གབ་ལན་ཕྲུ་གུའི་རྣ་རྒྱན།

«སྤྱི་ལོ་ ༢༠༢༡ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་གབ་ལན།»


ལོ་རིམ་གཉིས་པའི་སློབ་གཉེར་བ། དཀོན་མཆོག་ཚེ་རིང་།

བཙུན་པ་ཕྱོགས་མཐར་འགྲིམས་ཀྱང་མཛད་ཕྲིན་ཅི།།
སྔགས་པ་གཅིག་ཏུ་འདུག་སྟེ་སྲ་སྙི་སོགས།།
ཅི་ཞིག་ཕྲད་ཀྱང་ཐམས་ཅད་སྤྱོད་མཁན་དེ།།
མཛད་ཕྲིན་ཆེ་བའི་སུམ་ཅུའི་སོ་ཚོགས་ཡིན།།

མ་བཅོས་ཤིན་ཏུ་མཁྲེགས་པའི་བྲག་རིའི་སྟེང་།།
མི་དགོས་ཇི་ཙམ་གཏུབས་ཀྱང་དེ་ཙམ་དུ།།
མ་བཏབ་སྐྱེས་བའི་ལྷག་བསམ་ཅན་དེ་ནི།།
འུ་ཅག་རབ་བྱུང་རྣམས་ཀྱི་དབུ་སྐྲ་རེད།།

ནེའུ་གསེང་ཐ་གྲུ་ཡངས་པའི་དབུས་ཕྱོགས་སུ།།
རྭ་མེད་གཡག་རྒོད་འགྱིང་ཉམས་སྟོན་བཞིན་པ།།
མགོ་བོས་རྡུང་ཐེངས་རེ་ལ་ངུར་སྒྲས་བཀང་།།
དེ་ལ་རྔ་ལྕག་ཅེས་པའི་ཐ་སྙད་འབོད།།

རྒྱུག་རྩལ་ཆེ་བའི་བྱིས་པ་སྤུན་གསུམ་ནི།།
ལེ་ལོས་བཟི་བའི་བདག་འདྲའི་གང་ཟག་ལ།།
དུས་ཀྱི་རྨོངས་གཉིད་སེལ་མཁན་ལྕག་ཚན་དེ།།
རིམ་པར་ཁྲིད་ནས་རྒྱུ་བ་ཆུ་ཚོད་དོ།།

སྤུ་གྲི་བཞིན་དུ་སོ་ཁ་མེད་ན་ཡང་།།
ཕ་རོལ་སེམས་དེ་དུམ་བུར་ཁྱོད་ཀྱིས་གཏོང་།།
ཀུན་ལ་མངའ་བའི་ལག་ཆ་ངར་མ་སྟེ།།
འཕེན་བདེའི་ཚིག་རྩུབ་ཅེས་པ་དེ་ཅིས་མིན།།

འཕགས་ཡུལ་ཚ་བས་གཟིར་སྟངས་ལ་གཞིགས་ན།།
གངས་ལྗོངས་གྲང་ངར་ཧ་ཅང་ལྷག་ཏུ་དྲན།།
ཚ་གདུང་སེལ་ཞིང་སེམས་ཁམས་བདེ་བར་བྱེད།།
འཚོ་བྱེད་རླུང་ཁྱོད་མཐུ་སྟོབས་ལོས་ཀྱང་ཆེ།།

ཧ་ཅང་གཟར་པོའི་སྤང་རིའི་རྒྱབ་མདུན་དུ།།
ལུ་གུ་གཉིས་པོ་རེ་རེར་ནམ་ཡང་རྒྱུག།
ཅིའི་ཕྱིར་གང་རྗེས་སྙེག་ཡིན་མ་ངེས་ཏེ།།
ཕྲན་ཙམ་ཐུག་ལོང་མེད་དེར་ཌ་རུ་ཟེར།།

ཉིད་ཀྱི་དམིགས་ཡུལ་བསྟར་ཡང་མ་འགྲུབ་མོད།།
གཞན་གྱི་འདོད་དོན་སྐོང་བའི་ནུས་མཐུ་ཅན།།
གཞན་དོན་ལྷུར་ལེན་ངང་ནས་ཚེ་ཟད་པ།།
འཕགས་སྤྲུལ་དེ་ཡི་མིང་ལ་དར་ཅོག་ཟེར།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།