གབ་ཚིག་ཕྲུ་གུའི་རྩེད་འཇོ།

ལོ་རིམ་བདུན་པའི་སློབ་གཉེར་བ། ཚུལ་ཁྲིམས་རྒྱ་མཚོ།

དགེ་སྡིག་དབྱེ་བ་འབྱེད་པའི་ནུས་ལྡན་པོ།།
དཀར་ནག་ལས་འབྲས་བསགས་པའི་སྣོད་ཆེན་པོ།།
དབྱིབས་དང་ཁ་དོག་བྲལ་བའི་མྱུར་མགྱོགས་ཅན།།
འགྲོ་བའི་རིགས་ལ་དབང་བསྒྱུར་བྱེད་དེ་གང་།།

མ་ངེས་སྒྱུ་མའི་རོལ་གར་ལོངས་སུ་སྤྱོད།།
སེམས་ཀྱི་ངོགས་སུ་ཚོར་བའི་རི་མོ་འབྲི།།
སྡང་བའི་གཟུགས་དང་དགའ་བའི་རྣམ་འགྱུར་ཀུན།།
ཅིར་ཡང་འབྱིན་པའི་གཟི་ཡི་དབྱིབས་དེ་གང་།།

དབུ་ལ་རྨ་བྱ་སྔོན་མོའི་སྒྲོ་མདངས་ཅན།།
མགྲིན་པར་དར་ཚོན་སྣ་ལྔའི་མགུལ་རྒྱན་འཆིང་།།
ལྟོ་བར་བདུད་རྩི་གཙང་མའི་རྒྱ་མཚོ་འཁྱིལ།།
སྒྲིབ་གཉིས་ནད་སེལ་འགྲོ་བའི་གཙུག་རྒྱན་གང་།།

ཕ་རུས་གཙང་མའི་སྲིང་མོ་ཆུང་མར་བསུས།།
རྒྱལ་སྲིད་ཆབ་དཔལ་ཐལ་རྡུལ་འོབས་སུ་དོར།།
ནག་སྣུམ་སྐྲ་ལོ་མཚོན་གྱི་སོ་ཁར་དྲངས།།
ཆོས་བརྒྱད་རྩ་བཞིན་བོར་བའི་མདོ་མེད་སུ།།

ཕ་ཆོས་དགྲ་ལ་ཤོར་བའི་ཞེ་འཁོན་གྱིས།།
ཕུ་ནུའི་གཅེས་སྲོག་གཤིན་རྗེའི་ཡུལ་དུ་བརྫངས།།
འབྱོར་མེད་མི་ཚེ་བྲག་སྐྱིབས་ཕུགས་སུ་ཡལ།།
འདི་སྣང་སྒྱུ་མར་འཕྲུལ་བའི་སྨྱོན་པ་སུ།།

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་རྣམས་ཀྱི་མཚན་སྤྱི་ལོ་ ༢༠༢༢ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་ཕྱི་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༢༢ བོད་ཟླ་ ༠༨ ཚེས་ ༡༥ ལས་མ་འགྱངས་བར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོད་པར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།