིང་ལ་བླ་སྤྲུལ་མཁན་གསུམ་བསྡོམས་བརྒྱད་ཅུ་ཙམ་ཞིང་གཞན་དུ་གཤེགས་པར་གྲགས་སོ། །བཙོན་ཁང་དུ་འོད་སྣ་ཚོགས་ཀྱི་ལྟས་དང་བཅས་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་ཏེ་མཚན་དཔེའི་ཉི་མ་ནུབ་པའི་ཚུལ་བསྟན་ཏོ།།

ཁུངས་གཏུགས་སའི་ཡིག་ཆ།

«དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་འབུམ་ལེགས་བཤད་ནོར་བུའི་བུམ་བཟང་།» སྤྱི་ལོ་ ༢༠༠༩ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་མགོ་ལོག་དཔེ་རྙིང་དཔེ་ཚོགས་ཀྱི་ཁོངས་སུ་དཔར་དུ་བསྐྲུན། གསུང་འབུམ་གྱི་ཐོག་མར་རྗེས་དཀར་བ་ཨོ་ཌི་ཡ་ན་པ་བིརྱའམ་དགེ་སྦྱོང་ཐུབ་བསྟན་ཕྲིན་ལས་བཟང་པོས་མཛད་པའི་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་བཞུགས།

«དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་པདྨ་དཀར་པོའི་དོ་ཤལ།»མུ་པོས་ཕྱི་ལོ་ ༢༠༠༢ ལོར་བརྩམས།

«རྒྱལ་དབང་དཔལ་ཡུལ་བའི་གདན་རབས་ངོ་མཚར་འཆི་མེད་ཡོངས་འདུས་ལྗོན་པའི་ཕྲེང་བ།» རྨུགས་སངས་མཁན་པོ་འཇམ་དཔལ་བཟང་པོས་མཛད།

«རྒྱལ་དབང་དཔལ་ཡུལ་བའི་ལོ་རྒྱུས་མདོར་བསྡུས་ཡོངས་འདུས་ལྗོན་བཟང་ནོར་བུའི་དོ་ཤལ།» དཔལ་ཡུལ་གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་གིས་བརྩམས།

«མགོ་ལོག་སྨན་རྩིས་རིག་པའི་ལོ་རྒྱུས་ནོར་བུའི་རླབས་ཕྲེང་།»ཨ་བུ་དཀར་ལོ་དང་དུང་གཅེས། ཚེ་རིང་བཅས་ཀྱིས་སྒྲིག་རྩོམ་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༠ ལོར་དཔར། དཔེ་ཆ་དེའི་ནང་དུ་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་གང་ཙམ་བཞུགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།